༄༅།།རྩོམ་རིག་དཔྱིད་ཀྱི་དགའ་སྟོན།
 
༄༅།།ཨ་མའི་ལམ་འཇུག་དང་མིག་ཆུ།
སྤེལ་དུས། 2009-02-09    ཡོང་ཁུངས་།    རྩོམ་པ་པོ། ནུབ་བྱང་མི་རིགས་སློབ་ཆེན། སངས་རྒྱས་མཁར།
  ང་ལ་མཚོན་ན། ཨ་མའི་ལམ་འཇུག་དང་སྤྱན་མཐར་འཁྱིལ་བའི་མཆི་མ་ནི། སློབ་གྲྭར་འགྲོ་ཁའི་ལམ་རྒྱགས་ཡིནལ། རང་གིས་མདུན་ལམ་སྙེག་པའི་སྐྱེལ་མའང་ཡིན། དེ་ནི་མི་ཚེ་འདིའི་ཆེས་བདེ་སྐྱིད་ཅིག་དང་། ཕྱིར་དྲན་གྱི་རི་མོ་ཞིག ཡང་ན་གསལ་འདེབས་ཀྱི་ཅོང་ཆུང་ཞིག་ཀྱང་ཡིན།

རང་ཉིད་ཕ་ཡུལ་ལ་ལོག་ཐེངས་རེར། ཕ་མ་ནི་རང་གི་བྲན་གཡོག་བཞིན། ཞབས་ཞུ་བ་བཞིན། ངོ་ཡི་དཀར་ནག་འཚོལ་བའི་བདག་མོ་བཞིན། ལུས་ཀྱི་འབྱུང་གཞི་བརྟག་པའི་སྨན་པ་བཞིན། ང་ལ་གཉིད་སྐྱིད་པོ་ཞིག་ཁུག་ཡོད་མེད་དང་། ཁ་ལ་ཟས་ཞིམ་པོ་ཞིག་རེག་མིན།   ཡང་ནང་འཇམ་གང་ཡག་པོ་ལོངས་སུ་སྤྱད་ཡོད་མེད་ནི་ཁོ་མོའི་སེམས་ཀྱི་བདེ་སྡུག་གི་ཚད་གཞི་ཉག་གཅིག་ལགས། དེ་བས་ཀྱང་ལྷག་པ་ནི། རང་གི་འབྱུང་འགྱུར་དང་མདུན་ལམ་གྱི་འོད་སྣང་ཉག་མ་ཙམ་རེ་མཐོང་རེངས་རེར། ལོ་ཐོག་གཞན་གྱི་ལོ་ཐོག་ཡག། བུ་ཕྲུག་རང་གི་བུ་ཕྲུག་ཡག། ཅེས་པའི་གཏམ་དཔེས་མཚོན། དབྱར་དགུན་གནང་གི་དུས་ཡུན་ནི་ང་ལ་མཚོན་ན་ཆེས་རིང་ཞིང་འཁྱོལ་ཐབས་དཀའ་བའི་དོན་ཞིག་ཡིན་མོད། དེ་ལས་ལྡོག་སྟེ་ཨ་མ་ལ་མཚོན་ན་ངའི་གནང་བའི་དུས་ཚོད་ནི་མདའ་ལྟར་སྐྱེན་པས་དེ་ནི་མོའི་ན་ཟུག་ཅིག་དང་མནར་གཅོད་ཅིག་རེད།   

ཕྱིར་སློབ་གྲྭར་ལོག་ཁར། ང་ནི་ཡུལ་མི་ཚོའི་ལུས་ཀྱི་ཟུངས་ཁྲག་གཞིབ་མཁན་གྱི་གཤེད་མ་ཞིག་དང་འདྲ་མོད། ཁོ་ཚོ་ལ་བག་འཛིན་དང་སེར་སྣ་སྤུ་ཙམ་ཡང་མེད་པར་ཡོད་ཚད་ང་ལ་སྟེར་བས་ངའི་དངུལ་ཁུག་གི་རྔམས་ནམ་ཡང་ཇེ་མཐུག་ཏུ་འགྱུར་ངེས་ཀྱང་། ད་དུང་ཨེ་འདང་དང་ཨེ་ཆོག་ཅེས་པ་ནི་ཁོ་མོ་ཆེས་སྤྲོ་བའི་འདི་ཚིག་ཅིག་རེད། ལྷག་པར་དུ་ཨ་མས་རང་གི་མཐུ་སྣེ་ཡིས་མིག་ཆུ་འབྱིད་བཞིན་རྟག་ཏུ་ལམ་འཇུག་བྱེད་པ་དྲན་ཚེ། རང་ཉིད་ལ་འོས་འགན་ལྕི་མོ་ཡོད་པ་རྟོགས་ལ། རང་ཉིད་ནི་ཡུལ་མི་ཚོའི་རེ་བཞག་བསྙལ་སའི་གཞི་མ་ཡིན་པའང་ཚོར་ངེས། དེ་ལས་ཀྱང་ལྷག་པ་ནི། རང་ཉིད་ནི་མི་རབས་ཤིག་གི་གཞི་འཛིན་པ་ཡིན་པའང་སྙིང་ནས་ཚོར་བྱུང་། དུས་དེ་རིང་། དྲིན་ཆེན་ཨ་མའི་ལམ་འཇུག་བྱེད་ཐེངས་རེའི་ཆེད་དང་ཡང་ན་མིག་ཆུའི་ཕྲེང་བ་གཏོར་ཐེངས་རེའི་ཆེད་དུ། ངས་ཅིས་ཀྱང་རང་ཉིད་མི་གཤིས་བརྟན་ཅིང་སྙིང་རྗེ་ཡོད་པའི་གཞོན་རབས་པ་ཞིག་བྱེད་དགོས།

སྙིང་དམར་བོའི་འཕར་རྩ་གཏམ་ལ་བཅོལ།། གཏམ་སྙན་མོ་ངག་ནས་མི་འཁྲོལ་རུང་།། ཡུལ་ཕ་མའི་རེ་བ་སྐོང་བའི་ཆེད།། དུས་ཉིན་མཚན་མེད་པར་བརྩོན་འགྲུས་བསྐྱེད། 

 

འབྲུག་མོས་ཞུ་དག་བྱས།

 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060