༄༅།།དམངས་སྲོལ་པད་མའི་དོ་ར།
 
༄༅།།གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལས་འཕྲོས་པའི་གཏམ་ཐོར་བུ།
སྤེལ་དུས། 2009-03-12    ཡོང་ཁུངས་།    རྩོམ་པ་པོ། ཟི་ལིང། བསོད་ནམས་འཚོ།
     ༡༩༠༩ལོའི་ཟླ་༣པའི་ཚེས་༨ཉིན།ཨ་མེ་རི་ཁའི་དབྱི་ལི་ནུའོ་སི་ཀྲོའུ་ཀྲི་ཅ་ཀི་གྲོང་ཁྱེར་གྱི་བུད་མེད་ལས་བཟོ་པ་དང་རྒྱལ་ཡོངས་ཀྱི་འཁེལ་འཐག་དང་གྱོན་ཆས་ལས་རིགས་ཀྱི་ལས་བཟོ་པས་གཞི་ཁྱོན་ཆེ་བའི་ལས་འཇོག་དང་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ།ཟླ་ཕོགས་ཇེ་མང་དུ་གཏོང་བ་དང་ཆུ་ཚོད་༨རིང་གི་ལས་ཀའི་ལམ་ལུགས་ལག་བསྟར་བྱེད་པ།ད་དུང་འདེམ་བསྐོའི་དབང་ཆ་ཐོབ་པ་བཅས་ཀྱི་རེ་བ་བཏོན།དེ་ནི་ལོ་རྒྱུས་སྟེང་ངལ་རྩོལ་བུད་མེད་ཀྱིས་ཐེངས་དང་པོར་རྩ་འཛུགས་ཡོད་པའི་སྒོ་ནས་མང་ཚོགས་རང་བཞིན་གྱིས་འཐབ་རྩོད་བྱས་པ་ཡིན་ལ།དེས་ངལ་རྩོལ་བུད་མེད་ཀྱི་སྟོབས་ཤུགས་མཚོན་པ་རེད།འཐབ་རྩོད་ལ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་རྒྱལ་ཁབ་གཞན་པའི་བུད་མེད་མང་ཚོགས་ཀྱིས་གཅིག་མཐུན་གྱི་ལྟ་བ་བཏོན་ཅིང་སྐུལ་སྤེལ་གང་ལེགས་བྱས་མཐར་རྒྱལ་ཁ་བླངས།

༡༩༡༠ལོའི་ཟླ་༨པར།ཏེན་མག་གི་རྒྱལ་ས་སྟེ་ཁོ་ཕེན་ཧ་ཀེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་རིང་ལུགས་པའི་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་ཚོགས་ཤིང་།གྲོས་ཚོགས་སྟེང་བཙན་རྒྱལ་རིང་ལུགས་ཀྱིས་དམག་ཤུགས་རྒྱ་བསྐྱེད་ནས་དམག་འཁྲུག་ལ་གྲ་སྒྲིག་བྱེད་བཞིན་པར་ངོ་རྒོལ་བྱས་པ་དང་།འཛམ་གླིང་ཞི་བདེ་ཡོང་བར་སྲུང་སྐྱོང་བྱེད་པའི་སྐོར་ནས་གྲོས་བསྡུར་བྱས་པའི་མཚུམས་སུ།ད་དུང་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྐོར་དང་།ཆུ་ཚོད་༨རིང་གི་ལས་ཀའི་ལམ་ལུགས་དང་འདེམས་བསྐོའི་དབང་ཆ་བརྩོན་ལེན་བྱེད་པའི་གནད་དོན་སྐོར་ནས་ཀྱང་གྲོས་བསྡུར་བྱས།ཐེངས་དེའི་གྲོས་ཚོགས་ལ་མགོ་འཛིན་མཛད་མཁན་ཏེ་མིང་དུ་གྲགས་པའི་འཇར་མན་གྱི་སྤྱི་ཚོགས་རིང་ལུགས་གསར་བརྗེ་པའམ་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་ཕུལ་བྱུང་ཅན་ཁི་ལཱ་ལཱ.ཚི་ཐི་ཅིན་གྱིས་ལོ་རེའི་ཟླ་༣པའི་ཚེས་༨ཉིན་ནི་འཛམ་གླིང་ཡོངས་ཀྱི་བུད་མེད་ཀྱི་འཐབ་རྩོད་ཉིན་མོར་གདམ་པའི་བསམ་ཚུལ་བཏོན་པ་དང་། གྲོས་བསྡུར་བྱས་མཐར་འཐད་པ་བྱུང་། དེ་ནས་བཟུང་། ་གསུམ་བརྒྱད་བུད་མེད་དུས་ཆེན་ནི་འཛམ་གླིང་ཡོངས་ཀྱི་བུད་མེད་ཀྱིས་ཁེ་དབང་བརྩོན་ལེན་དང་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་དུས་ཆེན་ཞིག་ཏུ་གྱུར།

