༄༅།།མི་སྣ་ངོ་སྤྲོད།
 
༄༅།།སྨན་རམས་པ་རྡོ་རྗེ་སྒྲོལ་མ།
སྤེལ་དུས། 2008-06-20    ཡོང་ཁུངས་།    རྩོམ་པ་པོ།
    སྨན་རམས་པ་རྡོ་རྗེ་སྒྲོལ་མ་ལགས་ནི་ཟི་ཁྲོན་མཛོད་དགེ་རྫོང་གི་འབྲོག་མོ་ཞིག་ཡིན། ཁོང་མོ་ཆུང་དུས་སུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་པ་བཞིན་འགྲིམས་པའི་སྐལ་བ་མ་ལྡན་ཡང་། ད་ལྟ་ས་དེའི་མང་ཚོགས་ཀྱིས་ཁས་ལེན་དང་བརྩི་མཐོང་ཡོད་པའི་སྨན་པ་ཕུལ་བྱུང་ཅན་ཞིག་ཏུ་གྱུར་འདུག ཁོང་མོས་ལོ་ངོ་བཅུ་ཕྲག་ལྷག་ལ་རྒྱ་ཆེའི་མང་ཚོགས་དང་ལྷག་པར་ནད་པ་རྣམས་ལ་རང་གི་ཁྱིམ་མི་བཞིན་བྱམས་བརྩེའི་ངང་ནད་གཞི་ངོས་འཛིན་དང་སྨན་བཅོས་བྱས་ཏེ་གྲུབ་འབྲས་མི་དམན་པ་བླངས་ཡོད། དུས་ཡུན་རིང་བོར་ནད་པ་གང་མང་ལ་འབྲེལ་འདྲིས་བྱས་པ་བརྒྱུད། ནད་པའི་སེམས་ཁམས་དང་མཐུན་པའི་ནད་གསོ་ཐབས་ལ་ཉམས་མྱོང་ལོན་པ་དང་བྱང་ཆ་ལྡན་པར་མ་ཟད། རྒྱུན་དུ་ནད་པར་སེམས་ཁུར་བྱེད་ཅིང་བྱམས་བརྩེ་ལྡན་པའི་སྤྱོད་བཟང་གིས་ཀྱང་ནད་པ་རྣམས་ཀྱི་ནད་སོས་པར་ཕན་ཆེན་པོ་ཐོགས་པས་མང་ཚོགས་རྣམས་ལ་སེམས་འགུལ་ཐེབས་ཏེ་ཁོང་མོར་ནམ་ཡང་བཀའ་དྲིན་ཞུ་བཞིན་ཡོད། བརྒྱུད་རིམ་ལྡན་པའི་སློབ་གྲྭར་ཞུགས་མ་མྱོང་བའི་ཁོང་མོ་ནི་ས་དེའི་ནད་པར་མཚོན་ན་མུན་པ་འཇོམས་པའི་འོད་སྣང་དང་སྐོམ་གདུང་སེལ་བའི་ལྷ་ཆབ་ཏུ་གྱུར་འདུག། མོ་ལོ་ལྔ་གསུམ་བཅོ་ལྔ་འདས་རྗེས་ད་གཟོད་སྨན་གྱི་སློབ་སྦྱོང་ལ་དངོས་སུ་ཞུགས་པའི་སྐལ་བ་ཐོབ་པ་ཡིན་མོད། ཁོང་མོས་ལོ་གཉིས་ཀྱི་རིང་ལ་བཤེས་གཉེན་ཆེན་མོ་ཨ་ཁུ་བསྟན་ཁོ་དང་བྱམས་མེའི་བྱང་ཆུབ་སོགས་དགེ་རྒན་དུ་མར་བསྟེན་ཏེ་གསོ་རིག་རྒྱུད་བཞི་ཕལ་ཆེར་ལ་གསན་སྦྱོང་དཔྱིས་ཕྱིན་པར་བྱས་ཤིང་གྲུབ་འབྲས་ཆེན་པོ་ཐོབ་པ་རེད།

