གནས་ཡུལ། མདུན་ངོས། ༄༅།།ལྷུག་རྩོམ།
 
 
༄༅།།རྒྱལ་མོ་ཚ་བ་རོང་དུ་བསྐྱོད་པའི་ཟིན་བྲིས།
སྤེལ་དུས།2010-04-30   ཡོང་ཁུངས་།   རྩོམ་པ་པོ། ཧོར་གཙང་ཀླུ་རྒྱལ།

༢༠༠༩ལོའི་སྤྱི་ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་ང་རང་ལན་གྲུ་གྲོང་ཁྱེར་ནས་ཁྲེང་ཏུའུ་དང་། དར་རྩེ་མདོ། རྟའུ་རྫོང་དང་བྲག་འགོ་རྫོང་། གསེར་རྟ་རྫོང་སོགས་བརྒྱུད་ནས་རྔ་བ་ཁུལ་རྒྱལ་མོ་ཚ་བ་རོང་དུ་གནས་སྐོར་ལ་སོང་བ་ཡིན།
     
རྒྱལ་རོང་ཁོག་ཏུ་བསྐྱོད་དུས་ཆེས་ཐོག་མར་ངའི་དྲན་གཞིའི་ཡོལ་རས་ངོས་སུ་རི་མོ་ཕབ་འདྲའི་བརྗེད་དཀའ་བ་ནི་ས་དེ་གའི་ཁང་པའི་བཟོ་བཀོད་ཀྱི་ཁྱད་ཆོས་དང་བུད་མེད་ཚོའི་གྱོན་པ་དང་ཞྭ་མོ་སོགས་ཡིན། རྒྱལ་མོ་ཚ་བ་རོང་གི་སྡོད་ཁང་ཚང་མ་ནི་རྡོ་རྩིག་གིས་བསྐྲུན་པ་ཡིན་ལ། སྒོ་དང་སྒེའུ་ཁུང་སོགས་ཁང་པའི་བཟོ་བཀོད་མང་ཆེ་བ་དབུས་གཙང་གི་ཁང་པའི་བཟོ་བཀོད་དམ་ཡང་ན་དགོན་པའི་འདུ་ཁང་བཞེངས་ཚུལ་གྱི་ཁྱད་ཆོས་འཛོམས་ཡོད་པར་བརྟག་ན་འདི་ནི་བོད་བཙན་པོའི་གདུང་རྒྱུད་ཡིན་པ་ཚོར་ཐུབ་ལ། དེ་ནི་རང་རེའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ལག་རྩལ་རིག་གནས་ཁྱད་པར་ཅན་ཞིག་ཡིན་པའང་ཚང་མའི་མིག་མཐོང་ལག་ཟིན་ཡིན། སྐབས་དེར་རང་སེམས་སུ་གཙོས་སྲས་མཁར་དགུ་ཐོག་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་འདུ་ཁང་གི་བརྩིགས་པ་བཞེངས་མཁན་ཁ་གྱའི་བན་དེ་མཁར་ལགས་ཀྱིས་རྩིག་པ་ནི་བོད་རྩིག་ལག་རྩལ་ཁྱད་པར་ཅན་ཞིག་ཡིན་ལ། གནའ་མིའི་ཁ་རྒྱུན་དུ་ཁམས་ཕྱོགས་ཀྱི་ཚ་ཁོའི་སོ་མང་རྒྱལ་བོས་གཞོན་ནུ་ཉི་ཤུ་ལྷག་ལག་རྩལ་སྣ་ཚོགས་སློབ་ཏུ་བཏང་བ་ལས་རིམ་གྱི་ཚ་ཁོའི་ཡུལ་དུ་རྩིག་བཟོའི་ལག་རྩལ་ཐོག་མར་ཆགས་པར་བཤད་པའི་གཏམ་དེ་ཡིད་ལ་ཝ་ལེར་དྲན་བྱུང་།
          
ཚེས་ཉེར་བརྒྱད་ཉིན་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་གསེས་ཅོག་ཙེ་རྒྱལ་པོའི་སྐུ་མཁར་ལ་ལྟ་སྐོར་དུ་སོང་བ་དང་། ཅོག་ཙེ་རྒྱལ་པོའི་སྐུ་མཁར་ནི་རྔ་བ་ཁུལ་འབར་ཁམས་རྫོང་ནས་སྤྱི་ལེ་བཞི་ཙམ་གྱི་སར་ཆགས་ཡོད་པ་དང་། དེ་ས་བདག་ཡུལ་དབོན་ནམ་དབོན་ཚང་གང་དེའི་ཁྱིམ་རྒྱུད་ཆེན་པོའི་བཞུགས་གནས་དང་། ཡུལ་སྐྱོང་རྒྱལ་པོའི་མངའ་འོག་ཏུ་གནས་པ་རྣམས་ཀྱི་སྲིད་དབང་གི་ལྟེ་གནས་ཞིག་ཡིན་ལ་ཅོག་ཙེ་རྒྱལ་པོའི་མངའ་ཐང་དང་གོ་གནས་ཀྱང་མཚོན་ཐུབ་འདུག
          
སྐུ་མཁར་འདིར་བསྡོམས་པས་ས་ཁྱོན་ལ་སྨི་གྲུ་བཞི་མ་༥༩༠༠ཟིན་ཡོད་པ་ལས་ཁང་མིག་དྲུག་ཅུ་རེ་གསུམ་གྱིས་གྲུབ་པ་དེའི་ཕྱོགས་གང་ཐད་ནས་རྒྱལ་རོང་བོད་མའི་འཛུགས་སྐྲུན་གྱི་ཁྱད་ཆོས་མཚོན་ཡོད། ཁང་པའི་བརྩེགས་རིམ་རེ་རེ་ནི་དབོན་ཚང་ལམ་ལུགས་དར་རྒུད་ཀྱི་དཔང་རྟགས་མཚོན་པའི་སྐོར་དང་། དཀའ་སྤྱད་འབད་བརྩོན་གྱིས་ངོ་མཚར་བའི་བྱ་བཞག་གསར་པ་བསྐྲུན་ཚུལ་གྱི་སྐོར། ཡ་ཐོག་ཞིང་འབྲོག་རིག་གནས་ཀྱི་སྣང་བརྙན་སྐོར་སོགས་ལོ་རྒྱུས་དང་རིག་གནས་སྙིང་བཅུས་འཛོམས་ཡོད་པ་མ་ཟད། རྒྱལ་རོང་བོད་པའི་འཛུགས་སྐྲུན་གྱི་ཐུན་མོང་གི་ཁྱད་ཆོས་དང་ལག་རྩལ་མཛེས་རེས་ཀྱིས་བརྒྱན་ཞིང་ལོ་རྒྱུས་ལྡན་པའི་གནའ་བོའི་དབོན་ཚང་གི་སྐུ་མཁར་ཞིག་ཡིན།
       
༢༠༠༥ལོར་རྒྱལ་ཡོངས་དམར་མདངས་ལྡན་པའི་ཡུལ་སྐོར་མཛེས་ལྗོངས་བརྒྱ་ཡི་གྲས་སུ་ཚུད་པ་མ་ཟད། གློག་བརྙན་འཁྲབ་གཞུང་ཆེན་མོ་རྒྱང་སྐྱོད་དང་རྡུལ་འཚུབ་དྭངས་སོང་ཞེས་པ་སོགས་ནི་གནས་འདི་དང་སྐུ་མཁར་འདི་གཙོ་བྱས་ནས་འཁྲབ་པ་ཡིན་འདུག འདི་ལྟར་ང་རང་ཐོག་ཁང་རེ་རེ་དང་ཁང་མིག་རེ་རེར་ལྟ་སྐོར་དུ་སོང་དུས་མི་ཞིག་ལ་འདི་འདྲའི་རྒྱུ་འབྱོར་གྱི་དབང་ཐང་འཛོམས་ཤིང་འཇོན་ཐང་ལྡན་པ་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན་ལ། ལྷག་པར་དུ་ཁང་མིག་རེ་རེའི་ནང་གི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཟངས་ཅ་ཐབ་ཅ་དང