༡༩༡༡ལོའི་ཟླ་༣པའི་ཚེས་༨ཉིན་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་དང་པོ་རོལ་བ་ཡིན་ལ། རང་རྒྱལ་གྱིས༡༩༢༢ལོ་ནས་བཟུང་གསུམ་བརྒྱད་དུས་ཆེན་ལ་རྗེས་དྲན་བྱས། ཀྲུང་གོའི་བུད་མེད་ཀྱིས་ཐེངས་དང་པོར་མང་ཚོགས་རང་བཞིན་གྱིས་གསུམ་བརྒྱུད་དུས་ཆེན་ལ་རྗེས་དྲན་བྱས་པའི་བྱ་འགུལ་དེ་༡༩༢༤ལོར་ཀོང་ཀྲོའུ་ནས་བསྡུས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས༡༩༧༥ལོ་ནས་བཟུང་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་།༡༩༧༧ལོའི་གྲོས་ཚོགས་སྟེང་།རྒྱལ་ཁབ་རེས་རང་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྟར།ལོ་རེའི་ཉིན་གཅིག་བདམས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཁེ་དབང་དང་འཛམ་གླིང་ཞི་བདེ་ཉིན་མོར་གཏན་འཁེལ་བྱེད་དགོས་པ་ཐག་བཅད་ཅིང་།མཉམ་འབྲེལ་རྒྱལ་ཚོགས་ལ་མཚོན་ན་རྒྱལ་སྤྱིའི་བུད་མེད་དུས་ཆེན་དེ་ཟླ་༣པའི་ཚེས་༨ཉིན་ལ་གཏན་འཁེལ་བྱུང་བ་རེད།

རེད་དེ། ་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཞེས་པ་འདི་བྱུང་ནས་ལོ་ངོ་མང་པོ་ཞིག་ཕྱིན་ན་ཡང་།རང་རེའི་བོད་རིགས་བུད་མེད་ཀྱི་ཁྲོད་དུ་དེར་གསལ་ཆ་ཡོད་མཁན་དང་མཐོང་ཆེན་བྱེད་མཁན་རེ་འགའ་ལས་མེད།ལྷག་ཏུ་རོང་འབྲོག་ས་ཁུལ་གྱི་བུད་མེད་ཚོར་མཚོན་ན། ་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ནི་མོ་རང་ཚོ་དང་འབྲེལ་བ་ཡེ་ནས་མེད་པ་དང་འདྲ་ཞིང་། ཡང་ན་དུས་ཆེན་དེ་འདྲ་ཞིག་ཡོད་པ་ཤེས་ཀྱིན་ཡང་མེད་པ་འདྲ།གལ་ཏེ་སུ་ཞིག་གིས་དེ་རིང་ནི་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་རེད་ཅེས་གསལ་འདེབས་བྱས་ནའང་མོ་རང་ཚོས་རྣམ་འགྱུར་ཙམ་ཡང་ཡོད་མི་སྲིད་སྙམ།ཡིན་ཀྱང་།གྲོང་ཁྱེར་དུ་བྱ་བ་གཉེར་བའམ་སློབ་གྲྭ་འགྲིམ་པའི་བོད་རིགས་བུད་མེད་ཁྲོད་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་བྱུང་ཁུངས་སོགས་ལ་རྒྱུས་ལོན་མངའ་མཁན་ཉུང་ན་ཡང་། སྤྱི་ཟླ་གསུམ་པའི་ཚེས་བརྒྱད་ཉིན་ནི་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཡིན་པ་ཕལ་ཆེ་བས་ཤེས་སྲིད་ལ།ཉིན་དེར་ལས་ཁུངས་གཅིག་པའི་བུད་མེད་ཚོའམ་སློབ་གྲོགས་འགའ་མཉམ་དུ་འཛོམས་ནས་ཟ་མ་ཟོ་ཞོར་དུ་ཁ་བརྡ་རེ་བྱེད་ཐུབ་ཚེ།དེ་ནི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས་པར་བརྩི་བ་རེད།

ཡང་སྔོན་རང་གི་ཉེ་འཁོར་གྱི་བོད་རིགས་བུད་མེད་འགར་ཆེད་དུ་རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་སྐོར་ནས་བཅར་འདྲི་བྱས་པ་ཡིན་ལ། མང་ཆེ་བས་་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཇི་ལྟར་བྱུང་བའི་སྐོར་ལ་འདང་བརྒྱབ་མ་མྱོང་ཟེར་ཞིང་། རོལ་སྟངས་ཀྱང་གོང་ལས་མ་འདས།ངས་མོ་རང་ཚོར་ཀུ་རེའི་ཚུལ་དུ་ཉིན་དེར་རང་གི་ཁྱོ་གའམ་དགའ་རོགས་ཀྱི་ལེགས་སྐྱེས་འདྲ་ཐོབ་ཨེ་མྱོང་ཞེས་དྲིས་པར།མོ་ཚོས་དེ་མ་ཉིད་སྐྱེས་པ་ཚོའི་ལེགས་སྐྱེས་ཐོབ་ག་ལ་མྱོང་།རྟེན་འབྲེལ་ཞུ་བའི་ཚིག་འགའ་བཤད་ཀྱང་ཡིད་ཚིམས་ངེས་ཡིན་ཟེར།གོང་གི་བཅར་འདྲི་ཐུང་ངུ་ལས་གསལ་བོར་མཐོང་ཐུབ་པ་ནི། ་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་དེ་ང་ཚོ་བོད་སྤྱི་ཚོགས་ལ་མཚོན་ན། རང་མི་རིགས་ཀྱི་བོད་རིགས་བུད་མེད་མ་འདུས་པའི་་དུས་ཆེན་ཞིག་ལོས་ཡིན་སྙམ་འོང་ལ།བུད་མེད་རང་འདུས་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་དེར་མཐོང་ཆེན་བྱེད་པའི་དགོས་པའང་མི་འདུག་སྙམ་བཞིན་ཡོད་ལོས་ཆེ།ཕྲན་གྱིས་འདང་ཇི་ལྟར་བརྒྱབ་ཀྱང་།དེ་ནི་རྒྱལ་སྤྱིའི་རང་བཞིན་གྱི་བུད་མེད་དུས་ཆེན་ཞིག་ཡིན་པས།རང་རེའི་བོད་རིགས་བུད་མེད་ཚོར་དེའི་ཐད་དུ་དེ་འདྲའི་གསལ་ཆ་མེད་པ་དང་།དེར་དེ་འདྲའི་མཐོང་ཆེན་མི་བྱེད་པའི་གནད་གང་ལ་ཐུག་ཡོད་སྙམ་པ་དང།ཡང་དེ་ནི་བོད་རིགས་བུད་མེད་གཅིག་པུས་མཐོང་ཆེན་མ་བྱས་པ་མིན་ཏེ།བོད་སྤྱི་ཚོགས་ཀྱིས་དེར་མཐོང་ཆེན་མ་བྱས་པ་ལོས་ཡིན་སྙམ།དེར་ཡང་སྤྱི་ཚོགས་ཁོར་ཡུག་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་རྒྱུ་རྐྱེན་གང་མང་ཞིག་ཡོད་ཀྱང་སྲིད་མོད།ད་ལྟའི་དུས་རབས་འདི་ཕོ་མོ་འདྲ་མཉམ་གྱི་དུས་རབས་ཡག་ཤོས་ལ་ཁེལ་ཡོད་པས།ང་ཚོ་བུད་མེད་རྣམས་ཀྱིས་ཀྱང་རང་གི་ཁེ་དབང་ཏིལ་འབྲུ་ཙམ་ཡིན་ཡང་བརྩོན་ལེན་བྱ་རྒྱུ་ནི་མ་སྐུལ་དང་ལེན་བྱ་འོས་པ་ཞིག་རེད་འདོད། འདི་ལྟར་བཤད་ཚེ། བུད་མེད་ཀྱི་ཁེ་དབང་དེ་དུས་ཆེན་ཞིག་དང་འབྲེལ་བ་ཆེས་ཆེར་ཡོད་དམ་ཞེས་པ་དང་།ཡང་ན་དེ་ནི་གླེང་རིན་ཆེར་མེད་པ་ཞིག་རེད་ཟེར་ཡང་སྲིད་མོད།དེ་ལྟར་བཤད་མཁན་ཚོར་བཤད་དུ་ཆུགས་ལ།འདིའི་ཕྱོགས་ལ་བསམ་བློ་ཨེན་ཙམ་གཏོང་མཁན་གྱི་བུད་མེད་རེ་ཡོད་ན་རེ་ཞིག་འདིའི་ཕྱོགས་ལ་བསམ་བློ་རེ་འཁོར་དང་། དེ་ཡང་མི་འགྲིག་པ་ཡོད་མི་སྲིད་སྙམ།

