༄༅།།མི་སྣ་ངོ་སྤྲོད།
 
བོད་རིགས་ཀྱི་བུད་མེད་དགེ་རྒན་ཆེན་མོ་ཨང་དང་པོ་དོན་འགྲུབ་ལྷ་མོའི་གནས་ཚུལ་བཀོད་པ།
སྤེལ་དུས། 2010-12-07    ཡོང་ཁུངས་། ཁམས་པའི་དྲ་བ།    རྩོམ་པ་པོ། སྒྲོལ་མས་བསྒྲིགས།

      དོན་འགྲུབ་ལྷ་མོ།ཆེས་སྔ་མ་ནས་ཁམས་པའི་རི་ལུང་བརྒལ་ཏེ་ཕྱིར་ཐོན་པའི་བུད་མེད་ཅིག་དང་།ཆེས་སྔ་མ་ནས་དགེ་རྒན་ཆེན་མོའི་གོ་མིང་ཐོབ་པའི་བོད་རིགས་ཀྱི་བུད་མེད་ཅིག་དུས་རབས་ནས་དུས་རབས་བར་དུ་མི་ཚེའི་སྐྱིད་སྡུག་སྣ་མང་མྱངས་ཏེ་མི་ལོ་གོ་ལྔ་ལ་སོན་པའི་མ་མ་ཞིག ཁོ་མོས་ཚེ་གཅིག་ལ་ཅི་འདྲའི་ཀྱག་ཀྱོག་གི་ལམ་བུ་གང་མང་རྒྱུ་བ་དང་།ཁོ་མོས་ཅི་འདྲའི་ངང་ཁོ་མོའི་དུས་རབས་དང་མཉམ་དུ་བསྐྱོད་པ་ཡིན། སྐུ་ལུས་ཅུང་ཟད་ཆུང་ལ་དུང་ལྟར་དཀར་བའི་སྐྲ་ལོའི་སྟེང་ན་བལ་སྐུད་ལས་བཏགས་པའི་ཞྭ་མོ་ཞིག་དང་།བགྲང་བྱའི་གཉེར་མས་ཁེངས་པའི་ཞལ་ངོ་རུ་རྫ་མདོག་གི་སྤྱན་ཤེལ་ཆུང་ངུ་ཞིག་གོན་ཡོད་ལ།ཁོག་སྟོད་ན་སྟོད་ཐུང་སྔོན་ནག་ཞིག་བསྣམས་ཡོད་པའི་ཨ་ཡས་བགྲེས་མོ་ཞིག་དཀར་མཛེས་ཁུལ་སྲིད་གྲོས་ཀྱི་སྡོད་ཁང་ཐོག་བརྩེགས་ལྔ་པའི་སྟེང་ལ་བསྡད་ཡོད།ཕྱིར་བལྟས་ན་སྤྱི་བཏང་གི་ཨ་མ་བགྲེས་མོ་ཞིག་གི་རང་སྣང་ལས་མི་འདུག་ཀྱང་།ཁོ་མོ་དང་ཁ་བརྡ་ལབ་དུས་སྐབས་སྐབས་ནས་སྙན་ངག་དང་གཏམ་དཔེ་སོགས་ཀྱི་ཚིག་གིས་བརྒྱན་པ་དང་།མཚམས་མཚམས་ལ་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་དབྱིན་ཇིའི་ཐ་སྙད་སོགས་ཀྱིས་ཁྱོད་རང་ཧད་དུ་བཅུག