༄༅།།གསོ་རིག་བདུད་འཇོམས་རལ་གྲི།
 
༄༅།།བུད་མེད་ཀྱི་ཐོབ་ཐང་དང་འདྲ་མཉམ།
སྤེལ་དུས། 2008-12-30    ཡོང་ཁུངས་། བོད་གཞུག་སྐྱིད་ཀྱི་ཟིན་བྲིས་ལས་བཤུས།    རྩོམ་པ་པོ། བོད་གཞུག་སྐྱིད།

       ང་ཚོས་རང་རེའི་མེས་པོ་དམ་པ་དག་གིས་ལོ་རྒྱུས་ཀྱི་ཡིག་ཚང་ལ་ཞིབ་བལྟ་བྱས་ན་འཛམ་གླིང་ས་ཡི་སུམ་གཉིས་དབང་བསྒྱུར་མཛད་པའི་བཙན་པོའི་ལོ་རྒྱུས་དང༌།སྙིང་སྟོབས། བློ་གྲོས་སོགས་མངོན་པར་གསལ་མོད།དེ་དུས་བུད་མེད་ཀྱི་འགན་འཁྲི་དང་འཇོན་ཐང༌།གནས་བབ་དང་ཐོབ་ཐང་སོགས་ཞིབ་མོར་བྲིས་ཡོད་པའི་ཡིག་ཚགས་ནི་ཉིན་མོའི་སྐར་མ་བཞིན་ནོར །ཡིན་ནའང་ང་ཚོས་ཤུགས་ཟུར་གང་རུང་ནས་མཐོང་ཐུབ་པ་ནི་རྒྱལ་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱི་ཆབ་སྲིད་བསྐྱངས་ཚུལ་དང༌།མ་ཅིག་ལབ་གྱི་སྒྲོན་མ་ཡིས་ཟབ་མོ་གཅོད་ཀྱི་གདམས་པ་གསར་གཏོད་མཛད་ཚུལ།མི་ལ་རས་པའི་མ་ཡུམ་མྱང་ཚ་དཀར་རྒྱན་གྱིས་སྤོབས་པ་དང་ཆོད་སེམས་སོགས་ཀྱིས་བོད་མོ་ཚོའི་ལྷན་གཤིས་སུ་མངའ་བའི་བློ་གྲོས་དང༌།བརྩོན་འགྲུས།སྤོབས་པ།ད་དུང་རང་ཉིད་ཀྱི་ནུས་པར་བརྟེན་ནས་འཚོ་བ་རོལ་དགོས་པའི་རང་བཀུར་དང་ཁོག་དཔུང་ལ་རྒྱ་སོགས་ཀྱིས་བརྟས་པའི་མི་མོའི་གཤིས་ཀ་ཞིག་མངོན་པར་རྟོགས་འོང་ལ།ད་དུང་གནམ་གྱི་ཁྲི་བདུན་སྐབས་སུ་བཙན་པོ་དག་གིས་མིང་གི་ཐོག་མའང་ཡུམ་གྱི་མིང་ཐོག་མ་ཡིན་པར་གཞིགས་ན་དེ་དུས་བུད་མེད་ཀྱི་གོ་གནས་སམ་ཐོབ་ཐང་ཡང་ཁྱིམ་ཚང་དེའི་ཁོར་ཡུག་ཁྲོད་ན་མི་དམན་པ་ཞིག་ཡིན་ནོ་ཞེས་སྡེ་རོང་གི་ལོ་རྒྱུས་སུ་གསལ།  འོ་ན།དུས་ཚོད་ནམ་ཞིག་ནས་བུད་མེད་ནི་ཆབ་སྲིད་ཀྱི་ལག་ཆ་དང་གཞན་གྱི་མངའ་འོག་ནས་བྲན་གཡོག་བཞིན་དུ་འདུར་དགོས་བྱུང་ཚུལ་དང་རྒྱུ་མཚན་ནི་ག་འདྲ་རེད་ཅེས་ན།དྲང་བདེན་དང་གནས་ལུགས་ཀྱིས་ཕྱུག་པའི་ལན་ཞིག་འདེབས་དཀའ་མོད།ཕྱིར་ལོ་