གནས་ཡུལ། མདུན་ངོས། ༄༅།།ལྷུག་རྩོམ།
 
 
༄༅།།སྟོན་ཆར་ཐོག་མ།
སྤེལ་དུས།2009-03-05   ཡོང་ཁུངས་།   རྩོམ་པ་པོ། རྭ་ཅོ་ནག་པོ།
  ཁུ་བྱུག་གི་མགྲིན་སྙན་བོར་བའི་སེམས་ཁུར་དང་།མེ་ཏོག་གི་འདབ་མ་བདས་པའི་སྐྱོ་གདུང་གི་ཀློང་ནས་སེམས་གསོ་ཕྲན་ཙམ་གྱི་ཕྱིར་དུ་བབས་ཡོང་བ་ནི་ད་ལོའི་ཡིད་འོང་གི་སྟོན་ཆར་ཐོག་མ་རེད།མུ་ཏིག་བཞིན་འཐོར་བའི་ཟམ་ཟིམ་གྱི་ཆར་བ་དེས་བདག་གི་ལུས་སེམས་གྱི་མངའ་ཐང་བརླན་སོང་བས།དགའ་སྣང་གི་སྤྲོ་བ་ཞིག་ངོ་གདོང་གི་མགྲོན་དུ་ཤར་ཡང་།ངའི་དབྱར་གྱི་ཁུ་བྱུག་དང་སྙིང་གི་མེ་ཏོག་ང་དང་རིང་དུ་གྱེས་སོང་བས།བདག་ལ་སྨྲ་མི་ཤེས་པའི་སྡུག་བསྔལ་གྱི་དུང་སྣང་མོད་ལ།ངུས་མི་ཚར་བའི་དྲན་གདུང་གི་མིག་ཆུ་མང་ཨང་།ཡིན་ནའང་།རེ་སྨོན་གྱིས་བརྟས་པའི་གསེར་མདོག་གི་སྟོན་དུས་འདིར།ལྷད་མེད་ཀྱི་སྟོན་ཆར་བསིལ་མ་ཞིག་དང་འདྲ་བའི་བརྩེ་སེམས་ལ་གས་ཆག་ཤོར་བའི་འཁྱམས་པོ་དག་གི་སེམས་ཁོངས་སུ་བབས་པ་ནི་ཡིད་སེམས་འགུལ་བའི་མཛེས་སྡུག་གི་འགྲུལ་བཞུད་ཅིག་དང་སྤྲོ་བས་བརྟས་པའི་དགའ་སྣང་གི་སྒྱུ་འཕྲུལ་ཞིག་ཅི་ལ་མིན།

མཐོ་སྒང་གི་རེ་བ་ཐམས་ཅད་རྡོག་ཁྲེས་བཞིན་དབོར་ཡོང་བའི་ཡུལ་གྱར་བ་ང་ལ་མཚོན་ན་གྲོང་ཁྱེར་གྱི་ཁོར་ཡུག་ནས་ཕ་ཡུལ་གྱི་ཆར་བ་དང་ནམ་མཁའ་དྲན་སྲིད་པ་ནི་ཡིད་འོང་གི་བརྒྱུད་རིམ་འབའ་ཞིག་ཡིན།

ས་མཁྲེགས་ཀྱིས་གྲུབ་པའི་ཨར་འདམ་གྱི་པང་གཅལ་དང་རྫ་བུམ་དུ་བཅུག་པའི་ཁྲ་ཆིལ་གྱི་མེ་ཏོག་སྣ་ཚོགས་མི་རྣམས་ཀྱི་མིག་གི་དགའ་སྟོན་དུ་བཤམས་ཡོད་ཀྱང་།གཡོ་སྒྱུ་དང་ཚུལ་འཆོས་དང་གསོག་གསོབ་དང་ཟོལ་བཅོས་ཀྱིས་སྤུད་པའི་མེ་ཏོག་དེ་དག་ལ་མཛེས་སྡུག་གི་རིན་ཐང་གཞན་མེད་ལ།དྭངས་གཙང་གི་བསུང་ངད་ཀྱང་མི་ལྡན།ཡིན་ནའང་།དེ་དག་གིས་ཡིན་མདོག་གི་བཟོ་ལྟ་ཞིག་སྟོན་བཞིན་ཤག་ཤག་ཏུ་འབབ་པའི་སྟོན་ཆར་གྱི་ཀློང་ན་མི་སྡུག་པའི་ངོ་གདོང་ཞིག་ངོམས་ཀྱིན་འདུག

