གནས་ཡུལ། མདུན་ངོས། ༄༅།།དཔྱད་བརྗོད།
 
 
༄༅།།སྙན་འཇེབས་ངག་གི་འགྱུར་ཁུགས་རྫོགས་པའི་དུས་རབས་ཀྱི་སྙན་ངག་པ་ལྷ་རྒྱལ་ཚེ་རིང་།
སྤེལ་དུས།2008-08-15   ཡོང་ཁུངས་།   རྩོམ་པ་པོ། རྣམ་སྲས།

                                དང་པོ། རྩོམ་པ་པོའི་ལོ་རྒྱུས་དང་བརྩམས་ཆོས་སྤྱིའི་ངོ་སྤྲོ

 

སྙན་ངག་པ་ལྷ་རྒྱལ་ཚེ་རིང་ལགས་ནི་༡༩༢ལོའི་ཟླ་དྲུག་པར་མཚོ་སྔོན་ཞིང་ཆེན་གྱི་ཁྲི་ཀ་རྫོང་དུ་སྐྱེས་ཤིང་། ༡༩༧༩ལོར་མཚོ་ལྷོ་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭ་མཐར་ཕྱིན་རྗེས་སློབ་ཆུང་གི་དགེ་རྒན་བྱས༡༩༨༥ལོར་ནུབ་བྱ་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་སློབ་མཐརཕྱིན་རྗེས་དེ་རི་དགེ་རྒན་གྱི་ཕྱག་ལས་གནང་། ༡༩༨༨ལོར་གཙོས་མི་རིགས་མཐོ་རིམ་དགེ་ཐོན་ཆེད་གཉེར་སློབ་གྲྭའི་བོད་ཡིག་སྡེ་ཁག་དུ་ལས་གནས་སྤོར། ༡༩༨༢ལོ་ནས་བཟུང་རྩོམ་རིགས་གསར་རྩོམ་ལ་གཞོལ་བ་དང་། སྙན་ངག་དང་སྒྲུ་གཏམ་བཅུ་ཕྲག་ལྷག་ལ་ཞིང་ལྗོངས་ལྔའམ་ཞིང་ཆེན་རིམ་པའི་གཟེངས་བསྟོད་བྱ་དགའ་ཐོབ། སྙན་ངག་གཅེས་བསྡུས་སྐྱ་རེངས་ལྷ་མོའི་འབོད་བརྡའ་ཞེས་པ་ཀྲུང་དབྱངས་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེལ་སྤེལ་བྱས་པ་དང་། ད་ལྟ་ཀན་སུའུ་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་པ་དང་། ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་མི། ཀན་སུའུ་ཞིང་ཆེན་གྱི་བོད་ཀྱི་ཤེས་རིག་མཐུན་ཚོགས་ཀྱི་རྒྱུན་ལས་པ། གཙོས་མི་རིགས་མཐོ་རིམ་དགེ་ཐོན་ཆེད་གཉེར་སློབ་གྲྭའི་དགེ་རྒན་ཆེན་མོ་བ་བཅས་ཡིན། 

ཁོང་རང་ཇི་ལྟར་སྙན་ངག་གསར་རྩོམ་ལ་དུ་སོང་བའི་ཐད་ང་རང་དང་སྙན་ངགཅེས་པའི་ནང་དུ། བདག་གི་སྙན་ངག་འབྲི་དོན་ནི། ༡༩༦༣ལོའི་ཟླ་དྲུག་པར་ང་རང་རྨ་འགྲམ་ཁྲི་ཀར་སྐྱེས་དུས། རང་རེའི་རྒྱལ་ཁབ་ལོ་གསུམ་རིང་གི་མུ་གེ་ལས་ཐར་མ་ཐག་ཡིན་ཞིང་། མི་རྣམས་ཀྱི་འདྲེན་བྱེད་ལྗང་མདོག་ལྡན་པའི་རི་ལུང་ལ་ཕྱོགས་ཙ་ན་མེ་ཏོག་གསར་དུ་དགོད་པ་དང་། ཁོད་སྙོམས་ཞིང་ལ་སྐྱེས་པའི་གྲོ་ནས་སྲན་གསུམ་ལས་ང་རྩོལ་གྱི་གླུ་གཞས་རླབས་ལྟར་འཕྱོ་བར་བྱེད་པས་དབྱར་ཟླ་དྲུག་པའི་མཚར་སྡུག་དང་ལྷོད་བག   ཞི་བདེ་དང་འདོད་འདུན་ཆེས་ཐོག་མར་བདག་ལ་བསྙད་པ་དང་། ཕྱོགས་སུ་འཁྱམས་ཤིང་བརྩེ་བས་ཁེངས་པའི་མཐིང་སྔོན་དྲི་བཞིན་ལྷ་མོས་བདག་གི་མཉེན་འཇམ་སྐྲ་ལོར་བྱིལ་བྱིལ་མཛད་ཀྱིན་ཅི་ཞིག་སྔོན་བརྡ་རུ་ཤུབ་བུར་ཟློས་པས་ཡིན་1ཞེས་པ་དང་། བྱིས་པའི་དུས་སྐབས་ཀྱི་ལྷ་རྒྱལ་ཚེ་རིང་ནི་ཨ་ཕྱིའི་འཆད་གྱེར་ཟུང་འབྲེལ་གྱི་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་དང་། ཕུན་སུམ་ཚོགས་པའི་བྱིས་སྒྲུང་གི་རྒྱ་མཚོར་རོལ་བས་ཁོ་རང་རྨི་ལམ་དང་འཕྲུལ་སྣང་། འཆར་ཡན་ལ་ཕྱོགས་པ་དང་། ཨ་སྔོན་མཁའ་མཐའ་ན་སྐྱོད་པའི་སྤྲིན་དཀར་གྱི་གར་སྟབས་དང་། ནམ་མཁའི་མཐའ་ལ་སྲིངས་པའི་ཆུ་རྒྱུན་གྱི་བཞུར་འགྲོས་ཀྱིས་ཁོ་རང་ལ་ནམ་ཡང་རྟག་བརྟན་གྱི་ཆོས་ཉིད་ཅིག་གམ་

སྔོན་མེད་ཀྱི་གསལ་འདེབས་ཤིག་སྐྱེས་སུ་བསྟབས་པས། མི་འགྱངས་པར་མི་དམངས་ཀྱི་བདེ་སྡུག་གླུ་རུ་ལེན་མཁས་པའི་སེམས་པ་ཆུང་ཆུང་དེ་འཆར་ཡན་དུ་རྒྱུ་བའི་ལམ་བུར་ཞུགས་པ་ཡིན།

