༄༅།།མི་སྣ་ངོ་སྤྲོད།
 
༄༅།།ན་གཞོན་སྙན་ངག་པ་ཚེ་སྐྱིད་ལྷ་མོར་བཅར་འདྲི་བྱས་པ།
སྤེལ་དུས། 2010-11-17    ཡོང་ཁུངས་། མཚོ་སྔོན་པོའི་བོད་ཡིག་ཟིན་བྲིས།    རྩོམ་པ་པོ། སྒྲོལ་མས་བསྒྲིགས།

ཚེ་སྐྱིད་ལྷ་མོའི་སྐྱེས་ཡུལ་ལྷ་ས།  

བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ། 

གསར་འགོད་པ།ཁྱེད་རང་སྐུ་བདེ་འམ།འདྲི་རྒྱུ་ཞིག་ལ་འཛམ་གླིང་ཧྲིལ་བོའི་ཁྱོན་དུ་བུད་མེད་སྙན་ངག་པ་བླ་ལྷག་གིས་ཉུང་བ་དེ་བཞིན་རང་རེའི་བོད་དུའང་བུད་མེད་སྙན་ངག་པ་ནི་རྩིས་ན་མཛུབ་གུ་བཙུགས་དང་ཆོག་པ་ཞིག་ཡིན་པ་འདི་ཁྱེད་རང་གསར་དུ་ཞུགས་མ་ཐག་གི་བུད་མེད་སྙན་ངག་འབྲི་མཁན་ཞིག་གི་ངོས་ནས་བལྟས་ན་དོན་གང་འདྲ་ཞིག་ལན་ཡོང་བསམ་ཀི་འདུགཚུལ་དེ་ལ་བཅོས་ཐབས་འདྲ་དང་ཡང་ན་མི་འདང་བའི་ཆ་གང་དག་གནས་ཡོད་པ་ཁྱེད་རང་གིས་གསལ་བཤད་གནང་ཐུབ་གི་འདུག་གམ། 

ཚེ་སྐྱིད་ལྷ་མོ།བུད་མེད་སྙན་ངག་པ་ཧ་ཅང་ཉུང་བའི་གནས་ཚུལ་དེའི་ཐོག་ནས་བུད་མེད་ཚོའི་བསམ་བློའི་རང་དབང་བཙོན་དུ་ཚུད་པ་ཞིག་གསལ་བཤད་བྱེད་ཐུབ་སྙམ།ཁོ་མོས་དེ་ལྟར་བརྗོད་པར་རྒྱུ་མཚན་གཉིས་ཡོད་དེ་གཅིག་ནི་སྲོལ་རྒྱུན་གྱི་དབང་གིས་བུད་མེད་རྣམས་ཁྱིམ་གཞིས་ཁོ་ནའི་བྱ་བར་འཇུག་དགོས་པ། དཔེར་ན་བུ་ཚ་གཉོར་སྐྱོང་དང་ཐབ་ལས་ཟས་གཡོ་བྱ་རྒྱུ་སོགས་ཡིན་སྟབས་ནང་བསམ་བློའི་འཚོལ་སྙེག་གི་གོ་སྐབས་ཧ་ཅང་ཉུང་ལ་གོ་སྐབས་རྩ་བ་ནས་མེད་ཟེར་ནའང་ཆོག་གི་རེད།དོན་དེ་ལྟ་བུས་རྩོམ་རིག་ལ་ཞུགས་རྒྱུ་ཕར་ཞོག་ཐ་ན་དཔེ་དེབ་ལྟ་ཀློག་བྱེད་པའི་གོ་སྐབས་ཡང་བྱུང་མིན་ཉེན་ཁ་རེད།གཉིས་ནས་ང་རང་གིས་དུས་རབས་དང་ཉེ་སར་བཅར་ནས་ལྟ་དུས་བུ་མོ་མང་པོ་ཞིག་ཕྱི་དངོས་པོའི་དཔལ་ཡོན་ལ་ཆགས་པའི་རྐྱེན་གྱིས་སློབ་གཉེར་གྱི་གོ་སྐབས་ཡོད་ནའང་ཕྱིའི་མཛེས་ཆའི་འཚོལ་སྙེག་ལ་མགོ་འཁོར་ནས་འདུག་གིན་གདའ། དེར་བརྟེན་ཁོ་མོའི་བསམ་པར་སློབ་གྲྭ་ཆུང་འབྲིང་ནས་ཤེས་རིག་དང་རྩོམ་རིག་སོགས་ལ་འབྲེལ་འདྲིས་ཀྱི་གོམས་གཤིས་བཟང་པོ་ཞིག་ག་ལེར་འཇགས་ཐབས་བྱས་ན་ཤིན་ཏུ་ལེགས་སྙམ།