བར་སྐབས་འདིར།ང་རང་སྒེའུ་ཁུང་གི་ཁ་གཏད་དུ་ལངས་ནས་གྲོང་ཁྱེར་གྱི་མེ་ཏོག་གླིང་གར་རོལ་མྱོང་བྱེད་པའི་གོམས་སྲོལ་ཞིག་ཆགས་ཡོད།ཏག་ཏག་ཡོད་ཚད་ལ་ཟོལ་བཅོས་ཀྱི་རྫུ་བག་ཅིག་ཤར་དུས།ངས་སྐྱོ་གདུང་གི་རྔན་པ་ཡང་ཡང་འཐེན་བཞིན་ཤག་ཤག་ཏུ་འབབ་པའི་སྟོན་ཆར་གྱི་ཀློང་དུ་བརྒྱུགས་ཏེ་གྲོང་ཁྱེར་གྱི་ནམ་མཁའ་རྫོབ་པོ་ལས་བསྐྱེད་པའི་ལུས་སྟེང་གི་ས་རྡུལ་རྣམས་གཙང་འཁྲུད་ཐེངས་ཤིག་བྱས་རྗེས་ལུས་སེམས་ཡོངས་རྫོགས་ལ་བདེ་སྣང་གི་སྣང་བ་ཁྱད་པར་བ་ཞིག་སྦྱིན་ཡོང་།ང་དང་ཐག་མི་རིང་བའི་ནང་མ་ཁང་ཞིག་ལས་ཆར་ཟིམ་ཟིམ་དང་དྲན་ལྷང་ལྷང་ཞེས་པའི་རོལ་དབྱངས་སྙན་མོ་དེ་ཐོས་འཛིན་གྱི་བུ་གའི་ལམ་དུ་སྟོན་རླུང་བསིལ་མོ་ཞིག་གིས་དྲངས་ཡོང་ཞིང་ཆར་གདུགས་གཅིག་གི་ཡུ་བར་འཇུས་པའི་ན་གཞོན་ཕོ་མོ་དག་ཆར་ཟིམ་གྱི་ཀློང་ན་ཕན་ཚུན་དམ་དུ་འཁྱུད་ནས་བརྩེ་དུང་གི་རོ་བྲོ་ཞིམ་པོ་མཆུ་སྦྱོར་གྱི་དུང་ཤ་ལས་མྱོང་ཞིང་།ཕན་ཚུན་ལ་ཞེ་འདང་གི་སྙིང་གཏམ་ཅི་ཡང་གླེང་།                      

ཆར་རྗེས་ཀྱི་ནམ་མཁའ་དྭངས་ཤིང་གསལ།ཆར་རྗེས་ཀྱི་ཉི་འོད་དྲོ་ཞིང་འཇམ།དེ་རིང་དབྱར་ཁ་ཞིག་ཕར་ལ་སོང་རྗེས་ཀྱི་སྟོན་ཆར་ཐོག་མ་དེ་འཛེམ་དོགས་དང་ཕངས་སེམས་སོགས་ཅི་ཡང་མེད་པར་ཤག་ཤག་གི་འགྱུར་ཁུག་ཀློང་ནས་ངའི་ཐལ་མདོག་གི་ཁོར་ཡུག་ཏུ་བབས་བྱུང་།

གྲོང་ཁྱེར་གྱི་ཁང་བརྩེགས་མཐོན་པོའི་ཡང་སྟེང་ནས་དམར་ལྷོག་ལྷོག་གི་གྲོང་ཁྱེར་གྱི་དྲི་ཆུ་ནག་པོ་ཞིག་སྲ་མཁྲེགས་ལས་གྲུབ་པའི་རྡོ་གཅལ་གྱི་སྟེང་དུ་འབབ་ཀྱིན་འདུག་ལ་གསེར་མདོག་ཏུ་གྱུར་བའི་སྡོང་ལོ་དག་རྒས་འཁོགས་ཀྱི་དོག་གི་རིལ་བུ་ཆུང་ཆུང་ཞིག་དང་ཀུན་ནས་མཚུངས་ཨང་།