 ཁོ་རང་བསྐྱོད་བཞིན་པའི་ལམ་བུ་དེའི་སྟེང་ནས་སྙན་ངག་པས་བསམ་གཞིག་གི་གོམ་སྟབས་ཀྱང་སྣ་ཚོགས་བསྒྱུར་འགོ་བརྩམས་པ་དང་། ཁོས་རང་གི་ཚོར་སྣང་དང་རྟོག་འཆར་གླེང་སྐབས་ཐང་སྨུག་སྦྲ་ཁྱིམ་ལས་ཉི་འོད་ཀྱི་བརྩེ་ཞེན་དང་ལྷགས་རླུང་གི་གདུག་རྩུབ་རེས་མོས་སུ་མྱངས་པ་དང་། གནའ་བོའི་ཤིང་ཁང་ལས་ལོ་ཟླའི་ཞབས་རྗེས་དང་མེས་པོའིབློ་གྲོས་རྙེད་བྱུང་བ་མ་ཟད། ཆུ་ལེན་བུ་མོའི་བགྲོད་བསྐྱོད་ལས་དེ་དག་གི་གཟུགས་བྱད་ཀྱི་རོལ་སྒེག་དང་བསླུ་བྲིད་མཐོང་ལ། སྟག་ཤར་གཞོན་ནུའི་དཔུང་ཤ་ལས་དེ་དག་གི་རྩལ་ཤུགས་དང་དཔའ་གདེང་མཐོང་བ་དང་། རི་རབ་ཀྱི་འགྱིང་སྟབས་ལས། ཕོ་རྒོད་ཀྱི་བརྟན་བརླིང་མཐོང་། ཆུ་རྒྱུན་གྱི་བཞུར་འགྲོ་ལས་སྒེག་འཆང་མའི་ཞི་དུལ་རྙེད་པ་ཡིན་ཞེས་པས། ང་ཚོས་ལྷ་རྒྱལ་ཚེ་རིང་ལ་སྙན་ངག་་ཞིག་ལ་ཡོད་འོས་པའི་ཚོར་རྟོགས་དང་བརྩེ་སེམས་ལྡན་པ་མ་ཟད། འོད་འཚེར་བར་བྱེད་པ་ཐམས་ཅད་རིན་ཆེན་མིན་པ་དང་། སོ་སྟོན་པར་བྱེད་པ་ཐམས་ཅད་གྲོགས་པོ་མིན་པ་རྟོགས་ཤིང་། ནག་ཉེས་ཀྱིས་ཞི་བདེ་ལ་མཆེ་བ་གཙིགས་པ་དང་། ལོག་སྤྱོད་ཀྱིས་དགེ་ལེགས་ལ་སྡེར་མོ་བགྲད་པ་མཐོང་བས་གོང་མཚུངས་ཞེས་པ་དག་ལས་ཁོང་ཉིད་ལ་སྙན་ངག་པ་ཞིག་ལ་མཁོ་བའི་སྤོབས་པ་དང་ཆགས་སྡང་གི་ཚོར་བ་གསལ་ཞིང་མི་འཚོལ་བཞིག་ཡོད་པའང་ཤེས་ཐུབ། ༡༩༧༩ལོའི་ཟླ་དྲུག་པར་ཁོ་རང་མཚོ་ལྷོ་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭ་མཐར་ཕྱིན་པ་དང་། གནས་དེ་རུ་བློས་ཐུབ་སྡོས་གྲོགས་ཏེ་ཤེས་བརྩོན་རྙེད་བྱུང་བ་མ་ཟད། ལམ་སྟོན་སྒྲོན་མེ་སྟེ་ཕུགས་བསམ་རྙེད་བྱུང་ཞེས་ལབ་ཀྱིན་ཡོད་དེ།རང་ཉིད་ཀྱི་སྐྱོ་སྣང་ནམ་ཡང་སྤྲོ་སྣང་ལས་རྒྱལ་བར་བྱེད་པ་དང་། ཤེས་རྟོགས་ན་ཡང་རྨོངས་མུན་ལས་རྒྱལ་བར་བྱས་པ་ཡིན་ཟེར། ༡༩༨༥ལོའི་ཟླ་བདུན་པར་ཁོང་ཉིད་ནུབ་བྱང་མི་རིགས་སློབ་གླིང་ནས་མཐར་ཕྱིན་པ་དང་།གནས་དེ་རུ་ཁོས་དབྱིན་ཇིའི་ཧྲ་ཧྲི་པིས་ཡ་དང་ཧྥ་རན་སིའི་བྷི་ཏི་ལེར། ཨ་མེ་རི་ཀའི་ཧོས་ཐི་མན། རྒྱ་གར་གྱི་ཐེ་གོར། དབྱི་ཏ་ལིའི་ཁ་ཞི་མོ་ཏོ་སོགས་ངོ་ཤེས་པར་གྱུར་ཅིང་། ཆུ་འཛིན་གྱིས་མཆི་མ་འདོན་པའི་དབྱར་དུས་ཤིག་ལ་བདག་གིས་ཅི་བྷོ་ལོང་གི་མཆི་མ་དང་དགོད་འཛུམ་བཀླགས་པས་སྙན་ངག་གི་ཟས་མཆོག་འདིར་རོལ་ཞིང་དེའི་ཆེད་དུ་རང་གི་བློ་རིག་དང་རྩེ་སེམས་ཡོད་ཚད་འབུལ་རྒྱུའི་སེམས་ཐག་བཅད་དེ། གནས་དང་དུས་གང་དུ་སོང་ནའང་། 

ངས་གངས་རྒྱན་པདྨའི་བསུང་ངད་པང་དུ་ཁྱེར་ནས། 

གཙང་པོའི་ཕ་མཐར་བརྒྱུགས་ཏེ།

    ཆུ་ལེན་བུ་མོའི་གདོང་དུ་བཏབ།

    རི་བོའི་ཕ་རོལ་བརྒལ་ཏེ།

ཐང་སྨུག་སྦྲ་ཁྱིམ་ནང་ལ་བསྐྱིལ་བ་དང་། འཇིག་རྟེན་གྱི་མི་རྣམས་ནི་རང་བཞིན་གྱིས་སྡུག་གི་མུན་པ་དྭངས་ཤིང་སྐྱིད་པའི་མཚོ་མོ་འཁྱིལ་བར་དགའ་བའི་ཆོས་ཉིད་དེ། རྩོམ་པ་པོའི་ཚོར་སྣང་དངོས་མ་དང་མྱོ་སྣང་རྣལ་མའི་གཟུགས་སུ་འཕོས་པ་དང་། འབངས་ཕལ་བའི་བདེ་སྡུག་གི་སེམས་ཁམས་དེ་དངོས་སུ་ཚོར་བ་དང་། རྙེད་པ་དང་། ཟིན་པ་ལྟ་བུས་མི་སེམས་མྱོས་པའི་གླུ་དབྱངས་ཚན་པ་གཅིག་སྙན་པའི་ངག་ཏུ་ལྷང་ལྷང་གྱེ་བ་རེད། 

གཉིས་པ། གནའ་དེང་སྙན་ངག་རྒྱུད་སྐུད་ལས་འཕོས་པའི་རོལ་དབྱངས།

 སྤྱིར་རྩོམ་རིག་བརྩམས་ཆོས་ལ་བརྗོད་བྱའི་དོན་གྱི་ཉམས་གལ་ཆེ་བ་བཞིན་དུ་རྗོད་བྱེད་ཚིག་གི་ཉམས་ཀྱང་གལ་ཆེ་སྟེ། རྫེ་ཙོང་ཁ་པ་ཆེན་པོསདོན་བཟང་བ་ལ་ཡིད་འཕྲོག་ཚིག་སྦྱོར་གྱིས། སྦྲལ་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར་གསུངས་པ་དང་། སྙན་ངག་མེ་ལོང་དུ།

སྙན་པ་ཉམས་ལྡན་ཚིག་དང་ནི

དངོས་པོ་ལའང་ཉམས་གནས་པ།

གང་ཞིག་བློ་ལྡན་དགའ་བྱེད་པའོ་།

ཞེས་པ་ལྟར། སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པས། ཕྱི་ནང་སྙན་ངག་གང་ཞིག་གི་སྒྱུ་རྩལ་ཞིབ་དབྱེའི་གོམ་པ་དང་པོ་ནི་སྐད་ཆའི་ཞིབ་དབྱེ་ཡིན་པ་དང་། སྙན་ངག་གི་དབྱངས་ཀྱི་མཛེས་པ་དང་ཡི་ཡུལ་མཛེས་པ་སོགས་གྱ་ནོམ་པའི་མཛེས་ཆོས་གང་ཡིན་ཡང་ཚང་མ་ཡིག་འབྲུ་དང་སྐད་ཆའི་བར་གནས་ཡོད་པ་རེད། སྙན་ངག་པས་སྒྱུ་རྩལ་གྱི་ཐབས་རྩལ་དུ་མ་བསྲེས་སྦྱོར་གྱིས་སྣང་བརྙན་བཞེངས་བསྐྲུན་མཛད་དེ། སྙིང་ཁོངས་ཀྱི་དོན་དམ་བརྩེ་དུང་ཉིང་བསྡུས་ཀྱིས་གླུ་རུ་ལེན་བཞིན་ཡོད། ལྷ་རྒྱལ་ཚེ་རིང་གི་སྙན་ངག་ལ་སྒྲ་གདངས་ཀྱི་ཐད་ལེགས་པར་བསྡེབས་ནས་སྙན་པའི་དབྱངས་ཀྱི་མཛེས་པ་ཐོན་ཡོད་པ་དེ་འབུར་དུ་ཐོན་འདུག་སྟེ། 

 

རི་ལུང་འབག་བཙོག་བྱེ་བས་མནོལ་པ་ཡིས།

         ཆུ་བོ་གཡུ་འབྲུག་ས་ཉལ་ངང་གིས་ཡལ།

         ང་ཚོ་གཟིག་གི་འཚོ་གནས་ཡོངས་སུ་ཤོར།

         དམར་ཡག་སྟག་གི་རིགས་རྒྱུད་ཉམས་ཤིང་རྒུད་……

རླན་གཤེར་བྲལ་བའི་མཁའ་དབུགས།

གྲམ་གཞུང་གི་ནང་ཁྲོལ་འདི་རུ་འདྲེགས། 

འགྲམ་གྱི་རྩྭ་སྔོན་བྱེ་བས། 

འགྲམ་པ་སྔས་ལ་བརྟེན།

         ངོགས་ཀྱི་རྩ་ཤིང་སྐམ་པོ། 

ཉི་མས་སྒྲོན་ལ་ཞེད།

        ལྷོ་ནས་འོངས་པའི་ཆུ་འཛིན།

         ངུ་བྲོ་ཡང་མཆི་མས་བྲལ། 

སྲོན་དཀའ་བའི་མནར་གཅོད་ཀྱིས། 

         ང་ཡི་སྐོམ་གདུང་གི་སྡུག་ཡུས་མནན།

        ཞེས།སྙན་ངག་མེ་ལོང་ནང་བསྟན་པའི་ཕུ་སུམ་ཚོགས་པའི་རྒྱན་གྱི་སྦྱོར་སྟངས་ལྟར་ཚིག་དང་ཐ་སྙད་ཀྱི་སྡེབས་ལྷག་པར་འགྲིག་ཅིང་འཕྲོད་པར་སྤེལ་ཡོད་པ་མ་ཟད། དེང་རབས་ཀྱི་གདངས་མཚམས་དང་གྲིམ་ལྷོད། འདེགས་འཇོག་སོགས་འདྲེས་མ་སྤེལ་བས་ཁུ་བྱུ་སྔོན་མོས་གསུང་དབྱངས་སིང་སིང་བསྒྱུར་བ་ལྟ་བུའི་ཤིན་ཏུ་མཛེས་པའི་དབྱངས་ཀྱི་ཉམས་འགྱུར་ཞིག་ཐོན་ཡོད་པ་དང་། སྐད་ཆའི་ཤོང་ཚད་དང་ལྡེམ་ཤུགས་བཅས་ལ་ཤུགས་བསྣོན་བརྒྱབ་ཡོད་པ་རེད། བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་མཚོན་ན། སྙན་ངག་གི་རྩ་བའི་རང་གཤིས་དེ་ཚིག་གི་མཛེས་པ་ལྷུར་ལེན་པའི་སྟེང་ན་ཡོད། ཚིག་དེ་སྙན་པར་བྱ་བའམ་རྒྱན་གྱིས་བརྒྱན་པར་བྱ་བ་གཙོ་བོ་ཡིན། ལྷ་རྒྱལ་ཚེ་རིང་གི་སྙན་ངག་ལའང་ཚིག་རྒྱན་གྱིས་བརྒྱན་པའི་ཁྱད་ཆོ་མངོན་གསལ་དུ་ཡོད། ཁོའི་སྙན་རྩོམ་དུ་གཞན་གྱི་སྙན་ངག་གསར་བར་བཀོ་མི་སྲིད་པའི་སྲོལ་རྒྱུན་སྙན་ངག་གི་མིང་གི་སྦྱོར་བ་ལྡིང་ཁང་ཟེར་བའམ། ཉིན་བྱེད་ཀྱི་འོད་ཟེར་ལ་འཐུང་བཞིན་ཟེར་བའམ། ཐ་ན་ཆུ་སྲིན་རྒྱལ་མཚན་ལྟ་བུའི་མིང་མངོན་བརྗོད་ཀྱང་འགའ་ཤས་བྱུང་ཡོད་པ་འདི་དག་ལས་སྲོལ་རྒྱུན་སྙན་ངག་གི་རྗེས་ཤུལ་གསལ་བོར་མངོན་ཡོ་པ་མཚོན་ཐུབ། ཚིགས་སུ་གཅོ་སྟང་ལ་གོང་ནས་བསྟན་པ་ལྟར་རང་མོས་པའི་ཚིགས་སུ་བཅད་པ་ལའང་སྲོལ་རྒྱུན་གྱི་ཚིགས་སུ་གཅོད་སྟངས་ཀྱི་ཤན་ཡོད་པ་དང་། དེ་ལས་གཞན་བསྐོར་བའི་རྒྱན་གྱི་རྣམ་པ་ཅན་ཡང་མི་ཉུང་བ་ཡོད་པ་དཔེར་ན་ཁྱོད་ལ་བརྗོད་འདོད་ཀྱི་འོད་ལམ་ལམ་གྱི་སྐད་ཆ་དེ་དང་དེ་ནི་ཁྱོད་ཡིན་ནམ་ལྟ་བུ་སོགས། ཚིག་འགྲོས་ལྷོ་པ་དེ་ཡང་དོན་གྱིས་དམང་གླུའི་ཤན་ཐེབས་པ་འདྲའོ།