དགའ་འོས་པ་ཞིག་ལ།བོད་རིགས་བུད་མེད་ཀྱི་ཁེ་དབང་རྩོད་པའི་བུད་མེད་ཁ་ཤས་ཀྱིས་ནམ་ཡང་མགོ་བོ་མི་སྨད་པའི་དམ་བཅའ་སྙིང་ལ་བརྐོས་ནས་འཕྲོ་རིམ་འཕྲོར་ཐོན་དང་འཐོན་གྱིན་འདུག ཡིན་ཡང་ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིགས་པ་ཟེར་བ་བཞིན།ང་ཚོས་ཁ་གཡང་ཙམ་ལ་མི་བརྟེན་པར་དོན་དངོས་སྟེང་བདེན་དཔང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་བསམས། དེ་བཞིན་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་མཚོན་ན་ཡང་།དེ་ནི་ང་ཚོ་བོད་རིགས་བུད་མེད་ཀྱི་དུས་ཆེན་ཡང་ཡིན་པས།ང་ཚོ་བུད་མེད་ཤེས་ཡོན་པ་རྣམས་ཀྱིས་ཐབས་བརྒྱ་ཇུས་སྟོང་སྒོས་དུས་ཆེན་འདི་རོང་འབྲོག་ས་ཁུལ་ལ་དར་ཁྱབ་འབྱུང་དུ་འཇུག་པ་ད་ང།གྲོང་ཁྱེར་གྱི་འཚོ་བའི་ཁྲོད་ནས་ཀྱང་སྔར་ལས་རྒྱ་བསྐྱེད་བཏང་ན། ནམ་ཞིག་ཁྱོད་དང་ང་། ང་ཚོའི་སྐྱེས་པ་ཚོ། ད་དུང་མཐའ་འཁོར་གྱི་མི་ཀུན་གྱིས་སྤྱི་ཟླ་གསུམ་པའི་ཚེས་བརྒྱད་ཉིན་ནི་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཡིན་ལ།ང་ཚོ་བོད་རིགས་བུད་མེད་ཡོངས་ཀྱིས་ཀྱང་དུས་ཆེན་དེར་རོལ་དགོས་པ་མ་བཤད་རང་ཤེས་སུ་འགྱུར་བའི་ཡིད་ཆེས་ཡོད།ང་ཚོ་བོད་རིགས་བུད་མེད་ཚོར་མཚོན་ནའང་། དེ་ནི་ང་ཚོས་བརྩོན་ལེན་བྱས་པའི་འབྲས་བུ་ཡིན་པ་ཤེས་ངེས་ཡིན།

དེ་ལྟ་བུའི་ཉིན་མོ་ཞིག་བསླེབ་ཆེད་དང་།དོན་དམ་དུ་བུད་མེད་རང་གི་ཁེ་དབང་བརྩོན་ལེན་བྱ་ཆེད་དུ།ང་ཚོ་བོད་རིགས་བུད་མེད་ཚོས་ཅི་ཡང་མི་ནུས་དང་ཅི་ཡང་མི་ཐེག་པའི་འདུ་ཤེས་བསྒྱུར་ནས།ཡོད་ཚད་བརྩོན་ལེན་ལ་བརྟེན་པ་དང་ལག་ལེན་གྱི་སྟེང་ནས་ར་སྤྲོད་བྱེད་པར་འབད་འབུངས་བྱ་དགོས་པའི་ཀུན་སློང་རྣམ་དག་དང་བཅས་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་བསླེབ་ལ་ཉེ་བའི་སྔ་རོལ་དུ་བུད་མེད་ཡོངས་ལ་འདུས་ཆེན་གྱི་རྟེན་འབྲེལ་སྔོན་དུ་ཞུས་པ་ཡིན།།

 

 

དབང་འདུས་ཀྱིས་ཞུས་པ་ཡིན།

 

 

 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060