དགུང་གྲངས་མཐོ་པོའི་རྩེར་སོན་ཡང་ཁ་བརྡ་ལབ་དུ་ཚིག་དོན་གསལ་ཞིང་གོ་རིམ་ལྡན་ལ།ན་མཉམ་རྒན་རྒོན་དག་ལས་བློ་རིག་དྭངས་པའི་ཨ་ཡས་དེ་ནི་དོན་འགྲུབ་ལྷ་མོ་རེད། ང་རང་དགུན་ཟླ་ཐ་ཆུང་གི་ཉིན་ཞིག་ལ་ཆེད་དུ་ཨ་ཡས་དོན་འགྲུབ་ལྷ་མོའི་མདུན་ན་བཅར་འདྲི་རུ་ཕྱིན་པ་ཡིན།ཨ་ཡས་འདས་དོན་བརྗོད་པར་ཤིན་ཏུ་སྤྲོ་ཞིང་སྐབས་རེར་བློ་སེམས་ནང་དུ་བཀུག་ཏེ་མཆི་མས་མིག་མཐར་བསྐོར་བ་དང་།མཚམས་རེར་འཛུམ་པའི་མདངས་དང་བཅས་ཏེ་གཏམ་རྒྱུད་རིང་མོའི་ལམ་ལ་བཞུད།
 སྤྱི་ཚོགས་རྙིང་པར་འཚར་ལོངས་བྱང་སྟེ།ཕྱི་གླིང་པའི་སློབ་གྲྭར་ཞུགས། དུས་རབས་སྔ་མའི་དུས་འགོར།རྒྱལ་ཁབ་མི་གཅིག་པའི་ཕྱི་གླིང་པ་མང་པོ་དར་མདོ་དང་འབའ་ཐང་སོགས་སུ་འབྱོར་ཏེ་ཡེ་ཤུའི་ཆོས་ཁང་འཛུགས་ནས་ཡེ་ཤུའི་ཆོས་ལུགས་ཁྱབ་བསྒྲགས་བྱས་པ་དང་།འབའ་ཐང་ན“ཧྭ་ཞིས་སློབ་གྲྭ”ཞེས་པའི་སློབ་གྲྭ་ཞིག་ཀྱང་འཛུགས།དོན་འགྲུབ་ལྷ་མོས་བཤད་རྒྱུར།དེ་དུས་འབའ་ཐང་ན་སློབ་གྲྭ་འདི་ལས་མེད་པ་དང་།སློབ་གྲྭ་རུ་ཞུགས་མཁན་མང་ཆེ་བ་ནི་ཁྱིམ་ཚང་དབུལ་པོའི་བུ་རྒྱུད་དག་ཡིན་ཞིང་།སློབ་གྲྭ་རུ་ཞུགས་ན་རིག་གནས་སྦྱངས་ཆོག་པས་མ་ཚད།ཉིན་གཅིག་གི་བཟའ་ཐེངས་གསུམ་གྱི་གནད་དོན་ཡང་ཐག་གཅོད་བྱེད་ཐུབ་ཟེར།  སྤྱི་ལོ༡༩༡༣ལོར་དོན་འགྲུབ་ལྷ་མོ་འབའ་ཐང་རྫོང་བོད་ཀྱི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས།ཆུང་དུས་ནས་རྩྭ་བརྔས་པ་དང་ཟོག་འཚོ་བ་སོགས་ཁྱིམ་ལས་གང་མང་བྱས་མྱངས་བ་དང་།སྐབས་དེར་མི་རྣམས“ཧྭ་ཞིས་སློབ་གྲྭ”རུ་ཞུགས་ཕོད་ལ་མི་ཕོད་པའི་དུས་སུ་དོན་འགྲུབ་ལྷ་མོའི་ཨ་མས་ཁོ་མོ་སློབ་གྲྭ་དེར་རུ་བསྐྱལ།དོན་འགྲུབ་ལྷ་མོའི་དྲན་ངོས་སུ་ནམ་ཡང་བརྗེད་པར་དཀའ་བ་ཞིག་ནི་ཧོའོ་གི་ཏན་ཞེས་པའི་ཨ་མེ་རི་ཀའི་དགེ་རྒན་ཞིག་ཡོད་པ་དེ་ཡིན།ཁོ་རང་རྔོན་བྱ་བ་ལ་ཤིན་ཏུ་དགའ་བ་དང་།རྒྱུན་པར་ཕྱི་ཡུལ་དུ་རྔོན་བྱེད་པར་འགྲོ་སྐབས་ཁོ་མོ་བོས་ཏེ་ཁོ་རང་གི་བྱིས་པ་དང་ཆུང་མ་ལ་རོགས་པ་བྱེད་དུ་འཇུག