གནས་ཡུལ། མདུན་ངོས། ༄༅།།དཔྱད་བརྗོད།
 
 
༄༅།།རྨ་ཆེན་གངས་འདབ་ཀྱི་གླུ་གཞས།
སྤེལ་དུས།2009-03-05   ཡོང་ཁུངས་།   རྩོམ་པ་པོ། ཚེ་དབང་གུ་རུ།
       ---སྙན་ངག་པ་འཇུ་སྐལ་བཟང་གི་སྲོལ་རྒྱུན་སྙན་རྩོམ་རེ་གཉིས་ཟུར་ཙམ་གླེང་བ།

སྙན་ངག་པ་འཇུ་སྐལ་བཟང་གིས་ཐོག་དང་པོར་སྙན་རྩོམ་སྤེལ་དུས་ནི་སྤྱི་ལོ་1977ལོ་རེད།སྐབས་དེར་ཏག་ཏག་བོད་ཀྱི་ སྙན་ངག་གསར་རྩོམ་དེ་དུས་སྐབས་གསར་པ་ཞིག་གི་ལམ་དུ་ཆས་པའི་འགོ་བརྩམས་མ་ཐག་ཡིན།བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་ཡང་སྔོན་གྱི་ལོ་ངོ་བཅུ་ཕྲག་གི་གོད་ཆགས་གྱི་བཙོན་ར་ལས་བཅིངས་བགྲོལ་ཐོབ་སྟེ་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་ཚིག་རྒྱན་རིག་པའི་བསྟན་བཅོས་མང་པོས་སྣེ་ཁྲིད་དང་རང་དབང་གི་གྲུ་ག་ལེགས་པོ་ཞིག་སྤྲད་བྱུང་།འཇུ་སྐལ་བཟང་ཡང་དམངས་ཁྲོད་ཀྱི་གླུ་གཞས་དང་དོན་བསྡུས་གནད་དུ་འཁེལ་བའི་གཏམ་དཔེ།དཔའ་བོའི་ལོ་རྒྱུས་ཀྱི་རྟོགས་པ་བརྗོད་པའི་སྒྲུང་དང་དམངས་ཁྲོད་ངག་རྩོམ་གཏམ་རྒྱུད་སྣ་ཚོགས།ལྷང་ལྷང་ཆོས་དུང་དཀར་པོའི་སྒྲ་དབྱངས་དང་མི་ཚེའི་རིན་ཐང་གཞལ་བའི་ནང་བསྟན་གྱི་རིག་གཞུང་།འདས་སོང་ལ་ཕྱིར་གཟིགས་གནང་བའི་ལོ་རྒྱུས་གླེགས་བམ་གྱི་རུམ་ཁོང་ནས་རྩྭ་ཐང་མ་མའི་པང་ནས་སྒྱུ་རྩལ་གྱི་རིན་ཐང་ཤིན་ཏུ་ཕྱུག་པའི་འོ་ཞོ་མང་དུ་འཐུང་བར་བརྟེན།བརྩེ་དུང་དང་ཚོར་འདུ་ཤུགས་དྲག་པའི་སྙན་འཇེབས་ཀྱི་གླུ་གཞས་དེ་སོར་མོས་འཇུས་པའི་སྨྱུག་རྩེ་ལས་འབུས་ཤིང་།གནའ་དེང་བོད་ཀྱི་ཚིག་རྒྱན་རིག་པའི་བསྟན་བཅོས་ཀྱི་གཞུང་གི་བཀོད་པའི་མཛེས་པ་ལུས་ལ་བཀླུབས་ཏེ་སྲོལ་རྒྱུན་གྱི་ཚིགས་བཅད་སྙན་ངག་འབོར་ཆེན་ཞིག་སྙིམ་པར་བཏེགས་བོད་ཀྱི་དེང་རབས་རྩོམ་རིག་གི་དགའ་ཚལ་མངོན་བྱུང་།དེའི་ནང་སྙན་ངག་པའི་སྙན་ངག་གི་བརྩེ་དུང་མེ་སྟག་བཞིན་མཆེད་དེ་བརྗོད་བྱའི་དོན་གསལ་ཞིང་རྗོད་བྱེད་ཀྱི་ཚིག་སྙན་འཇེབས་ལྡན་པ།ཚིག་རྒྱན་གྱིས་སྤུད་པ་མཛེས་ཤིང་སྡེབ་ལེགས་པ།ལྷག་པར་དུ་ཚིག་གི་ལྷུ་འགྲིག་ཅིང་།གཅོད་ལེགས་ལ།ཀློག་བདེ་བས་ཁྱད་ཆོས་གསལ་བོར་མངོན་པའི་སྙན་ངག་གང་མང་ཞིག་བརྩམས་ཡོད།སྙན་ངག་དེ་དག་གི་བརྗོད་བྱའི་དོན་བསྡུས་ཤིང་གསལ་བ་དང་དུས་རབས་ཀྱི་དཀྱོགས་མཚམས་ཤིག་ནས་སྙན་ངག་པས་བརྗོད་འདོད་ཀྱི་བསམ་གཞིགས་མང་པོ་ཞིག་འོ་ཞོ་བཞིན་ཀློག་པ་པོའི་ཡིད་ཀྱི་དང་བ་འདྲེན་པའི་མཐུ་རྩལ་གྱིས་ཕྱུག་ཅིང་།མཐོ་སྒང་གི་མི་རིགས་འདིའི་མདུན་ལམ་དང་ཡར་རྒྱས་ཀྱི་ཆེད་དུ་ཞེན་སྐུལ་གྱི་བསམ་འདུན་རྣོ་དབལ་གྱི་རལ་གྲི་ཇི་བཞིན་དངོ་འཆར་ལེ་འདུག་པ་མཚོན་ཡོད།ཀློག་པ་པོས་དགའ་མོས་ཆེན་པོ་བྱེད་པའི་སྙན་ངག་ལྗོན་པའི་ཕུགས་བསམལྟ་བུར་མཚོན་ན་སྙན་ངག་པས་བློ་ཁོག་ཡངས་ཤིང་དྲང་བདེན་ཆེ་ལ།ཡོད་ཚད་འབུལ་ཐུབ་པའི་སྙིང་སྟོབས་ཤིག་མི་རིགས་འདིར་དགའ་ཞེན་གྱི་རྩ་བར་བཟུང་ནས་བརྩམས་པའི་སྙན་རྩོམ་ཞིག་རེད།དཔྱིད་གསུམ་དྲོད་འཇམ་གྱི་ཉི་འོད་དང་སོས་ཀའི་བརླན་བཤེར་གྱིས་བསྐྱངས་པའི་ལྗོན་ཤིང་ཞིག་གི་དུས་བཞིའི་རྣམ་པ་དང་ཕན་ནུས་ཀྱིས་སྣ་དྲངས་ཏེ།རང་ཉིད་ཀྱིས་བསྒྲུབ་ཐུབ་དང་འཁུར་འོས་པའི་ལས་འགན་དེ་ཕུགས་བསམ་དུ་སེམས་ནས་ཨ་ལྕེའི་དབུ་ལོ་མཛེས་པའི་རྒྱན་ཆ་དང་ཨ་ཇོ་སྐུ་ངལ་གསོ་བའི་ཚད་སྐྱོབ།རྨོ་བོའི་ཟོ་མདངས་གསོ་བའི་བཅུད་ལེན་དང་སྤོ་བོའི་མེ་སྟོབས་གསོ་བའི་དྲོད་ལེན་ཙམ་ཡོང་ན་དེར་འགྱོད་དང་བསྐང་བ་མེད་པར་ཕངས་མེད་དུ་སྦྱིན་ཆོག་པའི་ཡོད་ཚད་འབུལ་ཐུབ་པའི་སྙིང་སྟོབས་ཤིག་ཤུགས་ཀྱིས་མངོན་ཡོད་ལ།ལྗོན་ཤིང་འདི་གངས་རིའི་ལྗོངས་འདིར་རྩ་བ་རྒྱས་ཤིང་ཡལ་འདབ་ཀྱི་ཁོ་ལག་ཕྱོགས་མེད་དུ་བརྐྱངས་ཏེ།ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད་ཁྲག་དྲོན་གྱི་དམར་མདངས་དང་ཅེ་སྤྱང་གི་མཆེ་གཙིགས་སྡེར་བགྲད།རྟ་དམག་གི་གོམ་འགྲོས་དང་རྨིག་སྒྲའི་བར་གསེང་ནས་ལོ་རྒྱུས་ཀྱི་ཕྱེ་རྡུལ་རླུང་འཚུབ་ཀྱིས་ཁྱེར་ཏེ་ཁོའི་མཁའ་དབྱིངས་སུ་འཐིབས་ཤིང་།ད་དུང་དད་མོས་ཤིག་དང་འདུན་པ་ཞིག་གི་ཆེད་དུ་ཉིན་མཚན་དུས་དྲུག་ཏུ་འབར་བའི་མཆོད་མེ་དང་བསང་དུད་ཀྱི་ཁྲོད་དུ་མི་རབས་མང་པོ་ཞིག་གི་ཉམས་རྒུད་དང་ཡར་རྒྱས་ཀྱི་འདས་སོང་དྲན་འཆར་དུ་ཉར་ནས་ཕྱི་རབས་ཚོའི་ཆེད་དུ།ནུ་སྲིང་བུ་ཚ་དགྱེས་པའི་སྐས་གདང་དུ་གྱུར་ཏེ།རྒྱུ་སྐར་དོ་ཤལ་ལེན་པའི་རྐང་སྟེགས་ཤིག་ཡོང་ན།རེ་བློ་གཏིང་ནས་ཚིམ་པའི་དགའ་སྟོན་ལ་རོལ་འགྲོ་ཞེས་མ་འོངས་པའི་མི་རིགས་འདིའི་ནུ་སྲིང་བུ་ཚ་ཚོའི་མཚར་སྡུག་དང་འབྱུང་འགྱུར་གྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པ་དང་།ཡིད་ཆེས་དང་རེ་སྨོན་ཞིག་གིས་ཁེངས་པ་མཚོན་ཡོད།

འཛམ་གླིང་སྤྱིའི་འཕེལ་རྒྱས་ཀྱི་མྱུར་ཚད་ཧ་ཅང་མགྱོགས་ཤིང་།འགྲན་རྩོད་ཀྱི་དུས་ཚིགས་ཤིག་དང་འདྲ་བར་རྒྱལ་ཁབ་ཕན་ཚུན་དང་དར་སྤེལ་གྱི་ཚ་རླབས་ཤིག་འཕྱུར་པའི་མོད་ལ།འགྱུར་ལྡོག་དང་བར་ཐག་ཇེ་ཆེར་སོང་སྟེ།སྤྱི་ཚོགས་ཡོངས་ཀྱི་སྒུལ་ཤུགས་ཤིག་ཏུ་གྱུར་འདུག