༄༅།།གསོ་རིག་བདུད་འཇོམས་རལ་གྲི།
 
༄༅། ། བུད་མེད་ཀྱི་སློབ་གསོ།
སྤེལ་དུས། 2008-12-30    ཡོང་ཁུངས་། བོད་གཞུག་སྐྱིད་ཀྱི་ཟིན་བྲིས་ལས་བཤུས།    རྩོམ་པ་པོ། བོད་གཞུག་སྐྱིད།

     གོང་གི་ལྟ་སྟངས་དེ་དག་ལས་བུད་མེད་སློབ་གསོ་ཐོབ་མྱོང་མཁན་ནི་ཤིན་ཏུ་ཉུང་ལ་ཕལ་ཆེར་ལོ་རབས་དྲུག་ཅུ་བ་ནས་བུད་མེད་རེ་འགའ་བྲོས་མ་གཞའ་གྱིས་སློབ་གསོའི་བདུད་རྩི་མྱོང་བའི་གོ་སྐབས་བྱུང་ནའང་སྲོལ་རྒྱུན་གྱི་ལྟ་བ་དང་སྤྱི་ཚོགས་ཀྱི་གནོན་ཤུགས་མང་པོའི་ཁྲོད་ཁོ་མོ་ཚོའི་རང་བཀུར་གྱི་བསམ་བློ་དང་བློ་གྲོས་སྤོབས་པ་སོགས་ལ་གདེངས་འཇོག་བྱེད་མཁན་ཉུང་ཞིང་རང་གི་ནུས་པ་འདོན་པའི་ཁོར་ཡུག་ལེགས་པོ་ཅིག་སྔར་བཞིན་ཁྱིམ་ལས་ཙག་ཙིག་ལས་མ་བྱུང་བས་འཕེལ་རྒྱས་ཆེར་བྱུང་མེད།  ཡིན་ནའང་ལོ་རབས་བརྒྱད་ཅུ་བ་ནས་བཟུང་ཕལ་ཆེར་ཕོ་མོའི་སློབ་གསོ་མྱང་ཚུལ་ཅུང་འདྲ་མཉམ་དུ་གྱུར་ཡོད་མོད།ད་དུང་བུད་མེད་རྣམས་ནི་སྔར་བཞིན་ཉམ་ཆུང་འཁོས་ཆུང་དུ་གནས་པའི་རྒྱུ་མཚན་ཅི་ཡིན་ཞེས་ན་ཁྱིམ་ཚང་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་ལ་འབྲེལ་བ་གལ་ཆེན་ཡོད་པ་རེད་སྙམ།དཔེར་ན་ཁྱིམ་ཚང་ནང་དུ་བུ་བུ་མོ་གཉིས་ལས་བུ་ལ་གཅེས་གཅེས་གནང་བ་དང་སྐུལ་མ་གཏོང་བ།   རེ་བ་སྟེར་བ་སོགས་ཀྱི་སྣང་ཚུལ་མང་ལ།དེའི་ཞོར་དུ་བུ་མོར་དམའ་འབེབས་སོགས་བྱེད་ཀྱི་མེད་ནའང་རང་ཤུགས་ཀྱིས་རང་ཉིད་ཅི་ལའང་མི་དོ་བའི་རང་དམད་ཀྱི་བསམ་བློ་ངང་གིས་སྐྱེས་སུ་བཅུག་ཡོད་པས།སྤོབས་པ་ཉམས་ནས་རང་གི་བརྗོད་འདོད་པའི་བསམ་ཚུལ་བཤད་དཀའ་བ་སོགས་ཀྱི་གནད་དོན་ཧ་ཅང་ཚབས་ཆེ།