འདི་ལྟར་དོན་འགྲུབ་ལྷ་མོ་ཕྱི་གླིང་པའི་སློབ་གྲྭ་རུ་དེང་རབས་ཀྱི་སློབ་སྦྱོང་ལ་ཞུགས་པ་དང་།ཁོ་མོས་དགེ་རྒན་གྱི་སློབ་ཁྲིད་དང་སློབ་དེབ་སོགས་ལས་ཐོག་མར་རླངས་འཁོར་དང་མེ་འཁོར།གྲུ་གཟིངས་ཞེས་པ་ཤེས།དོན་འགྲུབ་ལྷ་མོའི་སེམས་སུ་ནམ་ཞིག་ཁོ་རང་རླངས་འཁོར་དང་མེ་འཁོར་སོགས་ལ་དངོས་སུ་སྡོད་རྒྱུ་བྱུང་ན་ཅི་མ་རུང་སྙམ།མི་རིང་བར་ཁོ་མོའི་འདོད་བློ་ཡང་དངོས་སུ་འགྲུབ་སོང་།  ཧོའོ་གི་ཏན་སོགས་ཕྱི་གླིང་པ་རྣམས་ཀྱིས་འབའ་ཐང་ལ་སློབ་གྲྭ་དང་སྨན་ཁང་འཛུགས་པ་དང་།སློབ་གྲྭ་རུ་ཞུགས་མཁན་གྱི་འབའ་ཐང་གི་སློབ་མའང་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་།རྗེས་ནས་འབའ་ཐང་ནས་འབྲལ་ཏེ་ཕྱིར་ལོག་པ་རེད།སྐབས་དེར་ཧོའོ་གི་ཏན་གྱིས་དོན་འགྲུབ་ལྷ་མོ་ལ་ཁྱོད་རང་ཕྱི་ཡུལ་དུ་སློབ་སྦྱོང་ལ་ཞུགས་འདོད་ཡོད་དམ་དྲིས་པ་དང་།དེ་དུས་ཆ་འཕྲིན་སོགས་སངས་པོ་མིན་པ་དང་ཕྱི་རོལ་གྱི་འཇིག་རྟེན་ཅི་འདྲ་ཞིག་ཡིན་པ་སུས་ཀྱང་མི་ཤེས་མོད།འོན་ཀྱང་དོན་འགྲུབ་ལྷ་མོའི་ཨ་མས་མོ་རང་ཧོའོ་གི་ཏན་དང་མཉམ་དུ་ཕྱི་ཡུལ་དུ་སློབ་སྦྱོང་ལ་མངགས་རྒྱུའི་ཐག་བཅད།དེ་ཉིན་དོན་འགྲུབ་ལྷ་མོས་ཨ་མ་ལ་གུས་ཕྱག་གསུམ་འཚལ་ཏེ་མིག་མཐར་མཆི་ཞགས་དང་བཅས་ཨ་མ་དང་མིང་པོ།གཅུང་མོ་སོགས་དང་ཁ་འབྲལ།
  མི་ཚེའི་ལས་དབང་མཐའ་ནས་བསྒྱུར་ཞིང་།སྐྱིད་སྡུག་གི་ཀྱོག་ལམ་གང་མང་རྒྱུ། དོན་འགྲུབ་ལྷ་མོ་ཁམས་པའི་རི་ཆུ་ལས་བརྒལ་ཏེ།ཧོའོ་གི་ཏན་གྱི་རོགས་རམ་འོག་ཁོ་མོ་ནན་ཅིང་ཅིན་ལིང་བུ་མོ་སློབ་གྲྭ་ཆེན་མོ་རུ་རྒྱ་ཡིག་སློབ་སྦྱོང་ལ་ཞུགས།ཁོ་མོས་བཤད་རྒྱུར།རང་རེའི་ཁམས་ཕྱོགས་ནི་ས་མཐོན་རི་གཟར་དང་འགྲིམ་འགྲུལ་མི་བདེ་བས་ཁམས་ཁུལ་ནས་ཕྱིར་ཐོན་པའི་བོད་མི་ཉིན་མོའི་སྐར་མ་ལས་ཀྱང་དཀོན་ཟེར།དོན་འགྲུབ་ལྷ་མོ་ཐོག་མར་སློབ་གྲྭ་དེར་ཐོན་ཚེ་མི་རྣམས་ཀྱི་ཆེས་མཚར་བའི་མིག་མདངས་དང་བཅས་ཁོ་མོ་ལ་བསྐོར་ཏེ་བལྟས་པ་དང་།བསམ་ཡུལ་ལས་འདས་པ་ཞིག་ནི་མི་ཚོགས་ཀྱི་ནང་ནས་ལ་ལས་ཁོ་མོ་ལ“ཀླ་ཀློ”ཞེས་བོས་པས་ཁོ་མོའི་སེམས་སུ་བཟོད་མེད་ཀྱི་ན་ཟུག་སྐྱེས།དོན་འགྲུབ་ལྷ་མོའི་བསམ་པར་ད་ནས་སློབ་སྦྱོང་ལ་བརྩོན་དེ་ཕྱིན་ཆད་ངེས་པར་དུ་དེབ་ཞིག་བྲིས་ནས་ཕྱི་རོལ་གྱི་མི་རྣམས་ལ་ཁམས་པའི་མི་དག་རིག་གནས་མེད་པའི་ས་གནས་སུ་འཚར་ལོངས་བྱུང་བ་ཞིག་མིན་པ་དང་།ཁམས་པའི་ས་ཁུལ་ཉིད་ཀླ་ཀློའི་ཡུལ་གྲུ་ཞིག་མིན་པ་ཤེས་སུ་འཇུག་རྒྱུའི་ཆོད་སེམས་ཀྱི་འདུན་པ་དྲག་ཏུ་འཕྱོར།དེ་ནས་ཁོ་མོས་རྩོམ་འབྲི་ལ་འབད་པ་དང་
གུང་ཆེན་ཚགས་པརསོགས་ཚགས་པར་དང་དུས་དེབ་ཀྱི་སྟེང་ལ་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་དང་གཏམ་དཔེ་སོགས་གང་མང་བཀོད་པ་རེད།འདི་ལྟར་ཁོ་མོས་ནན་ཅིང་ནསོག་བོད་ཟླ་རེའི་ཚགས་པརདུ་ཡིག་བསྒྱུར་དང་ཞུ་དག་གི་ལས་ཀ་བསྒྲུབས་ཞོར་ཆེད་སྦྱོང་ཚན་ཁག་གི་སློབ་གཞི་ཚང་མ་མཇུག་སྒྲིལ།སློབ་ཆེན་ལས་མཐར་ཕྱིན་རྗེས་ཁོ་མོ་སོག་བོད་སློབ་གྲྭ་རུ་བོད་ཡིག་དགེ་རྒན་དུ་ལས་བགོས་བྱས།  ཁོ་མོས་དེ་ནས་ཧོང་ཕུའུ་དམག་མིའི་སློབ་གྲྭའི་སློབ་ཁྲིད་དམག་དཔོན་ལི་ཁའེ་ཞེས་པ་ངོ་ཤེས།ལི་ཁའེ་ནི་སི་ཁྲོན་བྱང་རྒྱུད་ཀྱི་མི་ཡིན་པ་དང་།གཟུགས་མཐོ་ལ་རྫིག་ཉམས་ལྡན་པའི་ཕོ་གསར་ཞིག་ཡིན།༡༩༣༨ལོར་དོན་འགྲུབ་ལྷ་མོས་མི་ཚེའི་བདེ་སྡུག་ལི་ཁའེ་ལ་བཅོལ་ཏེ་ཁོ་དང་གཉེན་སྒྲིག་བྱས་པ་དང་།མི་རིང་བར་བུ་བུ་མོ་གཉིས་སྐྱེས།འོན་ཀྱང་བདེ་སྐྱིད་ཀྱི་འཚོ་བ་དམག་འཁྲུག་གིས་གཏོར་ཏེ་ཁོ་མོ་ཡོད་སའི་སློབ་གྲྭ་རི་འགོག་དམག་འཁྲུག་ལངས་རིང་ཁྲུང་ཆིང་དུ་གནས་སྤོས་བྱས་ཏེ་སོག་བོད་སློབ་གྲྭའི་མིང་ཀྱང་རྒྱལ་འཛུགས་ཆབ་སྲིད་སློབ་གླིང་ཞེས་པར་བསྒྱུར།དེ་ནས་བཟུང་ཁོ་གཉིས་ས་ཕྱོགས་གཉིས་སུ་འཚོ་བར་རོལ་དགོས་ཤིང་།འདི་ལྟར་ལོ་ཤས་འགོར་བས་མཐར་བཟའ་ཁ་གྱེས་དགོས་བྱུང་།བཟའ་ཁ་འཐོར་རྗེས་བུ་མོ་ཕ་དང་འབྲངས་ཏེ་རྗེས་ནས་ཐའེ་ཝན་ལ་སོང་།བུ་ཁོ་མོས་ཁྲིད་ཀྱང་ལོ་གསུམ་གྱི་རང་བྱུང་གནོད་འཚེ་འབྱུང་རིང་མུ་གེས་འཆི་ཤོར།ཁོ་མོས་བུ་དྲན་ཐེངས་རེར་མཆི་མའི་ཕྲེང་རྡོག་བར་མེད་གདོང་ལ་བཞུར། དོན་འགྲུབ་ལྷ་མོའི་བརྩེ་དུང་གི་ཆུ་མོའི་གཞུང་ལ་བར་ཆད་ཀྱི་རྦབ་རྡོ་འདྲིལ་བྱུང་ཡང་།རང་འཁྲིའི་བྱ་གཞག་གི་སྟེང་ལ་བླ་ལྷག་གིས་གྲུབ་འབྲས་ཐོབ་ཡོད།༡༩༤༠ལོར་དོན་འགྲུབ་ལྷ་མོར་རྒྱལ་འཛུགས་ཆབ་སྲིད་སློབ་གླིང་གིས་དགེ་རྒན་ཆེན་མོ་གཞོན་པའི་གོ་མིང་གནང་བ་དང་།དེ་དུས་ཀྱི་ཁོ་མོ་སྔར་དང་མི་འདྲ་བར་ལོ་ན་ཆུང་བའི་དགེ་རྒན་ཆེན་མོ་བ་ཞིག་དང་ཁམས་པའི་ས་ཁུལ་ནས་ཡོང་བའི་བོད་རིགས་ཀྱི་བུད་མེད་ཅིག་ཡིན་ཕྱིན་མི་རྣམས་ཀྱི་མིག་གིས་བལྟས་ཡུལ་དང་རྣ་བས་གཏད་ཕྱོགས་སུ་གྱུར། ༡༩༤༦ལོར་དོན་འགྲུབ་ལྷ་མོས་བྲིས་པའིཀྲུང་གོའི་མཐའ་མཚམས
ཞེས་པ་དཔེ་བསྐྲུན་བྱས་པ་དང་།དེ་ལས་ཁོ་མོས་ཁམས་པ་ནི་རིག་གནས་མེད་པ་དང་ཀླ་ཀློའི་ཡུལ་གྲུ་ཞིག་མིན་པ་དང་།མཐའ་མཚམས་གསར་སྦོལ་བྱེད་སྟངས་དང་སློབ་གྲྭ་འཛུགས་ལུགས་སོགས་བསྟན་ཡོད་པས་དེབ་དེར་མི་རྣམས་ཀྱི་དགའ་བ་ཐོབ།  ༡༩༤༧ལོར་དོན་འགྲུབ་ལྷ་མོ་སྤྱི་ཚོགས་སུ་སྤྱོད་ཡོན་ལྡན་པའི་སྐུ་ཚབ་ལ་བདམས་པ་དང་།མིང་གྲགས་ཀྱང་སྔར་ལས་ཆེ་བར་སོང་།༡༩༥༠ལོར་དོན་འགྲུབ་ལྷ་མོ་ནན་ཅིང་ནས་དེ་དུས་ཀྱི་ཞི་ཁམས་ཞིང་ཆེན་དུ་ལོག