༄༅།།མི་སྣ་ངོ་སྤྲོད།
 
༄༅།། ཁྱེད་ལ་བརྗོད་འདོད་ཀྱི་སྐད་ཆ་ཤབ་ཤུབ།
སྤེལ་དུས། 2009-02-09    ཡོང་ཁུངས་།    རྩོམ་པ་པོ། ནུབ་བྱང་མི་རིགས་སློབ་ཆེན། སྒྲེན་པོ།
 

               --བོད་ཀྱི་མཛངས་མ་སྨིན་གྲོལ་དང་ཉེ་བར་བཅར་རྗེས།

 

    ང་རང་ལམ་ལ་མ་ཆས་པའི་སྔ་རོལ་དུ་ངས་གནའ་མཁར་ཟི་ལིང་གི་ད་ལོའི་ནམ་ཟླ་ཧ་ཅང་གྲང་བར་དོགས་ནས་དགུན་ལྭ་མཐུག་པོ་ཞིག་གྱོན་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་ཟི་ལིང་གི་ནམ་ཟླ་ཡང་ལན་གྲུ་དང་འདྲ་བར་ཤིན་ཏུ་དྲོན་པོ་རེད།

    གཅིག།

ཙོང་ཁའི་རྒྱལ་རྒྱུད་ཀྱི་གནའ་བོའི་མཁར་ཤུལ་རྙིང་བ་དག་དང་དྭངས་གཙང་གི་ངོ་བོ་རྦད་དེ་འགྱུར་བའི་ཙོང་ཁ་བདེ་ཁམས་ཀྱི་ཆུ་བོ་གཉིས་ཀྱིས། བདག་ལ་ཕ་གཞིས་འདི་དང་འབྲེལ་བ་ཡོད་པའི་ཁ་སང་དང་དེ་རིང་གི། ཕམ་ཁ་དང་རྒྱལ་ཁ་གང་མང་ཞིག  བདག་གི་དྲན་ཤེས་ཀྱི་ཟབ་ས་ནས་ཐོལ་གྱིས་བསླང་འོང་བར་མ་ཟད། མ་འོང་པ་ཞེས་པའི་མྱ་ངམ་ཐང་ཆེན་པོ་ཞིག་དང་ཡང་ན་བེམ་པོ་འཇོག་སའི་རོ་སྒམ་ཆེན་པོ་ཞིག་གི། སྟ་གོན་དང་ཉེན་བརྡ་བར་མེད་དུ་གཏོང་བསན། རང་དབང་མེད་པར་འདྲི་ཚིག་ཅིག་བདག་གི་སྨྲ་སྒོ་ལས་ཕྱིར་འོང་བ་ནི། ཟི་ལིང་། ཁྱོད་ཀྱི་གཡའ་དག་པའི་ཁ་སང་གི་ནམ་མཁའ་གང་ལ་འཕུར་སོང་ཞེས་པ་དེ་རེད། 

གཉིས།

གནའ་མཁར་ཟི་ལིང་གིས་ང་ལ་འདི་ལྟ་བུའི་ན་ཟུག་དང་སེམས་ཚེགས་རུམ་གང་དང་སྡུག་ཡུས་མཐའ་མེད་པ་བརྗོད་བཞིན་ཡོད་ནའང་། དོ་དགོང་གི་ཁོ་བོའི་བློ་ཕམ་མི་སྲིད། རྒྱུ་མཚན། ཟི་ལིང་ན་བོད་མོ་རྣམ་ལ་མི་ཞིག་གི མ་ཡུ་ངོ་མ་ཞིག་གི--མིག་ཆུའི་བསུ་སྐྱེལ་ཡོད་པ་དེས་བདག་གི་བྲང་གཞུང་བརླན་ཡོད་པས་ཡིན་ལ། ཟི་ལིང་ན་བོད་མོ་མཛངས་མ་ཞིག་གི་སེམས་གཏམ་ཡོད་པ་དེ་ལས་ང་ལ་རེ་བཞག་གི་འོད་སྣང་བསྩལ་བས་ཡིན། 

                                                         གསུམ།

སྨིན་གྲོལ། ང་རང་ཆུང་ཆུང་བྱིས་པ་ཡིན་དུས། ཁྱེད་ཀྱི་སྙན་མོའི་གླུ་སྐད་ཀྱི་བདག་སེམས་ཀྱི་མཁའ་ངོགས་སུ་རེ་སྒུག་གི་ས་བོན་གཏོར་མྱོང་ལ། དཔེ་ཁུག་ཆུང་ངུར་རྨི་ལམ་ལྗིད་པོ་ཁུར་པའི་དེ་དུས་ཀྱི་ཁོ་བོས་ཁྱེད་ཀྱི་སེམས་རྩ་མྱོང་མི་ཤེས་ན་ཡང་། དབྱངས་གསལ་སོ་བཞིའི་མུ་ཏིག་ལ་བརྒྱུས་པའི་ཁྱེད་ཀྱི་གཞས་ཆུང་དེས། བདག་ཐ་རིང་ཐག་རིང་སྟེ། བརྩེ་བ་ཤག་ཤག་གི་གཙང་འགྲམ་ལ་བོས་པ་ཐེངས་གཅིག་ག་ལ་ཡིན་ཁྱེད་དང་གླེང་མོལ་བྱས་པའི་གོ་རིམ་ལས་ངས་ད་གཟོད་ཁྱེད་ཀྱི་སེམས་ན་བརྗོད་མི་ཚར་བའི། གནོན་མི་ཐུབ་པའི་སྡུག་བསྔལ་མོད་པོ་ཞིག་མངའ་བ་ཚོར་བྱུང་ལ། དེ་དང་ལྷན་དུ་འུ་ཅག་སྒང་བ་བོད་ཀྱི་བུད་མེད་དག་ཀྱང་ཁྱེད་ནང་བཞིན་རང་ངོས་ནས་གོམ་པ་སྤོ་ཐུབ་རྒྱུ་ན་ཅི་མ་རུང་སྙམཔའི་རེ་བ་དང་སེམས་ཚེགས་འདྲེས་མ་ཞིག་ཀྱང་སྐྱེས་བྱུང་། 

བཞི། 

ག་ལེ་ག་ལེར་གནའ་མཁར་ཟི་ལིང་དང་དལ་བུར་གྱེས་དུས་བདག་སེམས་ཕྱིར་དྲན་གྱི་རྟ་ཕོ་ཁྱེད་ཀྱི་རིགས་ཞེ་དང་ལ་རྒྱ་ཡི་སྲབ་ཀྱིས་ཡོངས་སུ་བཟུང་འདུག། ཁྱེད་དང་གྱེས་རྗེསངས་ཁྱེད་ལ་བདེ་མོ་ཞེས་པའི་ཚིག་འབྲུ་གཅིག་ཀྱང་བཤད་མ་ཐུབ་ལ། རང་གི་མྱོང་སྣང་ཇི་བཞིན་མཚོན་པའི་སྙན་ཚིག་ཅིག་ཀྱང་འབྲི་མ་ནུས། 

 

འབྲུག་མོས་ཞུ་དག་བྱས།

 

 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060