ང་ཚོས་ཚིག་བརྒྱ་བཤད་པའི་སྙིང་བོ་དང་འོ་བརྒྱ་དཀྲོགས་པའི་མར་ལོ་ནི། ལྷ་རྒྱལ་ཚེ་རིང་ལགས་ཀྱི་སྙན་ངག་གི་དབྱངས་ཀྱི་མཛེས་པ་གྲུབ་པའི་རྩ་གནད་ནི་ཚིག་གི་གཅོད་མཚམས་དང་། སྙན་ཆའི་སྡེབ་སྦྱོར། འཇམ་རྩུབ།   གྲིམ་ལྷོད་སོགས་ལ་མཉམ་སྣང་ཆེན་པོ་འཇོག་པའི་གསར་རྩོམ་གཤིས་ཀར་རག་ལས་པ་མ་ཟད

། ཁོ་རང་ཆུང་དུས་ནས་དམངས་ཁྲོད་གླུ་གཞས་དང་གླིང་སྒྲུང་གི་འཆད་གྱེར་སོགས་ལ་མོས་ཤིང་གོམས་པའི་མཐུ་ནུས་ཀྱིས་ཀྱང་ཡིན་སྙམ། ཁོང་གི་སྲོ་རྒྱུན་དེང་རབས་གང་གི་རྩོམ་སྟངས་ལྟར་མཛད་པའི་སྙན་རྩོམ་གང་ཡིན་ཡང་རི་མོའི་སྒྱུ་རྩལ་དང་དབྱངས་ཀྱི་རྩལ་གཉིས་ཀྱི་ལྷན་འཛོམས་ཤིག་ཏུ་སྣང་ལ། ཁོའི་སྙན་ངག་གི་ངང་རྒྱུད་ལྷོད་ཅིང་གཤིས་ཀ་འཇམ་པ། ཞི་ཞིང་དུལ་བའི་ཡིད་བརྙན་གྱི་ཆ་དག་གཙོ་བོ་སྙན་རྩོམ་གྱི་ཚིག་འགྲོས་ལྷོད་པ་ཅན་དུ་སྣང་བ་ལས་བྱུང་བ་དང་། ཁྱད་ཆོས་འདི་དག་ནི་རྩོམ་པ་པོས་ཡུན་རིང་དུ་སྲོལ་རྒྱུན་གྱི་མཛེས་དཔྱོད་ལྟ་བ་དང་ལེན་དང་སྲོལ་རྒྱུན་སྙན་ངག་ལས་སྔོག་འདོན་བྱས་པའི་ཉམས་མྱོང་གི་རྩལ་ལས་ཐོན་པ་ཞིག་རེད། དེ་ལ། མཉེས་གཤིན་འཆར་ཡན་གྱི་སྙན་ངག་ཅེས་པའི་ནང་དུའང་མཉེས་གཤིན་འཇམ་མཉེན་གྱི་མཛེས་པ་དང་འཆར་ཡན་གྱི་ངང་ཚུལ་དེ་ཁོའི་སྙན་ངག་གི་རྩ་བའི་ཁྱད་ཆོས་ཡིན་པ་གཤམ་གྱི་དོན་འགའ་ལས་གསལ་སྟེ། སྙན་ངག་ནི་སྤྱིར་གླུ་གར་རོལ་མོ་གསུམ་གྱི་བདག་ཉིད་ཅིག་ཡིན་པ་ལ། ཚིགས་སུ་གཅོད་སྟངས་འདི་སྙན་ངག་ལ་མཚོན་ན་ནང་གི་དབྱངས་འགྲོས་ཕྱིའི་གཟུགས་སུ་ཤར་བའི་རྣམ་པ་ཞིག་ཡིན་པས། སྙན་ངག་གི་རོལ་དབྱངས་ཀྱི་གྲུབ་ཆ་དང་ནང་གི་དབྱངས་འགྲོའི་ཕྱིའི་ཚིགས་སུ་བཅད་པ་གསུམ་པོ་དོན་གཅིག་པའི་ཚུལ་གྱིས་སྙན་ངག་གི་མཚོན་བྱ་དང་རྟེན་འབྲེལ་གྱི་ཚུལ་གྱི་ཡོད། དེ་གཉིས་ཀྱི་འབྲེལ་བ་ནི་ཞབས་འདེགས་ཙམ་གྱིས་མི་ཚད་པས། སྙན་ངག་གི་དབྱངས་འགྲོས་སམ་ཚིགས་སུ་གཅོད་སྟངས་ལ་བདག་གཞིའི་本体)སྟེང་གི་དོན་སྙིང་ཡོད་། དཔེར་ན་རོལ་དབྱངས་སྣ་ཚོགས་བཞིན་དུ་དེ་ལ་ཚིག་འབྲུ་མེད་ཀྱང་ཁོའི་སྒྱུ་རྩལ་གྱི་སིམ་ཚོར་ནི་ཚིག་འབྲུ་ཡོད་པ་ཅན་ལས་གཏན་ནས་མི་དམན་པ་བཞིན་དང་། ཡ་ན་བོད་ཀྱི་དམངས་གླུ་སྣ་ཚོགས་བཞིན་དུ། དེའི་འགོ་ལེན་སྐབས་ཀྱི་ཨོ་ཡེ་ལ་ཚིག་འབྲུ་མེ་ཀྱང་། དེ་གཅིག་པུའི་སྟེང་ནས་ཀྱང་སྒྱུ་རྩལ་གྱི་སིམ་ཚོར་རྫོགས་པར་མྱོང་བར་འགྱུར་བ་བཞིན་ནོ།།

 སྐྱ་རེངས་ལྷ་མོའི་འབོད་བརྡས་ཀྱང་ཐོག་མར་རང་གི་ཚིགས་སུ་གཅོད་སྟངས་ཀྱིས་རང་ལ་འཆར་ཡན་གྱི་ངང་ཚུལ་གྲུབ་པར་བྱས་ཡོད། སྙན་དེབ་ཡོངས་སུ་རྫོགས་པའི་ཚིགས་སུ་གཅོ་སྟངས་ལ་སྤྱོར་ཚེག་ཁྱིམ་མཉམ་པ་དང་མི་མཉམ་པ་གཉིས་ཀ་ཡོད་ཀྱང་། མི་མཉམ་པ་མང་པོ་དང་མི་མཉམ་པ་གཉིས་ཀ་ཡོད་ཀྱང་། མི་མཉམ་པ་མང་བོ་ཞིག་གི་ཚིགས་སུ་གཅོད་སྟངས་ལའང་སྤྱིར་ཚིགས་སུ་བཅ་པའི་ཚུལ་ཡོད་ལ། དེ་དག་ལས་ང་ཚོའི་ཚོར་སྣང་བཙན་པོ་ནི་སློབ་དཔོན་ནག་མོ་ཁོལ་གྱི་སྙན་རྩོམ་སྤྲིན་གྱི་ཕོ་ཉཀློག་པ་དང་འདྲ་བ་རེད། སྤྲིན་གྱི་ཕོ་ཉ་ནི་འཆར་ཡན་རིང་ལུགས་པའི་འཐུས་ཚབ་ཏུ་རུང་བ་སྨོས་མ་དགོས་པ་ཞིག་རེད་ཅེས་པ་དང་། ལྷ་རྒྱལ་ཚེ་རིང་ལགས་ཀྱི་སྲོལ་རྒྱུན་དང་དེང་རབས་ཀྱི་ཐབས་གང་རུང་ལ་བསྟེན་པའི་སྙན་རྩོམ་གང་ཡིན་ཡང་སྙན་འཇེབས་དབྱངས་ཀྱི་ཉམས་འགྱུར་དུ་མས་ཕྱུག་པའི་ཚིག་རྐང་ཆུ་འཛིན་དཀར་པོའི་གསེབ་གསེང་དུ་དལ་བར་སྐྱོད་པའི་ཡི་བརྙན་ཆུ་ཤེལ་དབང་པོ་ལས་འཆར་བརྙན་འབྲེལ་རྟོག་དང་རྣམ་པར་འགྱུར་བ་ལ་སོགས་པའི་སེམས་འབྱུང་གི་ཟེར་ཕྲེང་ཕྱོགས་བཞིར་སྤྲོ་བར་བྱེད་ཅིང་། ཡིད་དུ་འོང་ཞིང་ལྟ་ན་སྡུག་པའི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་ཆགས་པ་ནི་ཞིབ་མོར་སེམས་ན་དབྱངས་ཀྱི་མཛེས་པ་དང་འབྲལ་ཐབས་མེད་དོ།

གསུམ་པ། མགོ་འཁོར་བའི་སྙན་ངག་པ་སྐོར་ཞིག་ལ་བཏང་བའི་འབོད་བརྡའ།

ལྷ་རྒྱལ་ཚེ་རིང་གི་སྐྱ་རེངས་ལྷ་མོའི་འབོད་བརྡའཞེས་པའི་སྙན་རྩོམ་དེ་མིག་སྔར་བར་དུ་ཕྲན་གྱིས་ཀློག་མ་བཏུབ་པ་སྙན་དེབ་བླུ་མ་ཐུབ་པས་ནི་ཡིད་ཤིན་ཏུ་ཕངས་པའི་གནས་འབའ་ཞིག་ཏུ་བསམ་པ་མ་ཟད། ད་རེས་ཀྱི་རྩོམ་ཡིག་འདིའི་ལེགས་གྲུབ་ལའང་གནོད་པ་ཕྲན་ཙམ་ཕོག་ཡོད་ཀྱང་སྲིད། དེ་ལྟ་མོད་ཀྱང་སྟབས་ལེགས་པ་ཞིག་ལ། དེ་སྔ་སྦྲང་ཆར་སོགས་ཀྱི་སྟེང་སྤེལ་བའི་སྙན་རྩོམ་སྐོར་ཞིག་ལག་ཏུ་འབྱོར་བ་ལས་གཞན། དཔྱད་གཏམ་པ་བདུ་ལྷ་རྒྱལ་སོགས་ཀྱིས་སྐྱ་རེངས་ལྷ་མོའི་འབོད་བརྡར་གནང་བའི་དཔྱད་གཏམ་རྩོམ་ཡིག་ཀྱང་མིག་གི་དགའ་སྟོན་དུ་ཤར་བས་མཐུན་རྐྱེན་ཅུང་ཙམ་འགྲིག་སོང་བར་སྙམ་པ་གཞིར་བྱས། སྙན་དེབ་དེ་ལ་སྒྲོ་འདོགས་དང་བཤད་པ་ཅུང་ཟད་སྤེལ་བའི་སྤོབས་པ་ངང་ངམ་ཤུགས་ཀྱིས་སྐྱེས། 

ལྷ་རྒྱལ་ཚེ་རིང་གི་སྙན་རྩོམ་ལ་བལྟས་ན། ཕངས་པའི་མཆི་མ་དབང་མེད་བཞུར་ཞེས་པ་ནས་བདག་གིས་བསིལ་ལྗོངས་ལོ་རྒྱུས་ལ་འདྲི་གཅོད་ལན་གཉིས་བྱས་རྗེས། ཆེས་མཐོ་བའི་གནས་དེ་རུ་དཔྲལ་བ་ཐལ་མོས་བཀབ་ནས་རྒྱ་ལྟ་བྱས་པས་ཡིན། ཞེས་པ་ལྟར། ཁོའི་སྙན་རྩོམ་གྱི་བསམ་བློར་འགྱུར་ལྡོག་བྱུང་ཞིང་མི་རིགས་ལ་སེམས་ཁྲལ་བྱེད་ཀྱིན་གཏན་འདུན་ལ་བསྙེགས། དེ་ནས་བཟུང་ཁོས་རྩོམ་འབྲི་བའི་དམིགས་ཡུལ་དང་རང་གི་འགན་འཁྲི་ཡོངས་སུ་ཤེས་རྟོགས་བྱུང་བ་དང་། གུ་དོག་པའི་བསྟོད་ཚོགས་ཀྱི་སྦུབས་རྒྱ་ལས་སྨྱུག་རྩེ་ཐོག་མར་དགའ་སྐྱོ་ཆགས་སྡང་གི་དངོས་ཡོད་འཚོ་བར་བསྒྱུར་ཅིང་། སྙིང་གཏམ་ཡོད་ཀྱང་བཤད་མི་ཕོད་པ་དང་མིག་ཆུ་མཆིས་ཀྱང་བཞུར་མི་ཕོ་པའི་ལས་དབང་ལ་བསམ་གཞིགས་བྱེད་འགོ་བརྩམས་ཏེ། 

བརྗོད་འདོད་པ་ཞིག་བློས་ཐུབ་རྣམས་ལ་ལྷུག་པོར་སྨྲས་པ་དང་། 

ལེན་འདོད་པ་ཞིག་བརྩེ་བ་ཆེན་པོས་གསེང་མཐོར་བླངས་

ནས་བརྗོད་འདོད་ཀྱི་སྐད་ཆ་རྣམས་གྱ་གྱུ་དང་བྲལ་བའི་སེམས་དང་གོ་བདེ་འཇམ་མཉེན་གྱིང་ངག་གིས་ཀློག་པ་པོའི་སྙན་ལམ་དུ་སྒྲོག་གྱིན་ཡོད།
 
 སྤྱི་བོད་ཀྱི་ངག་རིག་གི་མཛེས་དཔྱོད་ཁྱད་ཆོས་དེ་ཞི་འཇམ་ལྷོད་མཉེན་གྱི་སྟེང་ཡོད་པ་ཞིག་ཡིན་པ་ཞིག་ཡིན། གདོད་མའི་གཞི་ལས་བྱུང་ཞིང་གཉུག་མའི་རང་ཆས་རྫོགས་པའི་བོད་ཀྱི་དམངས་གླུར་མཚོན་ན། ལེན་མཁན་པའི་སྐད་ཇི་ལྟར་མཐོ་བའམ་ཇི་ལྟར་འཛེར་ཡང་ནང་སྙིང་དམ་པ་དེ་འཛིན་པ་ཡོངས་སུ་བྲལ་བའི་ལྷོ་བག་གི་ཆ་དེ་ཡིན། སྐད་ཆ་ལ་སྙན་ཆ་ཐོན་དགོས་ན་ཚིག་གི་གཅོད་མཚམས་དང་ཆ་ཡའི་སྡེབ་ལུགས་ལ་མཉམ་འཇོག་དགོས་པ་མ་ཟད། སྙན་རྕོམ་དུ་བཀོལ་བའི་བྱ་དངོས་ཀྱི་མིང་དང་ཐ་སྙད་ལའང་འདེམ་གསེས་ཡོད་དགོས་པ་རེད་དེ། ཚང་སྲས་བཞད་སྒྲལས། ཁྲོ་བོ་དང་། དམག་དཔུང་། གཡུལ་ཐབས་ཀྱི་ལས་སོགས་ལ་བསྟོད་བསྔགས་བྱས་ན། དོན་དུ་དྲག་ཤུལ་གྱི་ཉམས་འབྱུང་དགོས་པས་སྒྲ་དངས་རྩུབ་པ་ཤས་ཆེ་ན་ཚིག་བརྗིད་པ་འབྱུང་བའི་རྐྱེན་གྱིས་ཚིག་ལ་བརྗིད་ཉམས་ཆེ། བསྟན་བཅོས་ཀྱི་བརྗོད་བྱ་དང་། ཡུལ་དང་གནས་ལ་བསྟོན་པ། སྤྲིངས་ཡིག་ལྟ་བུ་སོགས་ལ་སྒྲ་གདངས་འཇམ་ཞིང་ལྷོད་པ་ཤས་ཆེར་སྦྱར་ན་ཚིག་སྦྱོར་སྙན་པའི་ཉམས་སུ་འགྱུར་བས་ན། ཚིག་ཧ་ཅང་མཛེས་པའི་ཁྱད་ཆོས་སོགས་ཡོད།ཅེས་གསུངས་པར། རང་ཅག་གི་རྩོམ་པ་པོས་གོ་བ་གཤིས་ཕྱིན་པ་བླངས་ཤིང་སྙན་ངག་ཚིག་སྦྱོར་གྱི་རྩ་དོན་ལྟ་བུར་ཡུན་རིང་དུ་གཅེས་སུ་བཟུང་བས། ཁོས་རྒྱུན་པར་རང་གི་མཐོང་ཡུ་དུ་གྱུར་བའི་རྩྭ་ནགས་ཤིང་གསུམ་དང་། མེ་ཆུ་རླུང་གསུ། ཉི་ཟླ་སྐར་གསུམ། རྟ་ནོར་ལུག་གསུམ། དབྱར་དགུན་སྟོན་དཔྱིད། ས་རྡོ་རི་བྲག་སོགས་མི་དམངས་མང་ཚོགས་དང་འབྲེལ་འདྲིས་དང་གསལ་ཆ་ཆེ་བའི་བྱ་དངོས་ཀྱི་མིང་སོགས་སྙན་ངག་ཏུ་འདྲེན་བཞིན་ཡོད་ལཆེས་འདྲིས་ལོབ་སུ་སོང་ཡོད་པའི་ཐ་སྙད་སྟེང་རྩོམ་པ་པོའི་ཞེན་དོན་ལྷུ་པོར་ཞུགས་པ་བགྱིས་ཤིང་། མིང་དང་ཐ་སྙད་ཡོངས་རྫོགས་མཛེས་པའི་ཆོས་སུ་བྱེད་པའི་རྩོམ་ཚུལ་འདིས་གཤིས་འཇམ་གྱི་མཛེས་པའི་སྟེང་ལ་ཡི་ཡུལ་གྱི་མཛེས་པ་བསྣན་པར་བྱས་ཏེ། ཡི་ཡུལ་གྱི་མཛེས་པའི་ཁྱད་ཆོས་དེའང་གྲུབ་པར་མཛད་ཡོད། ཀློག་པ་པོར་གསལ་ཆ་ཡོད་པའི་བྱ་དངོས་ཀྱི་མིང་དང་ཐ་སྙབཀོལ་བ་དེས་རྩོམ་ནང་གི་བརྗོད་ཡུལ་དེར་བཀྲི་བར་བྱེད་པ་དང་། གནས་དེ་ནས་རྩོམ་པ་པོ་དང་མཉམ་དུ་དགའ་སྐྱོ་ཆགས་སྡང་གི་སེམས་ཁམས་ཤིག་མྱོང་བར་བྱེད་པ་དེ་དོན་དུ་སྙན་ངག་གི་ཡིད་ཡུལ་ཡིན། དེ་ལ་ཕྱི་ནང་སྙན་ངག་རིག་མཁན་རྣམས་ཀྱི་བཞེད་ཚུལ་ལྟར་ན། ཡིད་ཡུལ་ནི་རྩོམ་པ་པོ་རང་ངོས་ཀྱི་བརྩེ་དུང་དང་ཕྱི་ཡུལ་གྱི་དངོས་པའི་འཇིག་རྟེན་གཉིས་ཆུ་དང་འོ་མ་བཞིན་ཕན་ཚུན་འདྲེས་པ་ལས་བྱུང་ཞིང་གྲུབ་པའི་སྒྱུ་རྩལ་ཞིང་ཁམས་ཤིག་ཡིན་པ་དང་། གསར་དུ་བྱུང་བའི་མཛེས་རིག་པའི་གཞུང་ལུགས་འདིས་དུས་ཡུན་རིང་པོའི་གསར་རྩོམ་ལག་ལེན་ཁྲོད་ཀྱི་ཉམས་མྱོང་དང་འབྲས་བུ་ཕྱོགས་བསྡོམས་ལྟ་བུ་བྱས་ཡོད་དོ། འཇིག་རྟེན་གྱི་མཛེས་པ་ཡོད་ཚད་ཀྱི་ཟེར་མའི་ཕྲེང་བ་ནི་སེམས་རྒྱུད་ཀྱི་ཆུ་ཤེལ་དབང་པོ་ལས་སྤྲོས་པས་ནསེམས་རྒྱུད་ཀྱི་འཕྲོས་པ་མེད་ཚེ་མཛེས་པའང་ཡོད་མི་སྲིད་དེ། རེས་སིའི་བསམ་བློ་པ་ཆེན་མོ་ར་མི་ཡིས་རང་བྱུང་གི་ཡུལ་ལྗོངས་ལེབ་མོ་ཞིག་ནི་སེམས་རྒྱུད་གཅིག་གི་ཞིང་ཁམས་ཡིན། ཞེས་གསུངས་པ་དང་། ན་གཞོན་སྙན་ངག་པ་ལྷ་རྒྱལ་ཚེ་རིང་ལགས་ཀྱིས་མཛད་པའི་སྐྱ་རེངས་ལྷ་མོའི་འབོད་བརྡའི་ནང་ཀློག་པ་པོ་རྣམས་དང་ཤིན་ཏུ་གསལ་ཆ་ཆེ་བའི་རང་བྱུང་ཁམས་ཀྱི་བྱ་དངོས་ང་མ་ཁོའི་སེམས་རྒྱུད་ཀྱི་དགའ་སྐྱོ་མཚོན་བྱེད་ཀྱི་ཞིང་ཁམས་རེ་རེ་ཡིན། ང་ཚོས་བརྗོད་གཞི་འདི་ལས་འཕྲོས་ཏེ་བོད་ཕྱོགས་ཀྱི་སྙན་ངག་གསར་བར་ཞིགས་ན། སྲིད་པ་རྒན་པོས་ཁ་ཆེའི་ཡུལ་ནས་གུར་གུམ་ར་མས་ཟ་ཟེར་བའི་དཔེ་ལྟར། ད་ལྟ་ཁ་བ་ཅན་ནས་སུས་ཀྱང་སྙན་ངག་འབྲི་བའི་སྣང་ཚུལ་འདི་འདྲ་ཞིག་བྱུང་། དཔལ་དོན་གྲུབ་རྒྱལ་གྱིས་རང་མོས་སྙན་ངག ལང་ཚོའི་རྦབ་ཆུ་སྤེལ་རྗེས། སྔ་རྗེས་སུ་སྙན་ངག་གསར་བ་ཆར་ཤུལ་གྱི་ཤྭ་མོ་ལྟར་ཐོན་ཅིང་། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ལགངས་འདབས་ཀྱི་སེམས་པ་དང་། ཚོར་སྣང་གསར་བ་ཁ་བ་དཔར་པོ་བྲག་རིའི་སྲས་མོ་མཐོ་སྒམ་གི་རླུང་ལྗང་བུའི་རྩོམ་རླབས་ཉི་མའི་མགོན་པོ་ཁ་བའི་རྣམ་ཤེས་ངས་ཁྱོད་རང་ཁུ་སིམ་མེར་བཞགསྙན་ངག་གིས་སླར་ཡང་ཁོ་བོ་བཙལ་གངས་རིའི་བརྩེ་དུང་སྐྱ་རེངས་ལྷ་མོའི་འབོད་བརྡའ་སོགས་སྙན་དེབ་མང་པོ་ཐོན་ཏེ། བོད་ཀྱི་རྩོམ་སྟེགས་སུ་སྙན་ངག་གི་རྦ་རླབས་ཤིག་འཕྱུར་བྱུང་། ལྟོས་ས་ལྟོས་འཇོག་གི་སྒོ་ནས་བཤད་ན་འདི་ནི་དགའ་འོས་པའི་གཏམ་ཞིག་ཡིན་པ་གཞིར་བྱས།   ང་ཚོ་སྙན་ངག་གི་ལོག་ལམ་ཞིག་ཏུའང་འགྲོ་བཞིན་མེད་དམ་སྙམ་པའི་སྣང་བ་སྐྱེ། ཁ་ཅིག་གིས་རང་གིས་ཅི་ཞིག་ཇི་ལྟར་འབྲི་བཞིན་པ་དང་གོ་དོན་ཅི་ཞིག་ཡོད་པའང་མི་ཤེས་པའི་སྙན་ངག་སྐོར་ཞིག་འབྲི་བཞིན་པ་དང་། ཡང་སྐོར་ཞིག་གིས་སྙན་ངག་འབྲི་བ་དེ་ཇ་ཁ་ཆང་ཁ་ན་ཡོད་པའི་རྩེད་མཚར་ཞི་ཏུ་བསམ་ཡོད། ངས་བལྟས་ན་སྙན་ངག་འབྲི་བ་དེ་ལས་སླ་མོ་ཞིག་གཏན་ནས་མིན་ལ། ལྷག་པར་དུ་རང་མོས་སྙན་ངག་འབྲི་བ་དེ་མེ་ལོང་མའི་ལུགས་ལྟར་འབྲི་བ་ལས་ལྡབ་འགྱུར་གྱིས་དཀའ་སྙམ། སྙན་ངག་གསར་བའི་ཐད་ནས་བལྟས་ན། ད་ལྟ་བོད་ཁམས་ཡོངས་སུ་རང་གི་ཐུན་མིན་གྱི་རྩོམ་གཤིས་དང་ཁྱད་ཆོས་ཆགས་ཡོད་པའི་སྙན་ངག་་ས་རྩིས་རྡོ་རྩིས་བྱས་ན་བཅུ་ཕྲག་གཉིས་ལ་སླེབས་དཀའ་བ་རེད། ཁ་གདངས་པ་ཙམ་གྱིས་གླུ་ལེན་ཤེས་ཟེར་ན་རློམ་དཀའ་བ་ཞིག་རེད། མིག་སྔའི་ཚོར་རའི་འགྲན་རྩོད་ཀྱི་རླབས་རྒྱུན་ཁྲོད་ང་ཚོས་རྩོམ་རིག་གི་དར་ཆ་བསྒྲེངས་ནས་གྲུབ་འབྲས་ཁྱད་པར་ན་ཞིག་ལེན་རྒྱུ་ཤིན་ཏུ་དཀའ་མོད། དེང་སང་གི་བོད་མི་རྣམས་རྩོམ་རིགས་གི་འཚོ་བཅུད་མེད་མི་རུང་བས་ན་ང་ཚོས་མུ་མཐུད་དུ་གསར་རྩོམ་ལ་བརྩམས་ཆོས་སྤེལ་བརའབད་དགོས་སྙམ།