གསར་འགོད་པ།ཁྱེད་རང་སློབ་གྲྭ་ཆེན་མོ་ཞིག་ཡིན་པའི་ཆ་ནས་མི་རིགས་སྐད་ཡིག་གིས་རྗེས་རབས་པ་དག་ལ་བཞག་པའི་བག་ཆགས་ག་འདྲ་ཞིག་དང༌།དེ་ལས་རང་སྐད་ཀྱི་སྙན་ངག་གིས་རང་སྐད་ཡིག་ལ་གཞོགས་འདེགས་ཀྱི་ནུས་པ་ཐོན་གྱིན་པའི་སྣང་བ་འདྲ་སྐྱེས་མྱོང་ངམ།

ཚེ་སྐྱིད་ལྷ་མོ།ང་རང་སློབ་ཆེན་གྱི་མིང་འཁུར་མཁན་ཞིག་གི་ངོས་ནས་འདང་རེ་རྒྱག་དུས་མི་རིགས་ཀྱི་སྐད་ཡིག་ཐོག་ནས་རིག་ཚན་མང་པོ་སློབ་ཁྲིད་བྱ་རྒྱུ་དེ་རྗེས་རབས་པ་ཚོས་མི་རིགས་སྐད་ཡིག་ལ་བརྩི་མཐོང་ཆེ་རུ་འགྲོ་བ་དང་མི་རིགས་སྐད་ཡིག་ལ་དད་སེམས་སྐྱེ་བའི་འགག་རྩ་རེད་འདུག་སྙམ། རྒྱུ་མཚན་ནི་ཀུན་གཟིགས་པཎ་ཆེན་མཆོག་ནས་མི་རིགས་སྐད་ཡིག་འདི་མ་ཉམས་གོང་འཕེལ་ཡོང་ཆེད་རྫས་འགྱུར་དང་དངོས་ཁམས་ས་ཁམས་ལ་སོགས་སློབ་གྲྭ་ཆུང་འབྲིང་ཁག་གི་སློབ་གཞི་འགའ་མི་རིགས་སྐད་ཡིག་ལ་བསྒྱུར་གནང་བ་དེས་ཁ་ཡོད་ལག་ཡོད་ཀྱིས་བོད་ཕྲུག་ཚོའི་བོད་ཡིག་གི་རྨང་གཞི་ལེགས་པོ་ཞིག་འཁྱོངས་ཐུབ་ཡོད། གཞན་དུ་རང་སྐད་ཀྱི་སྙན་ངག་གིས་བོད་ཀྱི་སྐད་ཡིག་ལ་གཞོགས་འདེགས་ཀྱི་ནུས་པ་ངེས་ཅན་ཐོན་ཐུབ་ཀྱི་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད་སྙན་ངག་ཞིག་འབྲི་བ་ལ་རྩོམ་རྩལ་རན་པོ་ཞིག་དང་རྩོམ་སྟངས་ཚུལ་ལྡན་ཞིག་དགོས་ན་བོད་ཀྱི་བརྡ་སྤྲོད་གཞུང་ནས་འགོ་བཙུགས་ཏེ་རིག་གཞུང་གང་མང་ལ་སྦྱོང་བ་བྱེད་དགོས་པས་ཕན་ཚུན་གཉིས་ཀར་གཞོགས་འདེགས་ཀྱི་ནུས་པ་ཐོན་ཐུབ་སྙམ།

གསར་འགོད་པ།སྤྱིའི་ཆ་ནས་བཤད་ན་སྙན་ངག་གི་ལས་ཀ་ནི་འཚོ་བ་དང་བར་ཐག་ཁེད་ཀྱིས་བཅད་པའི་བགྱི་བ་ཞིག་ཏུ་ཀུན་པོས་གསུང་གི་ཡོད་ན།སྙན་ངག་བྲིས་པའི་ལས་ཀ་དེས་ཁྱེད་ཀྱི་འཚོ་བ་དང་བརྩེ་དུང༌།ལས་ཀ་སོགས་ལ་མི་འདོད་པའི་བར་ཆད་དམ་ཡང་ན་དགའ་འོས་པའི་མཐུན་རྐྱེན་ཅི་རིགས་བསྩལ་མྱོང་ངམ།

