༄༅།།རྩོམ་རིག་དཔྱིད་ཀྱི་དགའ་སྟོན།
 
༄༅།།ཉམ་ཆུང་གི་བུད་མེད།
སྤེལ་དུས། 2008-06-20    ཡོང་ཁུངས་།    རྩོམ་པ་པོ། ཆུ་ཁུ་ཧྥུ་ཡིས་བརྩམས། སྤྲེལ་ནག.རིག་འཛིན་གྲགས་ལྡན་གྱིས་བསྒྱུར།
  ཉིན་འགའི་སྔོན་ལ། ངའི་བྱིས་པ་ཚོའི་ཁྱིམ་གཞིའི་དགེ་རྒན་ཡོ་ལི་ཝ་ཤི་ལི་ཡས་ཧོ་རྣ་ངའི་གཞུང་ལས་ཁང་དུ་བོས་ཏེ་ཁོ་མོར་ཟླ་ཕོགས་རྩིས་རྒྱག་སྙམ། 

ངས་ཁོ་མོར་“སྡོད། ཡུ་ལི་ཡ་ཝ་ཤི་ཡས་ཧོ་རྣ། འུ་གཉིས་ཀྱིས་ཁྱོད་ཀྱི་ཟླ་ཕོགས་ལ་རྩིས་ཤིག་རྒྱག ཁྱོད་ལའང་སྒོར་མོའི་དགོས་མཁོ་ཡོད་ཀྱི་རེད། ཁྱེད་རང་གཉོམ་ཆུང་བྱས་ནས་ལེན་མི་ཕོད་དེ། ……འདི་ནི……འུ་གཉིས་ཀྱིས་གྲོས་བྱས་ཟིན་པས། ཟླ་གཅིག་ལ་དངུལ་ལུ་པུ་སུམ་ཅུ……”

“ལུ་པུ་བཞི་བཅུ……”

   “ཟླ་གཉིས་ཏག་ཏག་ཡིན་……ངས་འདི་ན་གསལ་པོར་བྲིས་འདུག འདི་ལྟར་བྱས་ན་ཁྱེད་ལ་ཟླ་གཉིས་ཀྱི་རིང་འདིར་ལུ་པུ་དྲུག་ཅུན……དེའི་ནང་ནས་གཟའ་ཉི་མ་དགུ་ཕུད་ཚེ……་དོན་དམ་དུ་གཟའ་ཉི་མའི་ཉིན་ཁྱོད་ཀྱིས་ཡུ་ལི་དང་མཉམ་དུ་སློབ་སྦྱོང་བྱེད་ཀྱི་མེད་དེ། ངལ་གསོ་བ་ལས་བྱ་བ་སྒྲུབ་མེད་……ད་དུང་ངལ་གསོའི་དུས་ཆེན་གསུམ……”

ཡུ་ལི་ཡ་ཝ་ཤི་ལ་ཡས་ཧོ་རྣའི་གདོང་དམར་པོར་གྱུར། ཁོ་མོས་ལྭ་བའི་ཐུ་སྣེའི་ལྟེབ་གཉེར་བཤིག་པ་ལས་ཁ་ཅི་ཡང་མ་གྲག……