 མིག་སྔར་གྱི་སྣང་ཚུལ་གཞན་ཞིག་ནི། དེང་སྐབས་བོད་ཀྱི་སྙན་ངག་དང་སྙན་ངག་པ་སྐོར་ཞིག་གིས་སྲོལ་རྒྱུན་དང་མངས་ཁྲོད་ཀྱི་ལེགས་ཆ་རྣམས་བརྩིས་མེད་བོར་ནས། བསམ་བློ་ལྐོག་གྱུར་དང་ཚིག་འགྲོས་ཁ་དམ་པའི་ལམ་བུར་བསྙེགས་ཏེ་སྙན་ངག་རང་ཀོགྱོང་སྐམ་པོ་ལྟར་གྱུར་ཡོད་པ་དང་། ཡིད་བརྙན་དང་མཚོ་དོན་གྱི་ཆོས་ལ་མདངས་མེད་སྐྱ་ཤུར་བའི་ཉམས་ཀྱིས་སྙན་ངག་རང་རྡུལ་རླུང་འཚུབ་འདྲར་གྱུར་བ་དང་། སྙན་ངག་གི་རོལ་དབྱངས་ཀྱི་ཉམས་ཤོར་ཏེ་སྙན་ངག་རང་སྟ་རེས་བཟོས་འདྲ་ལ་ལྷུག་པ་ཅན་དུ་ཀློག་དགོས་པའི་སྣང་ཚུལ་གྱིས་ཁྱབ་ཡོད་པ་དང་། ལྷག་དོན་གསར་སློབ་པ་འགའ་ཞིག་གིས་སྙན་ངག་རྩོམ་དུས་མ་བཅོས་ཤུགས་མིན་གྱི་བརྩེ་དུང་དང་བྲལ་བར་ཐ་སྙད་འཁྲེགས་པོ་དང་འོས་མིན་གསར་བཟོའི་ཚིག་སྦྱོར་སྤྱད་དེ་སྒྲིབ་གཡོགས་མཐུག་པོ་རེ་འགེབས་པར་སྤྲོ་ཞིང་། ཀློག་མཁན་གྱི་ཇི་ལྟར་དཔྱད་ཀྱང་གོ་བ་མ་ལོན་ཚེ་ད་གཟོད་སྙན་ག་ལེགས་པོར་འཁྱོངས་འདུག་སྙམ་ནས་སྒྲོབ་ཉམས་བརྗིད་པ་སྟོན་པ་དང་། ཡང་འགའ་རེས་ཕོ་མོའི་བར་གྱི་བརྩེ་དུངས་འཁྲལ་འཁྲུལ་དེ་རྒྱབ་ལྗོངས་བྱས་ཏེ་བློས་བསླངས་པའི་སྙན་རྩོམ་གྱི་བསྟན་དོན་དང་ཡིད་བརྙན། སྒྱུ་རྩལ་ཐབས་རྩལ་སོགས་ཤིན་ཏུ་དམན་བཞིན་དུ། ད་དུང་ཡང་བསྟན་དོན་དང་སྒྱུ་རྩལ་གྱི་རིན་ཐང་རྔམ་ཆེ་མདོག་བསྟན་ནས་སྙན་ངག་ལ་འགྲེལ་རྒྱག་མི་རུང་ཟེར་ན་དགོད་བྲོ་བ་ཞིག་རེད། ཕྱི་གླིང་དང་རྒྱའི་སྙན་མང་པོར་དཔྱད་བརྗོད་པས་སྐྱོན་བརྗོད་དང་འགྲེལ་བཤད་བགྲང་གིས་མི་ལང་བ་མཛོད་ཡོད་ལ། དེས་སྤྱི་ཚོགས་དང་མིའི་སེམས་རྒྱུད་ལ་ཞབས་འདེགས་གནད་སྨིན་བསྒྲུབ་ཡོད་པ་ཤེས་བཞིན་དུ། སྙན་ངག་གི་རིན་ཐང་ཤོར་འགྲོ་བར་དོགས་ནས་དོན་དངོས་ལ་བསྙོན་འདིང་བ་མ་ཡིན་ནམ། 