ཚེ་སྐྱིད་ལྷ་མོ།སྙན་ངག་ཐན་ཐུན་རེ་བྲིས་མྱོང་བའི་ཁོ་མོ་ལྟར་ན་སྙན་ངག་དང་འཚོ་བ་ནི་ཁ་འབྲལ་དུ་མི་རུང་བ་ཞིག་ཏུ་སྣང་ལ་སྙན་ངག་ཁྲོད་ན་འཚོ་བ་ནི་མེད་དུ་མི་རུང་བ་ཞིག་དང་འཚོ་བའི་ཁྲོད་ན་སྙན་ངག་ནི་མེད་དུ་མི་རུང་བ་ཞིག་རེད་འདུག དེར་བརྟེན་སྙན་ངག་བྲིས་པ་དེས་ཁོ་མོའི་འཚོ་བར་སྤྲོ་སྣང་འབྱིན་པ་ལས་མི་འདོད་པའི་བར་ཆད་འདྲ་བ་ད་བར་འཕྲད་མ་མྱོང༌།འོན་ཀྱང་ཉིན་ཞིག་སློབ་གྲྭའི་འཚོ་བ་ལས་བྲལ་ཚེ་སྙན་ངག་བྲི་བ་དང་འཚོ་བ་ལས་ཀ་གསུམ་ལས་ང་ལ་གདམ་ཁ་གཅིག་རང་ལས་ཡོད་མི་སྲིད་སྙམ། འདི་ནི་མ་འོངས་པར་འདང་རྒྱག་ཚུལ་ཡིན།

གསར་འགོད་པ།བར་ལམ་ཉིད་ཀྱི་ཟིན་བྲིས་རྣམས་སུ་སྙན་ངག་ལས་འབོལ་རྩོམ་གྱི་གྲངས་ཚད་ཇེ་མང་དུ་འགྲོ་གིན་ཡོད་ལ།ཀློག་པ་པོ་མང་པོ་ཞིག་གིས་ཁྱེད་རང་གི་སྙན་ངག་གི་ཁ་ཕྱོགས་དེ་ཡང་གོ་སླའི་འབོལ་རྩོམ་གྱི་རིགས་སུ་འགྲོ་ཡི་འདུག་ཅེས་ཟེར་ན།ཁྱེད་རང་གིས་སྙན་ངག་དང་འབོལ་རྩོམ་གཉིས་ལ་བཟུང་བའི་ལྟ་ཚུལ་དེ་གཅིག་པ་ཡིན་ནམ།རྒྱུ་མཚན་ག་འདྲ་ཞིག་ཡིན།

ཚེ་སྐྱིད་ལྷ་མོ།ཁོ་མོས་ནི་སྔར་ནས་བཟུང་འབོལ་རྩོམ་དང་སྙན་རྩོམ་ཟུང་གི་ལྟ་ཚུལ་རྦད་དེ་གཅིག་པ་མ་ཡིན་པར་འདོད་དོ།དེ་ཡང་བརྗོད་བྱ་རྗོད་བྱེད་གང་གི་ཐད་ནས་བསམས་ཀྱང་མི་འདྲ་བའི་ཁྱད་པར་གང་ཙམ་ཞིག་གདའ་བ་བརྩམས་ཟིན་པའི་མྱོང་བ་ཞིག་ལས་ལེགས་པར་རྟོགས།འབོལ་རྩོམ་ནི་རྗོད་བྱེད་གཏམ་གླེང་གི་རྣམ་པ་ཡིན་པ་གང་ཞིག་བརྗོད་བྱ་སྤྱིར་ན་སྙན་རྩོམ་བཞིན་ཚོར་འདུ་དེ་མུར་མཚོན་པའི་ཁྱད་ནུས་ཤིག་མི་མངའ་བ་དང༌།སྙན་རྩོམ་ནི་རྗོད་བྱེད་རྒྱུན་སྲོལ་གྱི་རྩོམ་ལུགས་དང་སྙན་ངག་གསར་པའི་ཐོག་ནས་བརྗོད་བྱ་རང་དབང་ཆེ་ཙམ་ལྡན་པའི་ཚོར་སྣང་དང་བརྩེ་དུང་གི་ཞིང་ཁམས་ལྟ་བུ་ཡིན་པས་རྩོམ་པའི་ལམ་སོགས་གང་གི་ཐད་ནས་ཀྱང་དེ་གཉིས་གཅིག་ཏུ་མི་སྣང་བ་ཞིག་མི་རྟོགས་སམ།ཁོ་མོ་རྩོམ་འབྲི་བགྱི་སྐབས་བརྗོད་བྱའི་དགོས་པ་བཞིན་གནས་ལུགས་གཙོ་བོར་མཆིས་ལ་ཚོར་འདུ་སྤོ་སའི་ཁང་བཟང་ཞིག་ལ་གང་མཁོའི་ཚུལ་དུ་འབོལ་རྩོམ་དང་སྙན་རྩོམ་གང་རུང་རེ་སྤེལ་ཁུལ་བྱས་པ་ཙམ་མོ།