   “དུས་ཆེན་གསུམ་ལ། ལུ་པུ་བཅུ་གཉིས་འཐེན་དགོས……ཡུ་ལི་ཡ་ཉིན་བཞིར་ན་ནས་སློབ་ཁྲིད་བྱེད་མ་ཐུབ……ཁྱོད་ཀྱིས་ཝ་ལས་ཡ་གཅིག་པུར་མ་གཏོགས་སློབ་ཁྲིད་མ་བྱས……ཉིན་གསུམ་ལ་ཁྱོད་ཀྱི་སོ་ན་ནས་ངའི་ཆུང་མས་ཁྱེད་ཀྱིས་ཟས་བཟོས་རྗེས་ངལ་གསོའི་དུས་ཚོད་བྱིན་པ་ཡིན……བཅུ་གཉིས་ཀྱི་ཁར་བདུན་བསྣན་ན་བཅུ་དགུ་དེ་དག་འཐེན་ཚེ……ད་དུང……ཨུན……ལུ་པུ་བཞི་བཅུ་ཞེ་གཅིག་ཏག་ཏག་འགྲིག་འདུག་གམ”ཡུ་ལི་ཡ་ཝ་ཤི་ཡས་ཧོ་རྣའི་མིག་རྩ་དམར་པོར་གྱུར་པ་མ་ཟད་མིག་མཐར་མཆི་མའང་འཁྱིལ་འདུག མ་ལེའང་འདར་བཞིན་ཡོད་ལ་གློ་ལུ་འགའ་ཡང་བྱས། ད་དུང་སྣ་ཆུའང་འབུད་ཙམ་བྱས། ཡིན་ཡང་སྔར་བཞིན་ཁ་ཅི་ཡང་མ་གྲག“ལོ་གསར་གནམ་གང་གི་དགོང་མོར། ཁྱེད་ཀྱིས་ཤེལ་གྱི་དཀར་ཡོལ་ཆ་ཚང་ཞིག་བཅག་པས་དངུལ་ལུ་པུ་གཉིས་འཐེན་དགོས…….དཀར་ཡོལ་གྱི་རིན་གོང་དོན་དངོས་སུ་བཤད་ན་དེ་ལས་ཀྱང་མཐོ། དཀར་ཡོལ་དེ་ངེད་ཚང་གི་ཁྱིམ་རྒྱུད་ཀྱི་གཅེས་ནོར་ཡིན……གནམ་བདག་ཆེན་མོས་ཁྱེད་ལ་མགོན་སྐྱབས་གནང་རོགས་ཞུ། དེའི་རྗེས་ནས།   ངེད་ཚང་གི་རྒྱུ་ནོར་དུས་རྒྱུན་དུ་བོར་བརླག་བྱུང་གི་ཁྱོད་ཀྱིས་བྱིས་པར་བདག་སྐྱོང་བྱས་པ་མི་འདང་བས་ཡུ་ལི་ཡ་སྡོང་འགོར་འཛེགས་ནས་ལྭ་བ་རལ་འདུག་པ་ལ་དངུལ་ལོར་བཅུ་འཐེན།……གཡོག་མོ་ཞིག་གིས་ཝ་ལི་ཡ་ཡི་ལྷམ་བརྐུས་སོང་བའང་ཁྱོད་ཀྱིས་བདག་སྐྱོང་མ་བྱས་པའི་རྐྱེན་ཡིན་ལ། ཁྱོད་ཀྱིས་འདི་དག་ལ་འགན་ཁུར་དགོས། ཁྱོད་རང་ཟླ་ཕོགས་ལེན་མཁན་ཡིན་པས་ད་དུང་ལུ་པུ་ལྔ་འཐེན་དགོས……ཟླ་དང་པོའི་ཚེས་དགུའི་ཉིན་ཁྱོད་ཀྱི་འདི་ནས་དངུལ་ལོར་དགུ་བསྐྱིས་ནས་ཁྱེར་སོང……”

ཡུ་ལི་ཡ་ཝ་ཤི་ཡས་ཧོ་རྣས་སྐད་གདངས་དམའ་ མོའི་ངང་“ངས་མ་བསྐྱིས་”“ངས་འདི་ན་གསལ་པོར་བྲིས་འདུག”“རེད”

“བཞི་བཅུ་ཞེ་གཅིག་ཁ་ནས་ཉི་ཤུ་རྩ་བདུན་འཐེན་རྗེས་བཅུ་བཞི”

ཁོ་མོའི་མིག་ཟུང་མཆི་མས་ཁེངས་ཤིང་གདོང་ཡོངས་ནས་རྔུལ་ཆུ་བཞུར་བཞིན་འདུག ཅི་འདྲའི་སྙིང་རྗེ་འོས་པའི་ཉམ་ཆུང་བུ་མོ་ཞིག་རེད་ཨང་།

 ཁོ་མོས་སྐད་ཅུང་ཙམ་འདར་ནས་“ཐེངས་གཅིག་ངས་ཁྱོད་ཀྱི་ཆུང་མའི་ལག་ནས་ལུ་པུ་གསུམ་བསྐྱིས་ནས་ཁྱེར་པ་ཡིན……དེ་མ་གཏོགས་ཁྱེར་མ་མྱོང་……”

“ཨེ་རེད། ལུ་པུ་ག་ཚོད་ཡིན་པ་ནི་ངའི་འདི་ན་བྲིས་མེད་ཀི དངུལ་ལོར་བཅུ་བཞིའི་ཁ་ནས་……འདི་ན། འདི་ཁྱེད་ཀྱི་ཟླ་ཕོགས་རེད། སྙིང་རྗེ་བའི་བུ་མོ།  དངུལ་ལོར་གསུམ……དངུལ་ལོར་གསུམ……ད་དུང་དངུལ་ལོར་གསུམ……དངུལ་ལོར་གཅིག་གི་ཁར་གཅིག་བསྣན་ན་……འདི་ཁྱོད་ཀྱིས་ལེན་རོགས་”

