༄༅།།རྩོམ་རིག་དཔྱིད་ཀྱི་དགའ་སྟོན།
 
༄༅།། ཙུ་གུ་འཕྲོག་པ།
སྤེལ་དུས། 2008-06-20    ཡོང་ཁུངས་།    རྩོམ་པ་པོ། གཡང་འཚོ་སྐྱིད།

   ངེད་ཚང་ལ་སྙིང་རྗེ་བའི་བྱི་ལ་ཞིག་ཡོད་པ་དེའི་ལུས་པོ་ཧ་ཅང་ནའང་སྟོབས་ཤུགས་དང་སྙིང་སྟོབས་ཆེན་པོ་འཛོམས་ཡོད། ནམ་ཡང་ཙུ་ཞིག་ཁུང་བུར་འཛུལ་བ་མཐོང་མ་ཐག་ལམ་སང་རྒྱུགས་ནས་ས་ཁུང་གི་ཁར་བསྡད་དེ་དབུགས་ཀྱང་འབྱིན་རྔུབ་མི་བྱེད་པར་བསྒོངས་ཏེ་འགུལ་ཙམ་ཡང་མི་བྱེད་པར་ཙུ་གུ་དེ་སྒོར་ཡོང་རག་བར་དུ་གང་ལའང་མི་འགྲོ་བར་འདུག་ངེས་རེད། ཐ་ན་ས་རུབ་པ་དང་དགོང་མོར་སླེབས་ནའང་ཁྱིམ་དུ་མི་ལོག་པར་དེར་ཞག་སྡོད་བྱེད་ངེས་རེད།

   ཉིན་ཞིག་ལ། བྱི་ལ་ཆུང་ཆུང་དེས་གང་ནས་བཟུང་ཡོང་བའང་མི་ཤེས་པར་ཁ་ལ་ཙུ་གུ་ཞིག་ཐུར་དུ་དཔྱངས་ཏེ་ཁྱེར་ཡོང་བའི་ཚུལ་དེ་མཐོང་མ་ཐག་བདག་གིས་ཙུ་གུ་དེ་སྙིང་རྗེ་ནས་སྲོག་སྐྱོབ་དགོས་བསམ་སྟེ་བྱི་ལ་ཐེངས་མང་པོར་ཡར་བདའ་མར་བདའ་བྱས་མོད་འཕྲོག་མ་ཐུབ་པ་མ་ཟད། ང་རང་ཐང་ཆད་པར་གྱུར། སྐབས་དེར་བྱི་ལས་ང་རང་ཐང་ཆད་པ་རྟོགས་པ་བཞིན་ཙུ་གུ་ཁ་ནས་ལྷོད་ཅིང་རང་སྒྲ་སྒྲོག་ཞོར་ཡར་བལྟ་མར་བལྟ་བྱེད་པའི་སྒང་དེར་ངས་རྐང་འཇབ་ལག་འཇབ་ངང་བྱི་ལའི་རྔ་ནས་བཟུང་སྟེ་ཁ་ནང་ནས་ཙུ་གུ་འཕྲོག་པ་ཡིན། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ཙུ་གུ་དེ་ཤི་ཟིན་པས་བདག་གི་སེམས་པ་གློ་བུར་དུ་སྐྱིད་པོ་མ་བྱུང་བར་གྱུར། 

   སྐབས་དེར་བྱི་ལ་ངའི་གམ་ལ་ཡོང་ནས་མཱ་ཡོང……མཱ་ཡོང་ཞེས་ངུ་ཞོར་གསལ་ཞིང་འོད་འཚེར་བའི་ཁྲ་ཆུང་མིག་གཉིས་ངའི་ཕྱོགས་སུ་ཅེར་འདུག དེ་ནས་ངའི་སེམས་ལ་གང་ལྟར་ཚེ་སྲོག་ཆུང་ཆུང་འདི་ཤི་འདུག་པས་ཁོ་ལ་བྱིན་ན་ལེགས་བསམ་སྟེ་དངན་པ་རིང་པོ་ཞིག་འཐེན་ཞོར་ཙུག་རོ་སར་གཡུག་པ་ན། ཁོས་མཆོང་ཐེངས་གཅིག་གིས་བེམ་པོ་དེ་ཁ་ནང་ལ་དམ་པོར་བཟུང་སྟེ་ཁྲག་རྗེས་ཤིག་འཐེན་ནས་བྱེ་སྒམ་གྱི་འོག་ཏུ་འཛུལ་སོང་། 

 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060