གཡག་རྔ་རུ་ཡིག་བསྒྱུར་གྱི་ལས་ཀ་བསྒྲུབས།རྗེས་སུ་ཞི་ཁམས་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་མཉམ་སྡུད་བྱས་དུས་ཁྲེང་ཏུའུ་ལ་སོང་སྟེ་ཡིག་བསྒྱུར་གྱི་ལས་ཀར་ཞུགས་པ་རེད།དེ་དུས་དོན་འགྲུབ་ལྷ་མོ་སླར་ཡང་རང་ཉིད་ཚེ་གཅིག་གི་གཏན་གྲོགས་ལྕགས་ལ་ཚང་གི་ཞང་པོ་སྐལ་བཟང་དང་འཕྲད་དེ།༡༩༥༦ལོར་གཉེན་སྒྲིག་བྱས་པ་དང་།ཁོ་མོའི་ཡིག་བསྒྱུར་གྱི་ལམ་བུ་རུ་སྐལ་བཟང་གི་རོགས་རམ་ཚད་མེད་ཐོབ་པ་དང་།ཁོ་གཉིས་ཀྱི་བར་དུ་ཆུ་མོ་ལས་རི་ཞིང་།བྲག་རི་ལས་བརྟན་པའི་བརྩེ་དུང་ཟབ་མོ་ཆགས།  རིག་གནས་གསར་བརྗེའི་སྐབས་ཁོ་གཉིས་མཉམ་དུ་དར་མདོར་ལོག་ནས་མི་དམངས་མང་ཚོགས་ཀྱི་སློབ་གསོ་ལ་ཞུགས།དེ་ནས་རིག་གནས་གསར་བརྗེའི་ཆར་རླུང་ཡོལ་རྗེས་ཁོ་གཉིས་མཉམ་དུ་དཀར་མཛེས་ཁུལ་སྲིད་གྲོས་སུ་ལས་བགོས་བྱས་པ་དང་།ལས་འཁྱུར་ངལ་གསོའི་བར་དུ་ལས་གནས་སུ་ཞུགས།
     རིག་གནས་ཀྱི་བྱ་གཞག་ཀུན་ནས་བསྐྱངས་ཏེ།ཚེ་འཇུག་གི་འཚོ་བའི་དཔལ་ལ་རོལ། དོན་འགྲུབ་ལྷ་མོ་དར་མདོར་འབྱོར་རྗེས་སེམས་སུ་ཕ་ཡུལ་ལ་ཕན་པའི་བྱ་བཞག་ཕྲན་བུ་ཙམ་བསྒྲུབ་རྒྱུར་རེ་བས།ཁོ་མོ་བྱིས་པའི་དུས་ནས་དམངས་ཁྲོད་ཀྱི་སྒྱུ་རྩལ་པས་གེ་སར་གྱི་ལྷ་སྒྲུང་འཆད་པ་ལ་ཉན་ཞིང་།མི་རིགས་ཀྱི་དཔའ་བོ་དེར་མོས་འདུན་གྱི་གུས་པ་རབ་ཏུ་སྐྱེས།ཁོ་མོས་རང་རྒྱལ་དང་རང་ཁུལ་གྱི་གེ་སར་ཞིབ་འཇུག་གི་ལས་རིགས་སུ་ཞུགས་ཏེ།ཞིང་ཆེན་དང་ལྗོངས་ལྔར་བསྐོར་ནས་གེ་སར་ཀྱི་སྙན་སྒྲུང་སྔོག་འདོན་དང་དག་སྦྱོར།ཡིག་བསྒྱུར།བསྡུ་རུབ།ཞིབ་འཇུག་བཅས་ཀྱི་དོན་ལ་གཉེར།དོན་འགྲུབ་ལྷ་མོས་