ངས་དངུལ་ལོར་བཅུ་གཅིག་ཁོ་མོར་བྱིན……ཁོ་མོས་ལག་པ་ཅུང་འདར་ཙམ་བྱས་ནས་ཕར་བླངས་ཤིང་ཨམ་ཕྲག་ཏུ་བཅུག་སྟེ་སྐད་གདངས་དམའ་མོའི་ངང་། 

“བཀའ་དྲིན་ཆེ།”“ང་ཧུར་གྱིས་ཡར་ལངས་ཏེ་ཕར་འགྲོ་འགའ་བྱས་མོད། ཁོང་ཁྲོའི་སྙིང་རླུང་སྟོད་ལ་འཚང་བཞིན་སེམས་བདེ་ལ་འབབ་མ་ཐུབ།”

“ཅིའི་ཕྱིར་བཀའ་དྲིན་ཞུ

“ཁྱེད་ཀྱིས་ང་ལ་སྒོར་མོ་བྱིན་པའི་ཕྱིར……”

“འོན་ཀྱང་ངས་ཁྱོད་ཀྱི་ཡོད་ཚད་མ་ལུས་པར་འཕྲོག་པ་སུས་ཤེས་ཡོད། འདི་ནི་འཕྲོག་བཅོམ་ཡིན། དོན་དངོས་ཐོག་ངས་ཁྱོད་ཀྱི་སྒོར་མོ་ཚང་མ་བརྐུས་པ་ཡིན། ཅིའི་ཕྱིར་ད་དུང་བཀའ་དྲིན་ཞུ

“ཡིན་ཡང་ས་གཞན་ནས་སྐར་གང་ཡང་མི་སྟེར་ཀི ” “མི་སྟེར་ཀི“དེ་འདྲའི་དཔེ་ཞིག་གང་ན་ཡོད། ངས་ཁྱེད་ལ་ཀུ་རེ་རྩེ་བ་ཡིན། ཁྱེད་ལ་བསླབ་བྱ་བཏང་བ་ཐལ་དྲགས་སོང་རྒྱུ་རེད……ཁྱེད་ལ་ཐོབ་འོས་པའི་དངུལ་ལོར་བརྒྱད་ཅུ་ཁ་ཚང་ངང་ཁྱེད་ལ་སྟེར་ངེས། འདི་ན་ངས་སྔ་མོ་ནས་ཡིག་ཤུབས་ནང་དུ་བཅུག་ཡོད།   ཁྱོད་དེ་ལྟར་མི་དགའ་བས་ཅི་བྱེད།   ཅིའི་ཕྱིར་ངོ་རྒོལ་མི་བྱེད་དམ། ཅིའི་ཕྱིར་ཁ་ཅི་ཡང་མི་གྲག འཇིག་རྟེན་འདིའི་སྟེང་དུ་འདི་ལྟར་གཉོམ་ཆུང་བྱས་ནས་འཚོ་ཐུབ་བམ། མི་ཞིག་ཡིན་ན་འདི་ལྟར་ཉམ་ཆུང་ཡིན་ན་ཆོག་གམ།”

ཁོ་མོ་ངུ་དགོད་ཅིག་བྱས། ཁོ་མོའི་ངོ་གདོང་གི་རྣམ་འགྱུར་ལས་དེ་ལྟར་ཆོག་པ་གསལ་པོར་ཤར་འདུག

ངས་ཁོ་མོར་རྩུབ་དྲགས་ཀྱི་བསླབ་བྱ་བཏང་བར་ང་ལ་གུ་ཡངས་གཏོང་དགོས་པའི་ཞུ་བ་བྱས་པ་དང་སྦྲགས། ཁོ་མོའི་དཀའ་སྤྱད་ཀྱི་ངལ་རྩོལ་འབྲས་བུ་དངུལ་ལོར་བརྒྱད་ཅུ་ཐམ་པ་བོ་ཁོ་མོར་བྱིན། ཁོ་མས་དངངས་སྐྲག་གིས་“བཀའ་དྲིན་ཆེ”ཞེས་བཤད་རྗེས་སྒོར་བུད་སོང་།

ངས་ཁོ་མོའི་རྒྱབ་གཟུགས་ལ་ཅེར་ནས་བསམ་གཞིགས་ཤིག་བྱས།

“འཇིག་རྟེན་འདིར་མི་བཙན་པོ་ཞིག་བྱེད་པ་ནི་ཅི་འདྲའི་སླའང་།”

 

 
 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060