ཡིན་ནའང་བོད་ཀྱི་སྤྱི་ཚོགས་ཁྲོད་གནས་པའི་གནད་དོན་ནི་སྐབས་དེའི་སྤྱི་ཚོགས་ཧྲིལ་པོའི་རེ་སྙེག་དང་ལྡོག་སྟེ་རྨོངས་ཞེན་དང་བག་འཁུམས།ལེ་ལོ་དང་ང་རྒྱལ་གྱིས་རང་ས་ལག་མཐིལ་ཙམ་མ་གཏོགས་གཞན་ཏུ་ཅི་ཡང་མི་སེམས་པར་རང་གི་ནང་འཁོར་དེ་ནང་ཡིད་ཚིམ་ཚིམ་དང་།མནོག་ཆུང་ནུས་མེད་ཀྱིས་མེས་པོ་ཚོའི་ལོ་རྒྱུས་སྟེང་ཤོད་པའི་དཔའ་རྩལ་ཆེ་ཞིང་སྙིང་སྟོབས་ལྡན་པ།བློ་གྲོས་དང་ཤེས་རབ་ཀྱི་མིག་ལྡན་པ།བརྩོན་སེམས་དང་ལ་རྒྱ་ཆེ་བ་སོགས་དང་རིང་དུ་གྱེས་པས།སྙན་ངག་པས་དུས་སྐབས་གསར་བའིབོད་མི་རྣམས་ཀྱི་བསམ་བློའི་ཤེས་རྟོགས་ཇེ་མཐོ་དང་བརྩོན་སེམས་ཆེར་བསྐྱེད།ཡར་བསྐུལ་གྱི་འདུན་པ་ཇེ་དྲག་དང་འཚོ་གནས་ཇེ་ལེགས་བཅས་འགྲོ་བའི་སླད་དུ་མཚང་བརྟོལ་དང་སུན་འབྱིན་བྱས་ཏེ།གཞན་ལ་བལྟ་བའི་མིག་ཡོད་དགོས་པ་མ་ཟད།རང་ཉིད་འཕེལ་རྒྱས་གཏོང་ཐབས་སུ་འབད་དགོས་པར་བསྟན་པའི་སྙན་རྩོམ་ཡང་གང་མང་སྤེལ་ཡོད་པ་ལས་ནེ་ལེར་བགྲོ་བའི་གཏམ་ནང་དུ།རང་ཞེན་བག་ཆགས་མཐུག་པོའི་གདམས་ངག་་གི་བུམ་ཆུར།།བླང་དོར་དཔྱད་འཇོག་མེད་པའི་རྔམ་འཐུང་གིས་འགྲེངས་པས།།རླུང་སྤྲིན་ངེས་མེད་འཐབ་པའི་བགྲོད་རིམ་དེར་སླེབས་ཚེ།།མགོ་འཁོར་ཞེན་པ་ལྡོག་པའི་ངེས་འབྱུང་ཞིག་འཁྲུངས་སམ།།ཞེས་རང་གི་འཁོར་དེ་ལ་ཡིད་ཚིམ་ནས་རྨོངས་ཞེན་གྱི་བག་ཆགས་མཐུག་པོ་དེར་དུས་རབས་དང་མཐུན་པའི་སྒོ་ནས་བླང་དོར་འབྱེད་དགོས་པ་དང་ཞིབ་དཔྱོད་བྱེད་དགོས་པ་མ་ཟད།གཤིས་རྒྱུད་གྱོང་པོ་དང་རྣམ་རྟོག་ཆེ་བས་ཅི་ཡིན་གང་ཡིན་མི་ཤེས་པར་མི་ཚེའི་ཐོབ་ཤོར་སྣ་ཚོགས་ཀྱི་ནང་ནས་མ་ཡིན་ཡིན་མདོག་གིས་རང་རློམ་ཆེན་པོས་འདའ་བ་མིས་འཕྱ་རང་ཡང་ཁྲེལ་བའི་གཞི་མར་འགྱུར་བ་བསྟན་ཡོད།དེ་མི་རིགས་འདིའི་འཕེལ་རྒྱས་ཀྱི་བཀག་རྒྱ་ཡིན་པར་མཚོན་ཡོད་ལ།ས་ཁོངས་དང་མི་རིགས་གཞན་འཕེལ་རྒྱས་སུ་སོང་བ་དེ་ང་ཚོར་ཡང་གོ་སྐབས་གཅིག་འདྲ་འཛོམས་ཡོད་ཀྱང་བག་འཁུམས་དངརང་ཞེན་གྱི་རྒྱ་རུ་ཚུད་ཡོད་པའི་ང་ཚོའི་གནད་དོན་མཚོན་ཡོད།གཞན་ཡང་།དྲི་གཞོན་གྲོགས་སུ་རྩེན་པ་ཐང་དཀར་རྒོད་པོ།།གཤོག་འགྱུར་ཡངས་པའི་རླབས་ཀྱིས་ནམ་མཁའ་རུ་ལྡིང་སྟེ།།བརྙས་བཞག་རྟུག་པའི་ཕུང་བོ་མགོ་བོ་རུ་གཏོར་ཚེ།།ང་ཡང་འདབ་ཆགས་སྙམ་པའི་འདུ་ཤེས་ཤིག་མེད་དམ།།ལུས་སྐྱེས་སྒྲོ་རྫོང་སྟུག་པོའི་རིན་གོང་ལ་རྔམ་ནས།།ཞོ་འཐུང་རྒྱགས་པའི་འུར་རྡོ་མགོ་བོ་རུ་སྐོང་ཚེ།།བྱ་ལམ་ཕ་མཐའ་བྲལ་བའི་སྤྲིན་དཀར་གྱི་གསེབ་ཏུ།།སྐད་ཅིག་ཉིད་ལ་ལྡང་བའི་མངོན་བློ་ཞིག་འཆར་རམ།།སྣ་ཚོགས་བྱ་ཆེན་དང་ནི་བྱ་ཕྲན་གྱི་ཚོགས་ཀུན།།བམ་ཤ་གསར་བའི་ལོངས་ལ་ཅི་དགར་རུ་རོལ་ཚེ།།ལྟོ་བ་སྟེང་འོག་འགྱུ་འདྲའི་ཚོར་བ་དང་འགྲོགས་ཏེ།།མགྲིན་པ་འགྲམ་ཆུར་བརྣང་བའི་སྲེད་ལེན་ཀྱང་མེད་དམ།།ཞེས་བྱ་རྒྱལ་རྒོད་པོ་གཙོ་བྱས་འདབ་ཆགས་མང་པོས་རང་དགར་བརྙས་བཅོས་བྱས་ཚེ་ནེ་ལེ་རང་ཉིད་ཀྱང་འདབ་ཆགས་ཡིན་པས་འཕུར་ལྡིང་གི་རྩལ་དང་ཕས་རྒོལ་གྱི་ཐབས་སོགས་ཡོད་འདོད་ཀྱི་འདུ་ཤེས་ཤིག་ཀྱང་མེད་དམ།གཞན་གྱིས་དམའ་འབེབས་དང་འཕྱ་དམོད་ཇི་ལྟར་བྱས་ཀྱང་ཤེས་ཚོར་མེད་པའི་ངང་མནོག་ཆུང་འཁོས་ཞན་གྱིས་འཚོ་དགོས་པ་འདི་ནི་ཇི་འདྲའི་སྐྱོ་ཨང་།བསྟན་དོན་ཡང་བོད་མི་རིགས་ཁྲོད་ཀྱི་མི་མང་པོ་ཞིག་གི་སྣང་ཚུལ་བསྡུས་བརྗོད་ཀྱི་ཚུལ་དུ་བཀོད་ཡོད་ལ།ག་ས་གང་དུ་བོད་མི་རིགས་རྗེས་ལུས་ཡིན་པ་དང་འཕེལ་རྒྱས་མེད་པ།རྨོངས་དད་བྱེད་པ་སོགས་ཀྱི་མི་མང་པོ་ཞིག་གིས་རང་ཉིད་ཀྱི་གནས་བབ་དང་འབྱུང་འགྱུར་ལ་མནོ་བསམ་གཏོང་གི་མེད་པ་མ་ཟད།གཞན་གྱིས་བརྙས་བཅོས་འཕྱ་སྨོད་བྱས་ནའང་ཨ་ལན་ཙམ་ཡང་འཕེན་མི་ཐུབ་པ།རང་ཉིད་བསྒྱུར་བཅོས་འཕེལ་རྒྱས་སུ་གཏོང་ཐབས་ལ་འབུངས་རྒྱུའི་བློ་སྤོབས་ཙམ་ཡང་མི་མངའ་བ་ཡ་ང་བ་ཞིག་ཡིན་པ་དང་།དེར་བརྗིད་ཅིང་བརླིང་བའི་ཚིག་བརྗོད་ཀྱིས་ནེ་ལེ་ལྟ་བུའི་མི་རྣམས་ལ་ཟུར་ཟ་དང་གཞན་སྐུལ་བྱས་ཡོད་པ་རེད།ཤུགས་བསྟན་དུ་ད་དུང་མི་རིགས་གཞན་གྱི་མི་ཡང་མི་ཡིན་པ་ང་ཚོ་དང་འདྲ་ཡང་ཐབས་རྩལ་དང་བརྩོན་སེམས།ཕྱུག་སྒྱུར་དར་རྒྱས་ཀྱི་མཆོད་སེམས་མངའ་བ་མ་ཟད་ཕྱོགས་ཀུན་ནས་དར་རྒྱས་སུ་འགྲོ་བཞིན་ཡོད་པར་ང་ཚོའི་མི་རིགས་ཀྱིས་འགྲན་ཆུ་ཙམ་ཡང་མི་ལྡང་ངམ་ཞེས་དྲི་རྟོགས་གནང་བ་དང་ཕངས་སེམས་ཀྱང་ཤོར་ཡོད་པ་མཚོན་ཡོད།གཞན་ཡང་།

ཁྱོད་ལ་གདོས་སུ་ལྕི་བ་སྒྲོ་ཐུལ་གྱི་ལྭ་བ།།

ཕ་མེས་སྙིང་གི་གཅེས་ནོར་ལགས་པ་དེ་ཨེ་གོ།

མཆུ་རྣོན་སྡེར་ཁྱིམ་གཡོ་བ་ལྷན་སྐྱེས་ཀྱི་ཆོས་འདི།།

ད་དུང་གཞན་ལ་བཀོལ་ཀྱང་ཆོག་པ་དེ་ཨེ་ཤེས།།

དུས་ཀྱི་འཕོ་འགྱུར་གར་མཁན་རྐང་སྟབས་བཞིན་སྒྱུར་ཞིང་།།

ཅོ་འདྲིའི་འཇིགས་པ་བདུད་པོའི་མདུང་རིང་བཞིན་གཟེངས་ཚེ།།

ད་དུང་ཅེ་རེར་གཟིགས་པའི་དུས་སྐབས་དེ་མ་ཡིན།།

གོ་ན་ཁྱོད་ཀྱང་རྩལ་དགུ་ལྷག་མེད་དུ་སྤྲུགས་ཤོག།ཞེས་བྱ་རྒྱལ་ཁྱུང་ཆེན་དང་རྩལ་ལྡན་གླག་མོ།ཁུ་བྱུག་སྔོན་མོ་དང་རྒྱ་བྱ་སྒེག་མོ་ནེ་ཙོ་ལྕེ་བདེ་སོགས་ཀྱང་འདབ་ཆགས་ཡིན་པ་ནེ་ལེ་ཁྱོད་དང་འདྲ་ཡང་།དེ་ཚོར་ལུས་བོངས་ཆེན་པོ་དང་སྡེར་ཁྱིམ་རྣོན་པོ།མགྲིན་སྙན་ལྡན་པ་དང་དུག་ཟས་སྤྱོད་པ།གཞན་ཚིག་སྐྱོར་བ་སོགས་རང་རང་ལ་ཐུན་མིན་གྱི་ཁྱད་ཆོས་དང་བྱེད་ནུས་མངའ་བས།ནེ་ལེ་ཁྱོད་ལ་ཅི་ཞིག་གི་ཁྱད་ཆོས་ཡོད་དམ།ཨ་བྲའི་ཤ་གཟུག་ཆུང་ངུ་ཁ་ཟས་ཙམ་བྱེད་པའི་བདེ་བ་དེ་ཡིས་ཡིད་ཚིམ་སྡོད་པ་ལས་གཞན་གྱི་ཁྱད་ཆོས་ཅི་ཞིག་ཡོད་ཞེས་དྲི་རྟོགས་བྱས་ཏེ།མི་གཞན་མང་པོ་ཞིག་ལ་རང་ཉིད་བསྒྱུར་བཅོས་དང་འཕེལ་རྒྱས་སུ་གཏོང་ཐབས་ཀྱི་ཐབས་རྩལ་མངའ་བ་དང་།རང་རང་གི་ཡོན་ཏན་རྫོགས་ཡོད་པ་བསྟན་པ་དང་།ནེ་ལེ་དང་མཚུངས་པའི་རང་ཅག་མི་རིགས་འདིའི་མི་སྐོར་ཞིག་ལ་བྱེད་ནུས་དང་ཁྱད་ཆོས་མེད་པར་མ་ཟད།ཡར་རྒྱས་ཀྱི་བསམ་བློ་ཡང་མེད་པ་མཚོན་ཡོད་པ་དགག་བཞག་དང་མཚང་འབྲུ་བྱས་ཏེ།ཡར་རྒྱས་ཀྱི་ཕྱོགས་སུ་རང་ཉིད་ཁྱད་ཆོས་དང་བློ་རྩལ་ངོམས་དགོས་པ་བསྟན་ཡོད་པ་དང་།མི་རིགས་དང་ཡུལ་གྲུ་གཞན་གྱི་འཕེལ་རྒྱས་ཡང་རང་ཉིད་ཀྱི་འབད་བརྩོན་དང་དཀའ་སྤྱད་ལ་རག་ལས་ཡོད་པ་ལས།རྨོངས་ཞེན་དང་སྒྱིད་ལུག་ཀྱིས་བསྡམས་ཡོད་པ་མ་ཡིན་པར་གོམ་གང་མདུན་སྤོས་ཀྱིས་དར་རྒྱས་སོང་བ་ཡིན་པ་དང་།ཁྱད་པར་དུ་ཁྱོད་ལ་གཞན་དང་མི་མཐུན་པར་ཕ་མེས་ཀྱི་རིག་གནས་ཤུལ་བཞག་རྩ་ཆེན་གང་མང་མངའ་བས།དུས་ཀྱི་འཕོ་འགྱུར་གྱི་བབ་དང་བསྟུན་ནས་སྲོག་རླུང་ལུས་ལ་ཞུགས་ཏེ་རྩལ་དགུ་ལྷག་མེད་དུ་སྤྲུགས་ན་མི་ཆོག་གམ་ཞེས་ཡར་སྐུལ་བྱེད་ཅིང་རེ་བའི་སྙིང་ཕུར་བརྡབས་པ་ཡང་བསྟན་ཡོད།མདོར་ན།སྙན་རྩོམ་དེའི་ནང་བསྟན་དོན་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནི་བཅོས་བསྒྱུར་སྒོ་འབྱེད་བྱེད་ནས་མི་རྣམས་རང་རང་གི་ས་ན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོན་སྐྱེད་ལས་སྒོ་སྣ་ཚོགས་སུ་ཞུགས་ཏེ་ཕྱུག་སྒྱུར་དང་ཡར་ཐོན་གྱི་སྐབས་སུ་གནས་ཡོད་ནའང་།མཐོ་སྒང་གི་ཡུལ་གྲུར་དེ་ལྟ་བུའི་དཔྱིད་རླུང་ལྡང་ཡང་རྨོངས་སད་དང་ཤེས་རྟོགས་བྱུང་མི་ཐུབ་པ་མ་ཟད།བག་འཁུམས་དང་ལེ་ལོ།སྒྱིད་ལུགས་དང་རྙིང་ཞེན་གྱི་དུག་གི་བསླུས་ཤིང་ཨུ་ཚུགས་ཀྱི་སེམས་ཁམས་རྗེན་པར་བཏང་ནས་འཚོ་གནས་སོགས་འཕེལ་རྒྱས་བསྒྱུར་བཅོས་ཀྱི་ཐད་དུ་ལྟ་བ་ངན་པ་མཁྲེགས་འཛིན་བྱེད་པར་ཐེར་འདོན་དང་ཟུར་ཟ་བྱས་ཡོད་ལ་རང་རེ་མི་རིགས་འདིའི་མི་མང་པོ་ཞིག་གི་རང་བཞིན་དང་།བསམ་བློ།སེམས་ཁམས་བཅས་ལ་ཞིབ་འཇུག་བྱས་པའི་མཚོན་རྟགས་སུ་མངོན་ཅིང་།སྙན་ངག་པས་བོད་ཀྱི་སྤྱི་ཚོགས་སྤྱིའི་རྣམ་པ་དང་ངོ་བོ་འཁྱོག་བཟོ་མེད་པར་བསམ་གཞིགས་ཞིབ་ཏུ་མཛད་དེ་ཡང་དག་པའི་ལངས་ཕྱོགས་བསྟན་ཡོད་པ་དང་།རྨོངས་ཞེན་གྱི་རྒྱ་རུ་བག་ཕེབས་སྡོད་པའི་མི་རྣམས་ཀྱིས་བྱ་དངོས་གསར་པ་དང་ལེན་བྱེད་མི་ཐུབ་པ་དང་ཐ་ཤལ་གྱི་བསམ་བློ་དུག་རུལ་དུ་གྱུར་བ་དང་ལས་ལ་མི་བརྩོན་ཞིང་ཤེས་རིག་གི་འཇོན་ཐང་དབུལ་བའི་མི་ཚོགས་ལ་དགག་བཞག་བྱས་པར་མ་ཟད།ནེ་ལེ་ལྟ་བུའི་མི་རྣམས་ཀྱི་འཚོ་བའི་གནས་སྟངས་ཡ་ང་བ།བསམ་བློའི་སྲོག་ཤིང་ཞིག་རལ་དུ་གྱུར་ཏེ་རང་ཉིད་ལ་ངོས་ཟིན་མེད་པ་དང་གནས་བབས་སྟུག་པོ་དེར་མནོ་བསམ་གཏོང་གི་མེད་པའི་གནད་དོན་མང་པོ་ཞིག་ཐེར་འདོན་བྱས་ཏེ།བསྒྱུར་བཅོས་དང་འཕེལ་རྒྱས་བརྒྱུད་རང་ཉིད་ཡར་ཐོན་ཡོང་བར་འབད་འབུངས་བྱེད་དགོས་པའི་སྐུལ་ལྕག་གནང་བ་དང་།མི་རིགས་འདིའི་གནས་བབ་ལ་བསམ་གཞིགས་བྱས་ནས་མ་འོངས་པའི་འབྱུང་འགྱུར་དང་འཕེལ་རྒྱས་ཀྱི་སླད་དུ་སེམས་ཁུར་བྱེད་བཞིན་ཡོད་པའི་ལྷག་བསམ་དཀར་པོ་དེ་ཡང་མཚོན་ཡོད་པ་གསལ་པོ་རྟོགས་ཐུབ།

བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་སྟངས་ཐད་དུ་རྩོམ་སྲོལ་གཞན་དང་མི་མཐུན་པ་ཡོད་པའི་ཁྲོད་ཀ་མད་སུམ་ཅུའི་གོ་རིམ་གཞིར་བཟུང་ནས་བཤད་པའི་རྩོམ་ཡིག་ལ་ཀ་ཕྲེང་ཟེར་གྱི་ཡོད་པ་དང་།དེར་ཁ་སྐད་དུ་ཀ་བཤད་ཀྱང་ཟེར་སྲོལ་ཡོད།བོད་རིགས་མི་དམངས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་རྩོམ་ཚུལ་ཞིག་ཡིན་ལ།རང་ཅག་བོད་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རྩོམ་རིག་ཅིག་ཀྱང་ཡིན།རྩོམ་ཚུལ་འདི་ནི་སྙན་ངག་གི་གཞུང་ལྟར་བྱས་ན་སྒྲ་རྒྱན་གྱི་ནང་ཚན་ཡི་གེ་ངེས་པ་ཅན་གྱི་རྣམ་གྲངས་ཀྱི་རྗེས་སུ་འབྲངས་པའི་ཁོངས་སུ་གཏོགས་པ་ཙམ་ཡིན་པར་འདོད།ཀ་བཤད་རྩོམ་ཡིག་ནི་སྟབས་བདེའི་རྩོམ་ཐུང་གི་གྲས་སུ་གཏོགས་ཤིང་།ཚིག་དོན་ཐད་དུ་མི་རྣམས་ཀྱིས་ཡིད་ལ་བཟུང་བའམ་ངག་སྐྱོར་སོགས་བྱེད་བདེ་པོ་ཡོད་པའི་ཁྱད་ཆོས་ལྡན་ཡོད།འཇུ་སྐལ་བཟང་གིཀ་རྩོམ་གནོད་སྦྱིན་ཕོ་བྲང་དཀྲུག་པའི་འཕྲུལ་འཁོརདང་ཀ་རྩོམ་གླང་སྨྱོན་ས་སློགགཉིས་ཀ་ནི་ཀ་རྩོམ་གྱི་རྩོམ་སྟངས་སྤྱད་ནས་བརྩམས་གྲུབ་གནང་བའི་རྩོམ་ཡིག་ལེགས་ཤོས་གཉིས་རེད།དེ་ལས་སྔ་མ་ནི་དཔེ་མཚོན་རང་བཞིན་ལྡན་པའི་ཀ་རྩོམ་གྱི་རྩོམ་སྟངས་ལྟར་གྲུབ་པའི་སྙན་ངག་རྨད་དུ་བྱུང་བ་ཞིག་ཡིན་ལ་ཚིག་སྦྱོར་མཛེས་ཤིང་ཚིག་གི་གཅོད་ལེགས་པར་མ་ཟད།རྩོམ་ཉམས་ཀྱིས་ཕྱུག་པ་དང་རྩོམ་གྱི་བརྗོད་པ་ཁ་གསལ་ལ།ཐེར་འདོན་དང་ཟུར་ཟའི་མཛུབ་མོ་གར་སྟོན་གྱི་ཚུལ་དུ་ཀློག་པ་པོར་གསལ་འཆར་ལེ་གཏོང་ཐུབ་པའི་སྙན་རྩོམ་ཞིག་ཡིན།སྙན་རྩོམ་དེའི་འབྲི་སྟངས་ཐད་དུ་ཀ་མད་སུམ་ཅུ་ལས་སྡེ་བ་གཅིག་ལ་བརྗོད་གཞི་གཉིས་འདེམས་ནས་ཐོག་མར་ཆོས་སྤྱོད་མི་སྣའི་སྐོར་གྱི་བརྗོད་བྱ་གཞི་བཟུང་ནས་རྩོམ་པ་དང་།ཞོར་དུ་ཁྱིམ་པ་བ་གཙོར་སྤྱི་ཚོགས་སྟེང་གི་སློབ་གྲྭ་བ་དང་ལས་བྱེད་པ་རྣམས་བརྗོད་བྱར་གཞིར་བཟུང་ནས་བརྩམས་པ་ཞིག་ཡིན།སྙན་རྩོམ་འདིའི་ནང་བོད་ཀྱི་སྤྱི་ཚོགས་དར་སྤེལ་གྱི་ཐད་དུ་བཀག་རྒྱ་དང་ཞབས་འདྲེན་ལྟ་བུར་གྱུར་བཞིན་པའི་སྤྱི་ཚོགས་སྟེང་གི་བྱ་སྤྱོད་ངན་པ་དང་གཤིས་རྒྱུད་ངན་པ།བསམ་བློ་ངན་པ་དང་དུག་རུལ་དུ་གྱུར་པའི་གནད་དོན་སྐོར་ཞིག་འཐེར་འདོན་དང་མཚང་འབྱིན་བྱས་ནས་རང་ཅག་བོད་མི་རྣམས་ཀྱི་བསམ་བློའི་ཤེས་རྟོགས་ཇེ་མཐོར་དང་རྨོངས་མུན་གཉིད་ལས་དཀྲོག་པའི་གསལ་བརྡ་གནང་ཡོད་པ་རེད།དེའི་ཁྲོད་བོད་པའི་སྤྱི་ཚོགས་སྟེང་གནས་པའི་གནད་དོན་སྐོར་ཞིག་ཆེད་དུ་དྲངས་ནས་བསྟན་ཡོད་པར།ཆོས་ཀྱི་སྡོམ་ཁྲིམས་ཡང་དག་པར་བརྩི་སྲུང་བྱེད་ཐུབ་ཀྱིན་མེད་པའི་སྤྲུལ་སྐུ་རྫུན་མ་དང་གྲྭ་བ།སྔགས་འཆང་རལ་བ་ཅན་དང་སྒོམ་ཆེན་གྲུབ་ཐོབ་ཅན།རྫུན་གྱི་འཁོར་ལོ་བར་མེད་བསྐོར་བཞིན་ཧམ་སེམས་དང་ཐོབ་འདོད་གྱི་བརྟུལ་ཞུགས་ཀྱིས་བློ་ཁ་ཡོངས་སུ་བསྒྱུར་བའི་ཚུལ་མིན་བྱ་སྤྱོད་ལ་དོགས་ཟོན་དང་།ཆོས་ཀྱི་དགོངས་གཞི་དང་འགལ་བའི་ཡུལ་ཆོས་ཟོག་ཟོལ་གྱིས་ཀུན་ནས་བཅིངས་ཡོད་པའི་རྨོངས་ཞེན་དང་མ་ཡིན་ཡིན་མདོག་གིས་ཡིད་ཆེས་ཀྱི་སྲོལ་རྒྱུན་རྙིང་རུལ་ཅན་རྣམས་ལ་མདུང་རྩེ་གཏད་དེ་སུན་འབྱིན་བྱས་ཡོད་པ་ལ།རྩོམ་དེར།ཏ་ཐ་ག་ཏའི་བསྟན་བཤིག་ཟོག་པོ་སྒོར་མོ་ཡོད་ན་བསྟན་འཛིན་ཡིན།།ཐ་སྙད་གཙུག་ལག་མི་ཤེས་བླུན་རྨོངས་པ་སྒོར་མོ་ཡོད་ན་དགེ་བཤེས་ཡིན།།ད་ལྟ་རང་ངོ་མི་ཤེས་སྨྱོན་པ་དག་སྒོར་མོ་ཡོད་ན་གྲུབ་ཐོབ་ཡིན།།ན་ནིང་རི་དྭགས་གསོད་པའི་རྔོན་པའང་སྒོར་མོ་ཡོད་ན་སྤྲུལ་སྐུ་ཡིན།།ཞྭ་མདོག་དམར་སེར་རྩོད་པའི་བསྟན་འཛིན་པ་གྲུབ་མཐའི་ལ་རྒྱ་སྒོར་གྱིས་འཛིན།།ཟ་འོག་མལ་དུ་གཟིམས་པའི་བླ་ཆེན་ཚོས་སྤྲུལ་སྐུའི་ཐུགས་ཐག་སྒོར་གྱིས་གཅོད།།འ་འུར་མི་མགོ་སྐོར་པའི་ཟོག་པོ་དག་དགེ་འདུན་གྲལ་མགོ་སྒོར་གྱིས་འཛིན།།ཡ་མཚན་སྤྱན་རས་སྒྱུར་བའི་ཕོ་འདེབ་ཚོས་གཤིན་པོའི་རྣམ་ཤེས་སྒོར་གྱི་འདྲེན།།གཞན་ཡང་།སྙན་རྩོམ་དེར་ཀ་ཁ་སློབ་པའི་བྱིས་པའི་སློབ་སྦྱོང་མི་བྱེད་དང་།རྒས་འཁོག་རྒན་རྒོན་རྣམས་ཀྱིས་ཚེ་མཇུག་ཁ་རོག་མ་ཎི་རེ་བཏོན་ན་འཇིག་རྟེན་གྱི་ལུགས་དང་མཐུན་པོ་ཡིན་ཡང་།དེ་ལས་ལྡོག་སྟེ་དངུལ་ལོར་བསམ་ཞིང་སྒོར་མོ་བགྲང་བ།སྲིད་གཞུང་གི་ལས་བྱེད་པའི་འོས་འགན་དམངས་ལ་ཁེ་ཕན་ཡོད་པའི་བྱ་བ་བསྒྲུབ་པ་དེ་ཡིན་ཡང་།རང་དོན་འབའ་ཞིག་ལ་བརྩོན་པ་དང་།དེའི་ཆེད་དུ་མཐོ་གོ་ས་དང་རྒྱུ་ངོ་ཅན་གྱི་མིའི་ཕོངས་ཤ་ཡང་ལྡག་ཐུབ་པའི་ངོ་ཚ་མེད་པ་དང་རང་གཅེས་འཛིན་གྱི་བློ་དེ་ཡང་མེད་པས།དུས་རབས་གསར་པའི་གཞོན་ནུ་ན་གཞོན་རྣམས་རང་གི་མདུན་ལམ་དང་འབྱུང་འགྱུར་གྱི་སླད་དུ་སློབ་སྦྱོང་ལ་བརྩོན་པ་དང་ཡར་ཐོན་གྱི་ལས་ལ་འབད་ན་ཡིན་ཡང་དེ་ལས་ལྡོག་སྟེ་མ་རབས་ཀྱི་ལས་དང་དངུལ་སྒོར་རྐྱང་རྐྱང་བསམ་པ།སྤྱི་ཚོགས་སྟེང་དངུལ་སྒོར་དང་རང་ཉིད་ཀྱི་ཁེ་ཕན་མ་གཏོགས་ཀུན་སྤྱོད་དང་ལས་རྒྱུ་འབྲས།ངོ་ཚ་དང་ཆེ་བཀུར་ཆུང་བྱམས་སོགས་དང་བྲལ་མཐོང་ནས་སུན་འབྱིན་དང་མཚང་བརྟོལ་བ།ཡིད་སྐྱོ་ཞིང་ཞེན་མེར་བའི་བསམ་བློ་མངོན་ཡོད་པར་བསྟན་པ་དང་།བོད་མི་རིགས་སྤྱིར་ཁྱབ་པའི་སྣང་ཚུལ་ངན་པ་དང་ཞན་ཆ་དེ་དག་ཐེར་འདོན་དགག་རྒྱག་བྱེད་པ་ལ།རྩོམ་དེར།ཅ་ནེའི་ཕོར་ཁ་རྩོད་པའི་ལས་ཁུངས་ན་བྱ་བའི་དོན་སྒོ་སྒོར་མོ་རྙེད།།ཆ་བྱད་སྣ་ཚོགས་འཛོམས་པའི་གྲོང་ཁྱེར་ན་འཁོར་བའི་སྙིང་བོ་སྒོར་མོ་རྙེད།།ཇ་ཆང་ཧབ་ཐོབ་བྱེད་པའི་མགོ་འདྲེན་པས་གསར་བརྗེའི་བདེན་དོན་སྒོར་མོ་རྙེད།།ཉ་མོ་མགོ་བདེར་འཁྱུག་པའི་ཏང་ཡོན་དག་རྒྱང་རིང་དམིགས་འབེན་སྒོར་མོ་རྙེད།།ཞྭ་མོ་ཟུར་གྱོན་བྱེད་པའི་ཕོ་གསར་ཚོས་ལང་ཚོའི་རིན་ཐང་སྒོར་ལ་འཇལ།།ཟ་ཚོད་སྣུམ་བག་སྤངས་པའི་གཞོན་ནུ་མས་མཛེས་སྡུག་འཕྱོར་སྒོག་སྒོར་གྱིས་ངོམས།།འ་འུར་རྩེད་ར་འགྲིམ་པའི་བྱིས་པ་དག་མ་བཅོས་རྩེད་མོ་སྒོར་ལ་རྩེ།།ཡ་གིའི་ཁྱིམ་ཕུག་ཉལ་བའི་བགྲེས་པོའང་མི་ཚེའི་ཕྱི་མིག་སྒོར་ལ་བལྟ།།གོང་དུ་འཇུ་སྐལ་བཟང་གི་སྲོལ་རྒྱུན་སྙན་རྩོམ་ཁ་ཤས་ཟུར་དུ་བཏོན་ནས་དབྱེ་ཞིབ་ཀྱི་ཚུལ་དུ་ཅུང་ཟད་ཅིག་སྤྲོས་པ་ཡིན་ལ།ལྗོན་པའི་ཕུགས་བསམདང་ཀ་རྩོམ་གནོད་སྦྱིན་ཕོ་བྲང་དཀྲུག་པའི་འཕྲུལ་འཁོརགཉིས་ནི་ཀློག་པ་པོའི་ཁྲོད་དགའ་བསུ་དང་ཡི་རང་ཚད་མེད་བྱེད་བཞིན་ཡོད་པས་དེང་རབས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གཞིས་ཁྱིམ་དྲོན་མོ་འདི་ན་གོ་གནས་གལ་ཆེན་ཞིག་ཟིན་ཡོད།དེ་བས་འདིར་ཡང་རྩོམ་ཡིག་འདི་འདྲ་རེ་གཉིས་ཙམ་གྱིས་མང་པོའི་ཚབ་བྱེད་ཀྱི་ཚུལ་ཙམ་ཟིན་པར་བྱས་ཡོད་ཀྱང་།འཇུ་སྐལ་བཟང་གི་སྲོལ་རྒྱུན་སྙན་ངག་གི་རྩོམ་རྩལ་དང་བརྗོད་བྱའི་འདེམས་སྒྲུག་མཛེས་ཤིང་ལྷུ་འགྲིག་པའི་ཚིག་གི་སྦྱོར་བ་བཅས་ནི་སྐད་ཆ་ཁ་ཤས་ཀྱིས་བརྗོད་ཐུབ་པ་ཞིག་མིན་པས།ཚིག་ཚོགས་མི་སྤྲོས་པར་ཚབ་མཚོན་གྱི་ཚུལ་དུ་འདི་ཙམ་གྱིས་མཇུག་སྒྲིལ་བ་ཡིན།དེ་བས།འཇུ་སྐལ་བཟང་ནི་མཁས་པའི་གཤིས་རྒྱུད་དང་མཚན་ཉིད་ཡོངས་སུ་ཚང་བའི་རྩོམ་པ་པོ་རླབས་ཆེན་ཞིག་རེད་ཅེས་འཆད་ན་དོན་དང་མཐུན་པ་ཡིན་ལ།ཁོས་གངས་འདབ་ཁོ་ན་ཞིག་ཏུ་མི་རིགས་འདིར་ངན་ཁག་དང་འཁང་ར་ཅི་ཡང་མེད་པར་བརྩེ་སེམས་ཟབ་མོ་ཞིག་བཅངས་ཏེ་ཕ་ཡུལ་རྩྭ་ཐང་གི་རིག་པའི་དཔལ་ཡོན་ཆེད་དུ་འདི་ལྟར་གོམ་སྟབས་བརྟན་པོས་བསྐྱོད་པ་ནི་ཀུན་གྱིས་ཡི་རང་དང་གོང་བཀུར་བྱེད་འོས་པ་དང་།ང་ཚོ་ཕྱི་རབས་རྩོམ་རིག་སྨྲ་མཁན་ཚོས་ཡང་འཇུ་སྐལ་བཟང་གི་རྩོམ་རིག་གི་བཞུད་ལམ་དང་ང་ཚོའི་མིག་མདུན་དུ་བསྟར་ལ་བརྒྱུས་འདྲའི་བརྩམས་ཆོས་འདི་དག་ལས་རང་ཉིད་ལ་ངོས་ཟིན་དང་འོས་འགན་གང་དག་ཡོད་པ་ར་སྤྲོད་གསལ་པོ་ཡོད་པ་གདོན་མི་ཟ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060