    སྤྱི་ལོ་༡༩༨༠ལ་ཨ་ཁུ་བསྟན་ཁོ་དང་ཨ་ཁུ་སྐལ་ཁོ། ཨ་ཁུ་སྔགས་སྟོབས། བསྟན་འཛིན་རྒྱ་མཚོ། འཇིགས་མེད་སོགས་གསོ་རིག་ཆེད་མཁས་མང་པོས་མཛོད་དགེ་རུ་གནས་སྤོར་བ་དང་མཉམ་དུ་ཁོང་མོ་ཡང་དེར་སྨན་པའི་ལས་ཀར་དངོས་སུ་ཞུགས་ཏེ་རླབས་ཆེ་བའི་ལྷ་རྗེའི་འོས་འགན་ཁུར་དུ་བླངས། དེ་ནས་བཟུང་ལོ་ངོ་མང་པོའི་རིང་ལ་ཁྱོད་བོ་དཀོན་མཆོག་རིན་ཆེན་ལགས་ཀྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་ལ་བརྟེན་ནས་གསོ་བ་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་སྒོས་ནན་གྱིས་འབད་པ་རྒྱུན་འཁྱོངས་བྱས་སྟབས། ནད་གཞི་ངོས་འཛིན་དང་བརྟག་ཐབས། སྨན་བཅོས་སོགས་ལ་ཉམས་མྱོང་ཕུན་སུམ་ཚོགས་ཤིང་ལག་རྩལ་མཐོན་པོར་སོན།

       སྤྱི་ལོ་༡༩༩༧ལོར་ཁྱོ་བོ་འདས་རྗེས་ཁྱིམ་ཚང་གང་བོའི་ཁུར་བོ་ཐམས་ཅད་མོ་རང་གཅིག་པུའི་ཕྲག་ཏུ་ལྷུང་བས་ཁོང་མོས་ལས་གནས་སླར་རྔ་བ་ཁུལ་བོད་སྨན་ཁང་དུ་མི་སྤོར་ཀ་མེད་བྱུང་། དུས་རྒྱུན་མང་ཚོགས་ཀྱིས་རང་གི་ནད་སྨན་པ་རྡོ་རྗེ་སྒྲོལ་མར་བསྟེན་ནས་སེང་དྲག་ཏུ་གྱུར་ཚུལ་ལབ་ཀྱིན་འདུག་པ་ཐོས་ཐུབ་པ་དང་། ལ་ལས་ད་དུང་སྔོན་ཆད་རང་གི་ནད་གཞི་ལྕི་ཚུལ་དང་སྨན་པ་གང་མང་བསྟེན་ཀྱང་གསོ་ཐབས་མ་བྱུང་བར་མཐར་ཁོང་མོས་ནད་བཅོས་ཏེ་དྲག་སོང་བ་མ་ཟད། ད་ལྟ་ནད་རོ་ཙམ་ཡང་ལྷག་མེད་ཚུལ་བརྗོད་དུས་ནད་པ་ཚོ་སེམས་འགུལ་ཐེབས་ཏེ་མིག་ལས་མཆི་མ་ལྷུང་མཁན་ཡང་གང་མང་མང་འདུག་པ་རེད།

      སྤྱི་ལོ་༢༠༠༠ལོར་ཁོང་མོ་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་རིག་གཞུང་གྲོས་ཚོགས་སུ་ཞུགས་པ་དང་། སྤྱི་ལོ་༢༠༠༢ལོར་པེ་ཅིང་དུ་བསྡུས་པའི་རྒྱལ་ཡོངས་ཐེངས་དང་པོའི་མི་རིགས་གསོ་རིག་གི་གསོ་བཅོས་འགྲེམ་སྟོན་ཚོགས་འདུར་ཞུགས་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ཚོགས་འདུ་དེ་དག་ལ་རང་གི་ཁྱད་ཆོས་ཅན་གྱི་དཔྱད་རྩོམ་གང་ལེགས་ཕུལ་བ་རེད།

 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060