གླིང་སྒྲུངནི་འཛམ་གླིང་ན་ཆེས་རིང་བའི་སྙན་ངག་ཅིག་ཡིན་པ་དང་།དེ་ལས་བརྗོད་དོན་སྣ་མང་འདུས་ཏེ་དེང་རབས་ཀྱི་སྤྱི་ཚོགས་སུ་མི་རྣམས་ཀྱི་བསམ་བློ་དང་འཛུགས་སྐྲུན་བྱ་གཞག་བཅས་ཀྱི་ཐད་ལ་ཕན་ནུས་གལ་ཆེན་ལྡན་ཞེས་སྨྱུག་འཛིན་པར་བཤད་པ་དང་།གླིང་སྒྲུངཡིག་བསྒྱུར་གྱི་ལས་རིམ་ཁྲོད་དུ་ཁོ་མོས་ལ་རོགས་རྣམས་དང་མཉམ་དུ་དེ་ལས་མཐོང་བའི་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་དང་དམངས་གླུ་སོགས་ཕྱོགས་བསྡུས་བྱས་ནས་དེབ་ཏུ་བསྐྲུན།༡༩༨༡ལོ་ནས་ལོ་བཅུའི་རིང་ལ་ཁུལ་སྲིད་གྲོས་སུ་ཁོ་མོ་དང་ལས་རོགས་རྣམས་ཀྱིས་མཚན་མོ་སློབ་གྲྭ་འཛུགས་པ་དང་།དེ་ལས་ལས་ཁུངས་སོ་སོའི་ལས་བྱེད་པ་དག་ལ་བོད་ཡིག་སོགས་ཀྱི་སློབ་ཁྲིད་མཛད་པ་དང་།ཁོ་མོས་བོད་རང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་བར་བློ་སེམས་རབ་ཏུ་དཀར་ཞིང་།རང་ཉིད་ཀྱི་སློབ་མའང་ལས་ཀར་གྲུབ་འབྲས་ཐོན་པ་ལ་ཡིད་སེམས་ཧ་ཅང་སྤྲོ་བཞིན་ཡོད།  དགུང་གྲངས༩༩ལ་སོན་པའི་ཨ་མྱེས་སྐལ་བཟང༢༠༠༤ལོར་ཁོ་མོ་དང་ཁ་འབྲལ།དུས་རབས་གསར་པའི་ནང་ཁོ་མོའི་སྙིང་ནས་བརྩེ་བའི་ཚེ་གྲོགས་འཇིག་རྟེན་གཞན་ཞིག་ཏུ་སོང་ན་ཡང་།ཐའེ་ཝན་ན་ཡོད་པའི་བུ་མོ་དང་ཚ་བོ་རྒྱུན་པར་དར་མདོར་ཁོ་མོ་ལ་གཏུག་ཏུ་ཡོང་བ་དང་།དོན་འགྲུབ་ལྷ་མོའི་ཚེ་མཇུག་གི་བློ་སེམས་ལྷོད་ཅིང་།འཚོ་བ་བདེ་ཞིང་སྐྱིད་པར་གནས་སོ།།  ང་རང་ཨ་ཡས་དོན་འགྲུབ་ལྷ་མོའི་ས་ནས་བཅར་འདྲི་རྫོགས་ཏེ་ཕྱིར་ལོག་རིང་ཁོ་མོས་ང་ལ་གདམས་པའི་ཁ་ཏ་གང་མང་གནང་ཞོར་བཀྲ་ཤིས་ཀྱི་སྨོན་ལམ་ལྷུག་པོར་བརྗོད་པ་དང་།ངས་ཀྱང་ཨ་ཡས་ལ་སྐུ་ཁམས་བདེ་བའི་སྨོན་འདུན་ཡང་ཡང་ཞུས་ཏེ་ཁ་གྱེས་སོ།། 

 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060