སྒེའུ་ཁུང་གི་ཤེལ་དྲ་ལས་ཤམ་ཤམ་དུ་བབས་ཡོང་བ་ནི་གནམ་རྒན་མས་སྡོང་མགོ་ལས་སྟོན་ཆར་དང་མཉམ་དུ་སྐྱོ་གདུང་གིས་བབས་ཡོང་།

བརྩེ་སེམས་ལ་མེ་ཁ་བསྒོ་བའི་ཡིད་ཆེས་ཀྱི་བུད་ཤིང་རེ་རེ་བརྩོན་སེམས་ཀྱི་ཐབ་ཚང་དུ་འཇོག་དུས།སྨོན་འདུན་ལ་དབྱངས་རྟ་བསྒོ་བའི་སྟོན་དུས་ཆར་ཟིམ་དེ་རྨི་ལམ་ལ་ཁ་དོག་དབེན་པའི་མིའི་རིགས་ཀྱི་སེམས་ཁོངས་སུ་འབབ་ཀྱིན་འདུག་ལ།མུ་ཏིག་བཞིན་འཐོར་བའི་སྟོན་དུས་ཀྱིས་ཆར་བ་འདི་གསེར་མདོག་གི་རིལ་བུ་ཆུང་ཆུང་ཞིག་དང་ཀུན་ནས་མཚུངས་ཨང་།སྒེ་ཁུང་གི་ཤེལ་དྲ་ལས་ཤམ་ཤམ་དུ་བབས་ཡོང་བ་ནི་གནམ་རྒན་མས་མི་ཡུལ་ལ་དྲངས་པའི་རེ་སྨོན་གྱི་ཆར་ཟིམ་ཐེངས་ཤིག་ལགས།ཨེ་མ།བདག་གི་སྟོན་ཆར་ལགས།ངའི་ཁོར་ཡུག་དང་།ངའི་ལུས་སེམས་ལ་བྱི་དོར་བགྱི་རོགས།

ད་ལོའི་སྟོན་ཆར་འདི་སང་ལོའི་རེ་སྨོན་ཞིག་ཀྱང་ཡིན་པར་སྨོན།

ཡང་བསྐྱར་ཆར་གདུགས་ཀྱི་ཡུ་བར་འཇུས་པའི་ན་གཞོན་ཕོ་མོ་དག་མེ་ཏོག་གི་སྐྱེད་ཚལ་ནས་མངོན་ཡོང་།

འཆམ་འཆམ་གྱི་གོམ་པ་ཡང་མོ་བརྩེ་དུང་གི་སྙིང་ཁར་སྤོ་དུས།དུང་སྣང་གི་མེ་ཏོག་རེ་འགའ་ཞིག་ཀྱང་རྒྱབ་ཕྱོགས་སུ་བསྐྱུར་ནས་སོང་།

དེ་རིང་གི་ཆར་བ་འབབ་སྟངས་འདི་ནི་ཁྲེལ་མེད་ཀྱི་རྐྱལ་སྟོང་སུ་ཞིག་གིས་གཡུགས་པའི་མཛའ་ན་མོའི་མིག་ཆུ་ཇི་བཞིན་ཤེས་མེད་ཚོར་མེད་ཀྱི་ངང་ནས་ཤག་ཤག་ཏུ་འབབ་ཀྱིན་འདུག་ལ་བརྩེ་དུང་ལ་གས་ཆག་ཤོར་བའི་ན་གཞོན་ཕོ་མོ་ཅི་ཙམ་ཞིག་གིས་སྟོན་ཆར་འདིའི་ཀློང་ན་སྐྱོ་ཡུལ་ཀྱི་མནར་བའི་རེ་སྒུག་གི་མིག་ཟུང་ཆེས་ཆེར་ཕྱི་རོལ་ལ་ཅེར་ནས་ཡོད་ཨང།།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060