སྙན་རྩོམ་གྱི་ཚིག་གི་སྦྱོར་བ་དང་དོན་གྱི་སྒྲིག་གཞི་སོགས་ལས་སྙན་ངག་གི་གོ་དཀའ་སླའི་དབྱེ་ཁྱད་བྱུང་བས། ཁ་དམ་པའི་ཚིག་སྦྱོར་དང་བསམ་གཞིག་བྱེད་སྟངས་ཀྱིས་སྤེལ་ཏེ་གོ་དཀའ་བར་བྱས་ན་སྙན་ངག་གི་ཆེས་ཁྱད་འཕགས་ཀྱི་ཡོ་ཏན་བར་བརྗོད་པའི་སྐབས་འདིར། སྐྱ་རེངས་ལྷ་མོའི་འབོད་བརྡའཡིས་ལྷོད་བག་དང་འཇམ་མཉེན་གྱི་ངག་སྦྱོར་སྤྱད་དེ་ཀློག་ན་བདེ་ཞིང་ཡིད་ལ་འབབ་པའི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་བཞེངས་བསྐྲུན་གནང་བ་འདིས། དངོས་གནས་ང་ཚོ་ལ་དབུགས་དབྱུང་ཅུང་ཟད་མཛད་དེ། འདུ་འཛིའི་ཀློང་ནས་ཐར་ཏེ་དབེན་སུལ་དུ་སླེབས་པ་དང་འདྲ་ལ། རླུང་འཚུབ་ལས་ཐང་ཏེ་ཁང་བཟང་དུ་སླེབས་འདྲ་དང་། བྱེ་ཐང་ལས་སྤང་ལྗོངས་སུ་ཐོན་འདྲའི་སྣང་བ་སྦྱིན་ཡོད། སྐྱ་རེངས་ལྷ་མོའི་འབོད་བརྡའི་ཁྲོད་ནས་ང་ཚོས་རང་སེམས་ལྷོད་ལ་ཕབ་ཏེ་སྒྱུ་རྩལ་གྱི་མྱོང་བའི་ཁྲོད་ཤ་ཅུང་ཟད་ལྷོད་པས་ཆོག ཉིན་གང་བོའི་ཙག་ཙིག་བྱ་བའི་སུན་སྣང་གིས་རང་རྒྱུད་བསྡམས་པའང་འདིའི་ཁྲོད་ནས་ཅུང་ཟད་ལྷོད་པས་ཆོག

དེང་རབས་སྙན་ངག་པ་ལྷ་རྒྱལ་ཚེ་རིང་ལགས་ཀྱིས་དེ་ལྟར་སྙན་ངག་གི་ཁ་གཏོད་ཡུལ་དང་། རྣམ་པར་རྟོག་སྟངས། འབྲི་ཐབས་སོགས་རྩ་བའི་སྟེང་ནས་སྙན་ངག་གསར་བར་རྐང་པ་བཙུགས་ཤིང་། རྗོད་བྱེད་དང་སྒྲིག་གཞི་དབྱངས་འགྲོས་སོགས་རྣམ་པའི་སྟེང་ནས་སྲོལ་རྒྱུ་སྙན་ངག་དང་ཉེ་བར་བཏུད་དེ། སྐྱ་རེངས་ལྷ་མོའི་འབོད་བརྡའི་ནང་སྙན་ངག་གསར་རྙིང་གཉིས་པོའི་དགེ་མཚན་ཟུང་འཇུག་ལེགས་པར་མཛད་ཡོད། རྩོམ་པ་པོས་བོད་སྤྱི་ཚོགས་ཁྲོད་རྒྱུན་ཆགས་སུ་གྱུར་བའི་བསམ་བློའི་རིགས་དེ་ཧ་ཅང་སྤྱིར་བཏང་གི་བརྗོད་བྱ་ས་རྡོ་དང་ནོར་ལུག་ལྟ་བུའི་སྟེང་བཞག་སྟེ། བརྗོད་བདེ་དབྱངས་ཀྱི་འགྱུར་ཁུགས་རོལ་མོ་ལྟར་སྙན་ཞིང་འཇེབས་པའི་སྒོ་ནས་རང་ཉིད་དམ་རང་གི་གྲོགས་པོ་ཚོར་གསོང་བོར་བརྗོད་པ་དང་། བོད་སྤྱི་ཚོགས་ཁྲོད་བག་ལ་ཉལ་བའི་གསང་བ་དེ་སྐད་ཤུགས་དྲག་པོས་བརྗོད་པ་ནི། སྙན་ངག་པ་ཁོ་རང་གིས་ང་རང་ཐམས་ཅད་ཁོང་དུ་སྦེད་ལ་མི་མོས་པར་ཡོད་ཚད་ངག་ཏུ་འཁྲོལ་ལ་དགའ་བ་ཡིན།ཞེས་པ་དེས་ཕལ་ཆེར་ན་ཧ་ཅང་ཕྲ་བའི་དུས་ནས་བོད་སྤྱི་ཚོགས་ཀྱི་ཡར་ཐོན་དང་། མི་དམངས་ཀྱི་བདེ་སྡུག་སོགས་ལ་སེམས་ཁུར་གནང་གྱིན་ཡོད་པ་སོགས་གསལ་མཚོན་བྱས་ཡོད་དོ།

                                                                           འབྲུག་མོས་ཞུ་དག་བྱས།

 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060