་སྒ་སྲབ་ཐུར་གསུམ། གྲོ་ནས་སྲན་གསུམ་དང་། ཤ་མར་ཇ་ཆང་། སྐུད་འཁེལ་ཐགས་གསུམ་སོགས་རེ་རེའི་ལས་སྣོན་བྱེད་ཆས་དང་བྱེད་ཚུལ་སོགས་ཆ་ཚང་འཛོམས་ཡོད་པ་དེས་རང་ཉིད་གནས་དེ་རུ་གཞིས་སྡོད་བྱེད་ཐུབ་ན་ཅི་མ་རུང་སྙམ་པའི་ཚོར་བ་ཞིག་རང་དབང་མེད་པར་བྱིན་འོང་མོད། ཉི་མར་སྙིང་རྗེ་མེད་པར་ནུབ་རིའི་འཕགས་ཏུ་དལ་བུར་བཞུད་སོང་བས་ཁོ་བོའི་འཁྲེང་སེམས་ཀྱི་ཕྱིར་མིག་རླངས་འཁོར་གྱི་སྒེའུ་ཁུང་ནས་ཤོར་གྱིན་མགྲོན་ཁང་དུ་ལམ་ལ་མི་ཆས་ཀ་མེད་དུ་གྱུར།
     
ཚེས་ཉེར་དགུ་ཉིན་གྱི་སྔ་མོར་ཆར་བ་ཟམ་ཟིམ་དུ་འབབ་པའི་སྒང་ལ་ང་རང་ལོ་ཆེན་བེེ་རོ་ཙཱ་ནའི་སྒྲུབ་ཕུག་གི་ཕྱོགས་སུ་ལམ་ལ་ཆས་མོད། གསན་དེར་འགྲོ་བའི་རླངས་འཁོར་མེད་པས་ང་རང་རྐང་ཐང་དུ་མི་འགྲོ་ཀ་མེད་བྱུང་ལ། རྒྱང་ཐག་སྤྱི་ལེ་བཅོ་བརྒྱད་ཀྱི་ལམ་ཐག་རྐང་བས་གཅོད་དགོས་པའི་སེམས་ཤུགས་ཀྱིས་ཁེར་རྐྱང་གི་གོམ་པའི་འདེགས་འཇོག་ཇེ་མྱུར་གྱིས་ཀྱག་ཀྱོག་གི་གཞུང་ལམ་བརྒྱུད་དེ་ཆུ་སྒྲ་ཆེ་ཞིང་ནགས་ཀློང་སྟུག་པའི་ལུང་ཤུར་ཞིག་གི་མདོ་ཁར་ཐོན་པ་དང་། ལུང་པ་དེའི་མདོ་ན་དར་ལྕོག་དང་མ་ཎི་མང་པོ་འཕངས་ཡོད་ལ་ལུང་ཁོག་ཏུ་མཆོད་རྟེན་འགའ་ཡང་མཐོང་ཐུབ། རང་སེམས་སུ་དགའ་སྤྲོའི་མྱོས་པ་འབུམ་གྱིས་བགོད་བཞིན་ད་ནི་གནས་དེར་ལྷགས་སོང་སྙམ་ནས་ལུང་མདོའི་ལམ་ཕྲན་དེ་དེད་ནས་ལུང་ཁོག་ཏུ་འགྲོ་འགོ་བརྩམས་པ་དང་། ལུང་པ་དེའི་ཁོག་དོག་ལ་ནང་དུ་འབབ་ཆུའི་ཤག་སྒྲ་དང་མ་ཎི་འཁོར་ལོའི་ཙི་སྒྲ་སོགས་ཀྱིས་ཡོངས་སུ་ཁེངས་ཡོད་པས་ཅུང་འཇིགས་ཡེར་བའི་ཚོར་བ་ཞིག་ཀྱང་བྱིན་མོད། འོན་ཀྱང་ང་རང་མ་ཎི་ཆུ་འཁོར་དང་མཆོད་རྟེན་སོགས་ལ་མཇལ་ནས་འབབ་ཆུའི་འགྲམ་གྱི་མ་ཎི་ཁང་ཆེན་ཞིག་ཡོད་པ་དེའི་ནང་དུ་མཇལ་དུ་སོང་། མ་ཎི་ཁང་ཆེན་དེ་ནི་ཕྱི་རིམ་ནང་རིམ་གཉིས་སུ་ཕྱེ་ཡོད་ལ་ཕྱི་རིམ་དུ་ཆུ་འཁོར་ཧ་ཅང་ཆེན་པོ་འགའ་འཁོར་གྱིན་འདུག་པ་དང་། མ་ཎི་ཆུ་འཁོར་གཅིག་ནི་ཁང་མིག་གཅིག་གི་ཆེ་ཆུང་ཡོད་ལ་འདི་འདྲའི་ཆེན་པོ་ཞིག་ངས་དེ་སྔ་མཐོང་མ་མྱོང་བས་ང་རང་ཧ་ལས་པར་བཅུག