གསར་འགོད་པ།ཁྱེད་རང་ཟིན་བྲིས་སུ་ཞུགས་རྒྱུན་མང་ལ་རྩོམ་ཡིག་སྤེལ་ཚད་ཀྱང་ཆེས་མང་པོའི་བུད་མེད་ཟིན་བྲིས་པ་ཞིག་ཡིན་པའི་ཆ་ནས་སྐུ་ཉིད་ལ་བག་ཆགས་ཆེ་ཤོས་སམ་གཞོགས་འདེགས་ཀྱི་ནུས་པ་བཏོན་མྱོང་བའི་མི་སྣ་འདྲ་བརྗོད་རྒྱུ་ཡོད་དམ།མི་དེ་དག་གི་གོ་བ་རྒྱག་ཚུལ་དེ་གཙོ་བོ་ཟིན་བྲིས་ལག་རྩལ་སོགས་ཀྱི་ངོས་ནས་ཡིན་ནམ་ཡང་ན་སྙན་ངག་དང་འབྲེལ་བའི་སེམས་ཚོར་ཞིག་ལ་རག་ལས་ཡོད་འདུག

ཚེ་སྐྱིད་ལྷ་མོ།ཁོ་མོ་ཟིན་བྲིས་སུ་བཞུགས་ནས་དུས་ཚོད་མང་པོ་སོང་བས་ཆེ་ཆེ་ཆུང་ཆུང་མཚམས་ནས་ཁོ་མོར་རྒྱབ་སྐྱོར་གནང་མཁན་མང་པོ་འདུགའོན་ཀྱང་ཁོ་མོར་སྙན་ངག་གི་སེམས་ཚོར་རམ་ལྷག་བསམ།ལ་རྒྱ་བཅས་གང་ཅིའི་ཐད་ནས་གཞོགས་འདེགས་ཀྱི་ནུས་པ་བསྟན་མྱོང་མཁན་ནི་ཁོ་མོའི་ལས་ཀྱི་གཅེན་པོ་ཕན་ཤུལ་འཆི་མེད་དབང་འདུས་ཡིན་ལ་ཁོང་ནི་ངའི་འདས་མ་ད་གསུམ་གྱི་དགེ་རྒན་ཡང་ཡིན།

གསར་འགོད་པ།ད་ལམ་བོད་ཀྱི་རྩོམ་སྟེགས་སུ་གསར་དུ་བྱུང་བའི་མི་རབས་གསུམ་པ་ཞེས་པའི་སྙན་ངག་གི་ཚོགས་པ་འདི་ལ་ཁྱེད་རང་གིས་ལྟ་ཚུལ་གང་འདྲ་ཞིག་འཛིན་གྱིན་ཡོད།སྙན་ངག་པ་དེ་དག་གི་བརྩམས་ཆོས་ཀྱིས་ཁྱེད་ལ་ཤན་ཤུགས་ག་འདྲ་ཞིག་བཞག་མྱོང་ངམ།

ཚེ་སྐྱིད་ལྷ་མོ།སྤྱིར་ཁོ་མོའི་ངོས་ནས་མི་རབས་གསུམ་པ་ཞེས་པར་རྒྱུས་མངའ་དེ་ཙམ་མེད་ལ་དྲ་ཐོག་དང་དཔེ་དེབ།གཏམ་གླེང་བཅས་ཀྱི་ཁྲོད་ནས་མི་རབས་གསུམ་པའི་ཕྱི་ཤུན་ཞིག་ག་ལེར་མཐོང་ཡོང་གི་འདུགངའི་སེམས་ཚོར་རམ་སྤྲོ་སྣང་གི་གླེང་ཕྱོགས་ཤིག་ནས་མི་རབས་གསུམ་པ་ཞེས་པའི་ཚོགས་པ་འདི་ལྟ་བུ་ཞིག་མདུན་སྐྱོད་ཀྱི་ཆེད་དུ་འཁྲུངས་ཡོང་བ་ནི་ངོ་མ་གཏམ་བཟང་ཞིག་རེད།འོན་ཀྱང་མི་རིགས་ཤིག་ལ་ཕྱོགས་ཡོངས་ནས་འགན་འཁུར་ནས་མི་རབས་གསུམ་པར་བལྟ་དུས་སྙན་རྩོམ་དང་གཏམ་གླེང་སོགས་ཀྱི་གྲུ་ཟུར་རེ་རེ་ན་སྲོལ་རྒྱུན་གྱི་དྲི་མ་ཡལ་ལ་ཉེ་བ་ཞིག་ཀྱང་མཐོང་ཡོང་གི་འདུགཁོ་མོ་ལྟར་ན་སྲོལ་རྒྱུན་རྨང་གཞི་ཡི་ཆུ་རྒྱུན་འདྲེན་ཅིང་གསར་དར་དགེ་མཚན་གྱིས་ལྷག་ཏུ་བརྒྱན་ན་འདི་ནི་ང་ཚོའི་མི་རིགས་ཀྱི་མིག་མདུན་ན་མཆིས་པའི་ལམ་བུ་རྣལ་མ་དེ་མིན་ནམ་སྙམ།

 

 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060