རྒྱུས་ལ་བལྟས་ན་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་ཁོང་གིས་རྒྱ་གར་གྱི་སྨན་པ་བི་བྱི་དགའ་བྱེད་གདན་དྲངས་ནས་གསོ་རིག་སྐོར་གྱི་གཞུང་ལུགས་ནང་འདྲེན་བྱས་པ་དང་རང་གི་སྲས་མོ་ལྷ་གཅིག་ཡིད་ཀྱི་རོལ་ཆ་མ་སྨན་པ་ཁོང་ལ་བཙུན་མོར་བྱིན་ཚུལ།རྒྱལ་རབས་སོ་གཉིས་པ་བཙན་པོ་སྲོང་བཙན་སྒམ་པོས་རང་གི་མངའ་ཁོངས་རྒྱ་བསྐྱེད་ཆེད་སྲིང་མོ་སད་མ་ཀར་ཞང་ཞུང་དུ་བཙུན་མོར་བྱིན་པ།བོད་བལ་དང་བོད་ཐང་སོགས་ཀྱི་སྲིད་འབྱོར་རིག་གསུམ་ལ་འབྲེལ་འཛུགས་བྱེད་ཆེད་རྒྱ་བཟའ་བལ་བཟའ་སོགས་བཙན་པོའི་སྟོབས་ཤུགས་དང་དབང་ཆ་བཀོལ་ནས་བཙུན་མོར་བསུས་ཚུལ་སོགས་ལ་བལྟས་ན་བུད་མེད་ལ་རང་ཉིད་ཀྱི་གཉེན་བསྒྲིགས་ཐད་རང་དབང་མེད་ལ་གཞན་གྱི་སྒེར་གཅོད་ཀྱི་བསམ་བློའི་འོག་འཚོ་བ་དང་ལེན་བྱེད་པ།མི་ཆོས་གཙང་མ་བཅུ་དྲུག་གིས་ནང་དུ་གྲོས་ཁ་ནས་བུད་མེད་ཀྱི་ཚིག་ལ་མི་ཉན་པར་རང་ཚུགས་མ་ཤོར་བ་བྱེད་པ།ལྷག་པར་དུ་རྒྱལ་རབས་རིམ་བྱོན་གྱི་མཛད་རྗེས་གླེང་དུས་བཙུན་མོའི་མིང་ཙམ་གླེང་བ་ལས་མཛད་རྗེས་སོགས་ཀྱི་སྐོར་གླེང་མེད་ལ་ད་དུང་རྒྱལ་བོའི་སྲས་ལས་སྲས་མོར་སྲིད་ཀྱི་དབང་སྐྱོང་བའི་ཁྲིམས་ལུགས་དང་སྲོལ་གཏོད་མེད་པ་སོགས་ལ་བལྟས་ན་དེ་དུས་བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ནི་གཡུལ་འགྱེལ་དང་སྟོབས་ཤུགས།དྲག་རྩལ་ལ་སོགས་པར་བརྟེན་ནས་རང་གི་ཁེ་ཕན་དང་རྒྱལ་སྲིད་སྐྱོང་བ་ཡིན་ལ།ལྟོས་བཅས་ཀྱི་སྐྱེས་པ་རྣམས་ལ་གཡུལ་འགྱེད་གྱི་ནུས་པ་སོགས་མངའ་བའི་ཁྱད་ཆོས་ཀྱིས་འགན་འཁྲི་དེ་འདྲ་བབས་ཤིང༌།བུད་མེད་རྣམས་ནི་གཡུལ་དང་དྲག་ལས་སོགས་ལ་མ་འཚམ་པར་ནང་ལས་སོགས་ལས་ནས་ཁྱིམ་གཞི་སྐྱོང་བའི་འོས་འགན་ཞིག་ཡོད་པ་རང་ཤུགས་ཀྱིས་མཐོང་ཡོང་མོད།དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་གོང་གི་གཡུལ་འགྱེད་ཀྱི་ལས་ལ་བསྟེན་ནས་རྒྱལ་སྲིད་སྐྱོང་བའི་དུས་རབས་མཇུག་རྫོགས་ཤིང་མིའི་བློ་གྲོས་ཀྱི་ངར་ལ་བརྟེན་པའི་དུས་རབས་སུ་སླེབས་ཡོད་ནའང་བོད་མི་རིགས་ཀྱི་གདོད་མའི་འདུ་ཤེས་ལ་འཕེལ་རྒྱས་ཅུང་ཙམ་ཡང་མ་བྱུང་བར་བུད་མེད་རྣམས་ནི་སྔར་བཞིན་ནང་ལས་ཁོ་ནར་བསྟེན་ནས་བསྡད་ན་དུས་རབས་ཀྱི་འགྲོས་དང་མ་འཚམས་པར་ཕོ་མོ་འདྲ་མཉམ་མིན་པའི་ལྟ་སྟངས་ཆེན་པོ་བྱུང་བ་རེད་འདོད།

     དེ་ན་དུས་རབས་ཉེར་གཅིག་གི་གོམ་འགྲོས་དང་བསྟུན་ནས་ང་ཚོས་བུད་མེད་རྣམས་ཀྱིས་ཀྱང་འགྲོ་བ་མིའི་ཐོབ་ཐང་སྟེ་གཏམ་བཤད་རང་དབང༌།འགྲོ་འདུག་རང་དབང༌།བསམ་བློའི་རང་དབང་སོགས་ལ་བརྩོན་ལེན་བགྱིས་ཏེ་རང་ཉིད་ཀྱི་བློ་གྲོས་ངོ་མ་དང་ལྷན་གཤིས་ཀྱི་ནུས་པ་བླ་ལྷག་སྤྱི་ཚོགས་སུ་འདོན་པའི་ལམ་ལུགས་ལ་བསྙེགས་ན་ད་གཟོད་འདྲ་མཉམ་དང་དྲང་བདེན་སྐྱོང་ཐུབ་པར་འདོད་ལ།འདྲ་མཉམ་ཞེས་པ་ཡང་འགྲོ་བ་མིའི་ཐོབ་ཐང་ཡོད་པའི་སྟེང་ཚད་གཞི་འཇོག་དགོས་པ་ཞིག་ཡིན་པ་ལས།སྐྱེ་ལུགས་ཀྱི་སྣང་ཚུལ་ལྟར་སྐྱེས་པའི་རྡོ་ཕ་བོང་ཞིག་འཁྱོག་དགོས་ན་བུད་མེད་ཀྱིས་ཀྱང་འཁྱོག་དགོས་པ་དང༌།སྐྱེས་པའི་དུ་ཆང་བསྟེན་ན་བུད་མེད་ཀྱིས་ཀྱང་བསྟེན་དགོས་པ་དང༌།བུད་མེད་ལ་བུ་སྣོད་ཡོད་ལ་སྐྱེས་པར་མེད་པ་སོགས་ཀྱིས་འདྲ་མཉམ་བཤད་པ་ནི་མ་གཞི་ནས་ཕྱོགས་གཅིག་མཐོང་ནས་ཕྱོགས་གཞན་མ་མཐོང་བའི་དཔེ་རུ་གྱུར་འགྲོ་ལ།དོན་དམ་གྱི་འདྲ་མཉམ་ནི་བུད་མེད་རང་ཉིད་ཀྱིས་རང་གི་ལྷན་གཤིས་སུ་གྲུབ་པའི་སྤོབས་པ་དང༌།སྙིང་སྟོབས།ཁྱད་ཆོས་སོགས་སྤྱི་ཚོགས་སུ་འདོན་ཐུབ་པའི་བློ་གྲོས་དེ་ཡོད་ན་ང་ཚོར་ཕོ་མོ་འདྲ་མཉམ་ཞེས་པའི་ཁ་གཡང་ཁོ་ན་དང་གནམ་གྱི་ཕྱེད་ཀའི་བདག་མོ་ཞེས་པའི་ཚིག་སྟོང་དེ་ལས་གདའ་ཐུབ་པར་གདོན་མི་ཟ་སྙམ།

 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060