ནང་རིམ་ལ་སྒོ་ཞིག་ཡོད་པ་དེ་ཕྱེ་སྟེ་མགོ་བོ་ནང་དུ་བསྲིངས་ནས་ལྟ་ཙམ་བྱེད་དུས། དེ་ནི་ལྷ་ཁང་ཞིག་ཡིན་པ་དང་ལོག་འགྲམ་ཞིག་ན་རྒན་པོ་ལོ་ན་བདུན་ཅུ་ལྷག་ལ་སོན་པ་ཞིག་གིས་མ་ཎི་འཐེན་སྐོར་ཞིག་སྐོར་གྱིན་ང་ལ་བལྟས་འདུག ང་ལ་རང་དབང་མེད་པར་སྐྲག་སྣང་ཞིག་སྐྱེས་འོང་ལ་མི་མེད་ལུང་སྟོང་འདི་ན་འདི་འདྲའི་རྒན་པོ་ཞིག་གིས་ཅི་བྱེད་ཀྱི་ཡོད་སྙམ། ཡིན་ཡང་དལ་བུར་ལྷ་ཁང་ནང་དུ་སོང་ནས་མཇལ་ཕྱག་འབུལ་གྱིན་རྒན་པོ་དེར་ལྟ་ཙམ་བྱེདུས་ཁོའི་གདོང་ལ་འཛུམ་ཞིག་རྒྱས་པ་དང་རང་སེམས་ཡུན་གྱིས་ལྷོད་ལ་བབས་པས་ཁོ་ལ་ས་དེའི་ལོ་རྒྱུས་དང་བེེ་རོ་ཙཱ་ནའི་སྒྲུབ་ཕུག་གང་དུ་ཡོད་པ་སོགས་དྲིས་དུས། ཁོང་གིས་སྐད་ཆ་མང་པོ་ཞིག་བཤད་མོད་རྒྱལ་རོང་གི་སྐད་ཡིན་པས་ངས་གོ་མ་བྱུང། སྐབས་ཞིག་ལ་ཁོང་གིས་ང་ལ་རྒྱ་སྐད་ཀྱིས་རྡོ་འདི་ལ་རེག་དང་འདི་ནི་བེེ་རོ་ཙཱ་ནའི་ཕྱག་རྗེས་ཡིན་ཟེར་ནས་ལྷ་ཁང་གཡས་ཕྱོགས་ཀྱི་སྣུམ་གྱིས་ཕྱུག་པའི་ཕ་བོང་ཆུང་ཆུང་ཞིག་ང་ལ་བསྟན། ངས་དེ་དག་རེ་རེ་ལ་མཇལ་རྗེས་ཕྱིར་སྒོར་འབུད་དུས་རྒན་པོ་དེས་ལག་བརྡ་བསྟན་ནས་གཡས་ཕྱོགས་ཀྱི་རི་སྒང་དུ་ལམ་བུ་ཞིག་ཡོད་པ་དེ་ཁོང་གི་སྒྲུབ་ཕུག་གི་ཕྱོགས་སུ་འགྲོ་བའི་ལམ་ཡིན་པར་བསྟན་པ་དང་། ང་རང་ཆར་བའི་བསུ་མ་དང་བཅས་གཡས་ཀྱི་རི་སྒང་བརྒལ་ནས་ནགས་གསེང་གི་རྐང་ལམ་ཕྲ་མོ་བརྒྱུད་ནས་ཆུ་ཚོད་གཅིག་ལྷག་ལ་སོང་དུས། རི་སྐེད་དུ་ཐོན་པ་དང་རྐང་ལམ་དེ་ཕྱོགས་གཉིས་སུ་གྱེས་འདུག ང་རང་གཡོན་ཕྱོགས་ཀྱི་ལམ་དེ་དེད་ནས་སོང་བ་ན་བྲག་རི་མཐོ་ལ་གཡང་ཁ་གཟར་བས་འགྲོ་ལམ་མེད་མོད། འོན་ཀྱང་དེ་ནས་ཕར་ཕྱོགས་བྲག་རྩར་བཞུགས་པའི་བེེ་རོ་ཙཱ་ནའི་སྒྲུབ་ཕུག་མཐོང་ཐུབ་ལ་བཙུན་པ་རེ་གཉིས་ཀྱང་མཐོང་བྱུང་། ཡིན་ཡང་། ང་འགྲོ་བའི་ལམ་དེ་སྒྲུབ་ཕུག་གི་