     སྤྱི་ཚོགས་སློབ་གསོའི་ངོས་ཐད་ནས་བཤད་ན་ཡང་འདི་ལྟར་སྟེ།དཔེར་ན་བུ་མོ་ཞིག་རླུང་འཕྲིན་ལས་ཚན་དུ་ཞུགས་ནས་དྲི་བར་ལན་འདེབས་དུས།  འགོ་འཛིན་པས་འདི་ལྟར་བཤད་སྲིད།   ཐོག་མར་བུད་མེད་ཞུགས་མཁན་ཧ་ཅང་གིས་ཉུང་ཚུལ་དང༌།དེར་མཐུད་ནས་དྲི་བ་སླ་མོ་ཞིག་འདོན་ཟེར་བ་དང༌།  རྗེས་མར་མུ་མཐུད་དུ་ཞུགས་པའི་རེ་བ་ཞུ་བ་བཅས་ཡིན།   དོན་འདི་ལས་ང་ཚོས་མཐོང་ཐུབ་པ་ནི་བུད་མེད་ཞུགས་མཁན་ཉུང་བའི་རྒྱུ་རྐྱེན་མང་ཡང་སྐབས་དེར་ཞུགས་མཁན་གྱི་བུ་མོ་དེ་ཁྱད་པར་བ་ཞིག་ཏུ་གསལ་བཤད་བྱས་པ།དྲི་བ་སླ་མོ་ཞིག་འདྲི་ཞེས་བུ་མོ་དེའི་སྤོབས་པ་ཆེར་བསྐྱེད་དང་ཡིད་ཆེས་ལ་གདེངས་འཇོག་ཆེར་མ་བྱས་པ་སོགས་ཀྱི་མྱོང་ཚོར་སྟེར་ལ།གལ་ཏེ་བུ་མོ་རང་གིས་དྲི་བ་སླ་མོ་དེར་ལན་བཏབ་ནས་ཐོབ་ཀྱང་སེམས་སུ་སྔར་བཞིན་རང་ཉིད་ལས་ཚན་དེར་ཞུགས་པའི་དགའ་བ་ཆེར་སྐྱེས་རྒྱུ་མ་རེད།གལ་ཏེ་ལན་མ་ཐོབ་ན་བུ་མོ་ཞུགས་མཁན་ཉུང་བའི་ཁར་རང་ཉིད་ཀྱིས་དྲི་བ་སླ་མོ་ཞིག་ཀྱང་མ་ཤེས་པས་སེམས་ཕམ་པའི་གནས་ཚུལ་འབྱུང་སྲིད་ལ་རྗེས་མར་ཞུགས་རྒྱུའི་སྤོབས་པ་ཡེ་ནས་མེད།དེ་མཚུངས་སུ་ཉན་མཁན་བུ་མོ་ཚོའང་ཞུགས་འདོད་ཀྱི་དབང་དུ་བཏང་རུང་རང་ཉིད་ལའང་དྲི་བ་སླ་མོ་ཞིག་བྲིས་ནས་མ་ཤེས་ན་ཅི་བྱ་སྙམ་པའི་བློ་ཡིས་ཚོད་ལྟ་ཙམ་ཡང་བྱེད་མི་སྲིད་པ་རེད།  སྐྱེས་པ་ཚོའི་ཁྲོད་ན་མི་ཤེས་མཁན་མང་ཡང་རང་ཉིད་བུ་མོ་ཉུང་ཤས་ཁྲོད་ཀྱི་ཁྱད་པར་བ་དེ་ཡིན་པས་མ་ཤེས་ན་དེ་ལས་སྡུག་པ་མེད་སྙམ་པའི་སེམས་ཚོར་འབྱུང་སྲིད་པ་རེད།   གཞན་ཡང་སློབ་གྲྭ་རེ་འགའ་ནས་གཏམ་བཤད་དང་སྙན་ངག་གྱེར་འདོན་སོགས་ཀྱིས་འགྲན་བསྡུར་སྤེལ་སྐབས་སུ་འང་རྒྱལ་ཕམ་ཁོ་ནའི་དབང་དུ་གྱུར་ནས་བུ་མོའི་བསམ་བློའི་འཕེལ་རྒྱས་དང༌།སྤོབས་པ་སོགས་ཕྱོགས་ཡོངས་ཀྱི་ཐད་ནས་དྲང་བཞག་གིས་དཔྱད་བསྡུར་གནང་བའང་ཤིན་ཏུ་ཉུང༌།རྒྱུ་རྐྱེན་འདི་དག་གིས་བུ་མོ་ཚོའི་ལས་གནས་ཀྱི་རྒྱུགས་ལ་ཞུགས་ནས་ཁ་རྒྱུགས་ལེན་དུས་གྱོང་ཆེན་པོ་རེག་པ་མ་ཟད།སློབ་གསོའི་རང་ཉིད་ཀྱི་ལས་དབང་བསྒྱུར་ནུས་པ་ལའང་ཡིད་ཆེས་ཆེར་སྐྱེས་རྒྱུ་མ་རེད།  དེ་བས་སློབ་གསོ་ནི་མི་རིགས་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་ལ་མ་ཡུམ་གྱི་སློབ་གསོ་ནི་མིའི་རིགས་འཕེལ་རྒྱས་ཀྱི་རྩ་བ་ཡིན་པས་ཆ་ནས་ད་དུང་མི་འདང་ས་དང་ཞན་ཆ་མང་པོར་དོ་སྣང་དང་དབྱེ་ཞིབ་དང་བསམ་བློ་གཏོང་དགོས་པ་ཁ་ཚ་དགོས་གཏུག་གི་གནད་དོན་རེད་སྙམ།

 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060