༄༅།།གངས་ཅན་སྐྱེས་མའི་དྲ་བའི་གནས་ཚུལ་རགས་ཙམ་བཀོད་པ།
 
༄༅།།གངས་ཅན་སྐྱེས་མའི་དྲ་བའི་གནས་ཚུལ།
སྤེལ་དུས། 2008-06-30    ཡོང་ཁུངས་།    རྩོམ་པ་པོ། རྡེའུ་དཀར་ནག་ནས།

  སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བསྟུན་ནས་མིའི་རིགས་ཀྱི་བསམ་བློ་དང་འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་ཀྱང་འགྱུར་བ་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད་པ་ནི་སུས་ཀྱང་བསྙོན་དུ་མེད་པ་ཞིག་རེད། ཡིན་ནའང་བོད་རིགས་བུད་མེད་རྣམས་ནི་ད་དུང་ཉམས་ཞེན་དང་བག་འཁུམ་གྱི་མུན་པའི་ཁྲོད་ན་རྟོགས་སད་ཀྱི་མགོ་བོ་ཡར་ལ་དགྱེས་མ་ཐུབ་པར་ནམ་ཡང་གུས་གུས་ཞུམ་ཞུམ་དང་། མགོ་བོ་སྒུར་སྒུར། ཉམ་ཆུང་ཆུང་ཞིག་གི་ཁྲོད་ན་བླུན་པོ་དང་ལྐུགས་པ་ཞིག་གི་ངང་ཚུལ་བཟུང་ནས་ཉི་མ་འཁྱོལ་ཐབས་བྱེད་བཞིན་ཡོད་པ་འདི་ནི་ཇི་འདྲའི་ཡིད་སེམས་ཕངས་པའི་གནས་ཤིག་རེད་ཨང་།

   དེང་རབས་བོད་ཀྱི་བུད་མེད་ཤེས་ཡོན་ཅན་སྐོར་ཞིག་གིས་ཀྱང་བོད་ཀྱི་བུད་མེད་རྣམས་ཀྱི་བསམ་བློའི་སད་རྟོགས་འབྱུང་བའི་ཐད་ནས་འབད་བརྩོན་བྱེད་བཞིན་ཡོད་ལ། དེ་ལས་ཀྱང་དེའི་ཕྱོགས་སུ་ནུས་པ་བླ་ལྷག་ཏུ་འདོན་མཁན་དང་ཤ་ཐག་རུས་ཐག་བྱེད་བཞིན་པ་ནི། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་དང་དེང་རབས་བོད་ཀྱི་བུད་མེད་སྙན་ངག་པ་གྲགས་ཅན་དཔལ་མོ་ལགས་རེད། ཁོ་མོས་བོད་རིགས་བུད་མེད་རྣམས་ཀྱི་ཡིད་སྐྱོ་བའི་ལས་དབང་འདི་དག་སེམས་ནས་མ་བཟོད་པའམ་ཡང་ན་བུད་མེད་རྣམས་ཀྱི་རྩོམ་འབྲིའི་ནུས་པ་སྐྱེད་བསྲིང་བྱེད་ཆེད་དུ། ཁོ་མོས་ཐོག་མར་རང་སྟེང་ནས་མ་དངུལ་བཏང་ནས་གངས་ཅན་སྐྱེས་མའི་ཚགས་པར་ཞེས་པ་ཞིག་བསྒྲུབས་པ་དེ་ད་ལྟ་ཡང་མ་ཉམས་པར་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་ཁྲི་མ་འབུམ་གྱི་མིག་ལམ་དུ་བཀྲམས་ཡོད་ལ། ཚགས་པར་དེར་ཀློག་པ་པོ་མང་པོ་ཞིག་གི་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད་པ་རེད། ཁོ་མོས་མི་རིགས་སྤྱི་དང་ནང་སྒོས་སུ་བོད་རིགས་བུད་མེད་རྣམས་ཀྱི་ཡ་ང་བའི་འགྲོ་འདུག་སྤྱོད་གསུམ་དང་། སད་རྟོགས་བྱུང་མེད་པའི་བསམ་བློར་བློ་འབྱེད་ཀྱི་ལྡེ་མིག་ཅིག་འཚོལ་དང་འཚོལ་བཞིན་པའི་ལྷག་བསམ་ལ་ང་ཚོས་སེམས་གཏིང་ནས་ཡི་རང་དང་གོང་བཀུར་མི་བྱེད་ཐབས་མེད་རེད།

  དྲ་བ་ནི་དེང་སྐབས་རྒྱུགས་ཆེ་བའི་འབྲེལ་འདྲིས་ཀྱི་ཡོད་བྱད་ཤིན་ཏུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པའི་སྟབས་ཀྱིས། ཐེངས་འདིར་ཡང་ཁོ་མོས་བོད་ཆོལ་ཁ་གསུམ་ནས་བསྡུས་པའི་དམངས་སྲོལ་དང་། རྩོམ་རིག སྒྱུ་རྩལ། གསོ་རིག ལོ་རྒྱུས། ད་དུང་འདྲ་པར་སོགས་ཀྱི་རྒྱུ་ཆ་སྣ་ཚོགས་པ་ཞིག་ང་ཚོར་མཁོ་འདོན་བྱས་པ་བཞིན་ང་ཚོས་ཀྱང་དེ་བཞིན་དུ་ཁོ་མོའི་བསམ་དོན་ལྟར་ད་གཟོད་བོད་ཀྱི【གངས་ཅན་སྐྱེས་མའི་དྲ་བ】ཐོག་མ་འདི་ལེགས་འགྲུབ་བྱུང་བ་ལགས་ན། རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་ཀྱང་འདིའི་ཕྱོགས་སུ་སེམས་འཁུར་དང་དགོངས་འཆར་ལྷུག་བསྩོལ་གནང་རྒྱུ་བཅས་ནི་ཤིན་ཏུ་གལ་ཆེ། རྒྱུ་མཚན་ནི་མ་གཞི་དྲ་བ་དང་ཀློག་པ་པོ་ནི་ནམ་ཡང་གཅིག་རྟེན་གཅིག་འབྲེལ་གྱི་འབྲེལ་བ་ཤ་སྟག་ཡིན་པས། ཕན་ཚུན་ལ་རམ་འདེགས་དང་ཕན་ཚུན་ལ་རྒྱབ་སྐྱོར། ཕན་ཚུན་ལ་གཟིགས་སྐྱོང་། ཕན་ཚུན་ལ་མཛུབ་སྟོན་རེ་གནང་རྒྱུ་ནི་མི་རེ་རེའི་ཕྲག་ལ་བབས་པའི་འོས་འགན་ཞིག་ཏུ་སེམས་སོ།

                             

 

                                                                   ༢༠༠༦ལོའི་ཟླ་༧པའི་ཚེས་༢༡ཉིན། 

 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060