གནས་སྐོར་འགྲོ་ལམ་ཡིན་པས། རི་བོ་མཐོ་ཞིང་རྩེ་མོ་དགུང་ལ་ཟུག་འདྲ་དེ་བརྒལ་ནས་གཡོན་ཕྱོགས་སུ་མར་འབབ་དགོས་བྱུང། རི་རྩེ་སྤྲིན་སྨུག་གིས་བཀླུབས་ལ་ཆར་བའི་ཤག་སྒྲ་དང་བདག་གི་གོམ་སྒྲ་མ་གཏོགས་ཁོར་ཡུག་ཀུན་འཇམ་ལྷིང་ངེར་གནས་པས། ནགས་གསེང་དུ་ཙི་གུ་སྟོབས་པོ་ཆེ་རེ་རང་དབང་གིས་མཆོང་རྒྱུག་བྱེད་བཞིན་འདུག བདག་གིས་སེམས་ཆུང་གི་གོམ་པ་དལ་མོར་སྤོ་གྱིན་རི་རྩེ་སྐོར་ནས་ཆུ་ཚོད་གསུམ་ཙམ་ལ་སོང་བ་ན་སྒྲུབ་ཕུག་མདུན་ཕྱོགས་སུ་ཐོན་པ་དང་། ནགས་གསེང་དུ་གྲྭ་ཤག་རེ་གཉིས་ཡོད་པའང་མཐོང་བྱུང་། སྒྲུབ་ཕུག་ཏུ་གྲྭ་བ་འགས་ཆོས་གསུང་གིན་པའི་ཆོས་སྐད་ཀྱང་ངའི་ཐོས་འཛིན་གྱི་བུ་གར་ལྷིང་ངེར་འཛུལ་བྱུང་བས། ཡིད་སེམས་སྤྲོ་བ་དང་བཅས་གོམ་སྟབས་ཇེ་མགྱོགས་སུ་གྱུར། ང་རང་སྒྲུབ་ཕུག་གི་སྒོ་ཁར་ཐོན་དུས་གྲྭ་བ་ཞིག་གིས་བསུ་མ་བྱས་ཏེ་ནང་དུ་མཇལ་དུ་སོང་བ་དང་། ངོ་མཚར་བའི་སྒྲུབ་ཕུག་འདི་ནི་བྲག་རི་ནམ་མཁའ་ལྟ་བུའི་བརྗིད་ཉམས་ལྡན་ལ་དགུན་ཉི་འོད་བྲག་རིའི་ནང་དུ་འཁོར་བས་དྲོ་བ་དང་། དབྱར་ཚ་བའི་སྒང་ལ་ཉི་མ་རྒྱབ་རིའི་རྩེ་ནས་འཁོར་བས་བསིལ་བ་སོགས་ཀྱི་ཁྱད་ཆོས་ལྡན་ལ། བྲག་ངོས་སུ་སྒྲུབ་ཆུ་འབབ་ཀྱིན་ཡོད་པ་དེ་དགུན་ལ་བྲི་བ་མེད་པ་དང་དབྱར་ལ་གང་བ་མེད་པས་ངོ་མཚར་ཆེ་བ། སྒྲུབ་ཕུག་ནང་ན་རྡོ་ལ་ཕྱག་རྗེས་དང་། ཤངས་དང་། སྙན་གྱི་རྗེས་ཤུལ་སོགས་ཡོད། གཡས་ཕྱོགས་སུ་གནས་བདག་ཞིང་སྐྱོང་མཁན་འགྲོའི་གཟུགས་བརྙན་གསལ་པོ་ཡོད་ལ། མཁའ་འགྲོའི་ཁྲུས་ཀྱི་རྫིང་བུ་གཉིས་དང་། རྫུ་འཕྲུལ་ཕུག་དང་། གཡུང་དྲུང་ཕུག བྱང་ཆུབ་ཕུག ཏིང་འཛིན་ཕུག བསམ་གཏན་ཕུག་སོགས་སྒྲུབ་ཕུག་མང་པོས་སྐོར་ཡོད། ཤར་མདུན་ཕྱོགས་སུ་བེེ་རོའི་ཕྱག་ཕྲེང་འཐོར་བས་བྲག་རྡོའི་སྟེང་དུ་བརྒྱ་དཔོན་བཅས་འཕྲེང་རྡོག་བཅུ་དྲུག་ཙམ་གྱི་རྗེས་གསལ་པོར་མཐོང་རྒྱུ་ཡོད་པ་དང་། ཅུང་ཟད་བསྐོར་བའི་འོག་ཏུ་བེེ་རོའི་ཐུགས་སྲས་རྒྱལ་མོ་གཡུ་སྒྲ་སྙིང་བོའི་མུན་ཁང་གི་སྒྲུབ་གནས་སོགས་སྒྲུབ་གནས་མི་ཉུང་བ་ཞིག་ཡོད་པ་མ་ཟད། སྒྲུབ་ཆུ་དང་ལྡན་པའི་སྒྲུབ་ཕུག་ཀྱང་མི་ཉུང་བ་རེ་ཡོད་པ་སོགས་ཧ་ལས་པ་ཞིག་ཡིན་པ་དེ་བཤད་ན་མི་ཚར་དང་བགྲང་ན་གྲངས་མི་ལངས་པ་སོགས་ཁྱད་ཆོས་ཉི་ཤུ་རྩ་ལྔས་བརྒྱན་ཞིང་སྡེ་བརྒྱད་བྲན་དུ་འཁོལ་བའི་གནས་ཁྱད་པར་ཅན་ཞིག་ཡིན།
     
ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་སྒྲུབ་ཕུག་འདིའི་མཚན་ལ་བེེ་རོའི་འོད་གསལ་ཕུག་ཅེས་འབོད་ལ། བོད་རྒྱལ་གདུང་རབས་སོ་བརྒྱད་པ་བཙན་པོ་ཁྲི་སྲོང་སྡེ་བཙན་སྐབས་ཀྱི་ལོ་ཙཱ་ཆེན་པོ་བེེ་རོ་ཙཱ་ན་ཞེས་སྙན་གྲགས་ས་སྟེང་ཀུན་ལ་ཁྱབ་པའི་མཁས་པའི་དབང་པོ་ཁོང་རྒྱལ་མོ་ཚ་བ་རོང་གི་སྒྲུབ་ཕུག་འདིར་ཕེབས་ནས་ལོ་ངོ་དྲུག་ལྷག་ལ་སྒྲུབ་སྦྱོང་བྱས་མྱོང་ལ། ཁོང་གི་དངོས་སློབ་རྒྱལ་མོ་གཡུ་སྒྲ་སྙིང་པོ་དང་ཆུ་ཕོ་རྟོགས་ལྡན་གཉིས་ཀྱང་གནས་འདིར་ཡུན་རིང་བཞུགས་མྱོང་། གཞན་ད་རུང་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚང་དབྱངས་རྒྱ་མཚོ་མཆོག་གནས་འདིར་ལོ་གསུམ་ལྷག་ལ་བཞུགས་མྱོང་བར་གསུངས་ལ། ཅོག་ཙེ་གསེར་ཁྲི་སྐུ་ཐོག་གཉིས་དང་། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ། བླ་མ་དགེ་བཤེས་མཁན་པོ་སྤྲུལ་སྐུ་བགྲང་ལས་འདས་པ་གནས་འདིར་སྒྲུབ་སྦྱོང་བྱས་མྱོང་བས་གནས་འདི་ནི་ཐོས་བསམ་བྱས་ན་ཤེས་རབ་འཕེལ་བ་དང་། སྒོམ་སྒྲུབ་བྱས་ན་རྟོགས་པ་འཁྲུངས་པའི་གནས་ཁམས་ཅན་ཁྱད་པར་ཅན་ཞིག་ཡིན་པས། རང་ཉིད་ཉིན་འགར་བསྡད་ནས་ལོ་རྒྱུས་ལ་རྒྱུས་ལོན་གསལ་པོ་བྱེད་འདོད་མོད། གནས་འདིར་སྐྱེས་ཆེན་དམ་པའི་སྒྲུབ་སྦྱོང་བྱེད་ས་ཡིན་པ་ལས་བུ་ང་ལྟ་བུ་ཞིག་འདུག་ས་མ་ཡིན་པའི་དབང་གིས་ཕྱིར་མགྲོན་ཁང་དུ་ལམ་ལ་ཆས་དགོས་བྱུང་།

   འབྲུག་མོས་ཞུ་དག་བྱས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060