གནས་ཡུལ། མདུན་ངོས། ༄༅།།ལྷུག་རྩོམ།
 
 
༄༅།།གདོད་མའི་ཤུག་ཚལ་གྱིས་སྟུག་པའི་དབེན་གནས་རྭ་སྒྲེང་།
སྤེལ་དུས།2010-04-30   ཡོང་ཁུངས་།   རྩོམ་པ་པོ། སོག་རུ་ཀརྨ་ཀུན་ཁྱབ།

བྱང་རྭ་སྒྲེང་དགོན་པ་ནི་བསྟན་པ་ཕྱི་དར་སྐབས་སུ་ལོ་ཙཱ་ཆེན་པོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་མཆོག་གིས་ཕྱག་བཏབ་པའི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། བོད་བརྒྱུད་ནང་ཆོས་ཀྱི་བཀའ་གདམས་པའི་རྩ་བའི་གདན་ས་དེ་ཡིན། གནས་མཆོག་དེར་ལྟ་སྐོར་ཞིབ་མཐལ་བྱེད་རྒྱུའི་འདུན་པ་རྒྱུན་དུ་ཡོད་པས། འདི་ལོའི་སྟོན་ཁར་དངོས་སུ་བསྐྱོད་པའི་གོ་སྐབས་རྙེད་བྱུང་བས་ཞོགས་པ་སྔ་མོར་ལྷ་ལྡན་གྲོང་ནས་ཆས་སྐབས། གྲོང་ཁྱེར་གྱི་འཁོར་མོ་ཡུག་ཏུ་བསྐོར་བའི་ས་འཛིན་ནམ་མཁའི་དབྱིངས་སུ་བསྙེགས་པ་རྣམས། ན་བུན་གྱི་ལྭ་བ་མཐུག་པོར་གྱོན་ཞིང་། ས་གཞི་ཆེན་པོའི་ཁྱོན་ཀུན་ཏུ་སྤྲིན་གྱི་མེ་ཏོག་ཟིམ་ཟིམ་ངང་འཇོ་བ་ལས། རླངས་འཁོར་གྱི་ལམ་རྣམས་ནི་རྡུལ་གྱི་གཡའ་ཙམ་མེད་པར་འོད་ཐིང་ཐིང་དུ་དངོས་པོ་རྣམས་ཀྱི་གྲིབ་གཟུགས་ཀྱང་མངོན་པར་བྱེད། རྭ་སྒྲེང་དགོན་དུ་བསྐྱོད་ཚེ་ངེས་པར་དུ་འཕན་ཡུལ་རིག་པའི་འབྱུང་གནས་བརྒྱུད་དགོས་ཤིང་། ཡུལ་གྲུ་དེ་ནི་བོད་བཙན་པོའི་ལོ་རྒྱུས་ནང་འཁོད་ཆེ་བའི་ས་ཆ་ཞིག་ཡིན།
      
རྒྱལ་པོ་གནམ་རི་སྲོང་བཙན་གྱི་སྐབས་སུ་ས་ཆ་དེར་ཟིང་པོ་རྗེ་ཞེས་པའི་རྒྱལ་ཕྲན་ཞིག་གི་རྒྱལ་ས་ཡིན་པ་མ་ཟད། དམག་དཔུང་དང་། འཁོར་འབངས་རྒྱ་མི་ཆུང་བས་ཡར་ཀླུང་སྤུར་རྒྱལ་བཙན་པོར་འགྲན་ཟླ་ནུས་པའི་རྒྱལ་ཕྲན་ཞིག་ཡིན་པར་གྲགས། འོན་ཀྱང་ཟིང་པོ་རྗེ་སྟག་སྐྱ་བོ་འདི་ཉིད་མངའ་འོག་གི་འབངས་མི་གཞུང་དྲང་རྣམས་ལ་ཆད་པ་གཅོད་པ་དང་། སྤྲེལ་ལད་འཁྲབ་མཁན་ཚོར་ཕུ་དཀྲུག་མདའ་དཀྲུག་གི་གོ་སྐབས་སྤྲད་སྟབས། སྤུར་རྒྱལ་བཙན་པོའི་མངའ་འོག་ཏུ་ཚུད་པའི་སྐོར་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་རོབ་ཙམ་འཁོད་ཡོད་ལ། ཟིང་པོ་རྗེའི་མཁར་ཤུལ་ད་ལྟའང་འཕན་པོའི་ལྕང་ར་ཤར་ཤང་གི་ས་ཁོངས་སུ་ཡོད་པར་གྲགས། འཕན་ཡུལ་ནི་བཀའ་གདམས་ཀྱི་གྲགས་ཆེན་དགེ་བཤེས་པོ་ཏོ་བ་དང་། ཤ་ར་བ། གླང་ཐང་པ་སོགས་ཀྱི་འཆད་ཉན་བསྐྱངས་མྱོང་བའི་གནའ་དགོན་མང་པོ་ཡོད་ལ། དཔལ་ས་སྐྱའི་རིང་ལུགས་འཛིན་པའི་བཤད་སྒྲུབ་གཉིས་ཀྱི་གྲགས་སྙན་ཕྱོགས་ཀུན་ཏུ་ཁྱབ་པའི་དཔལ་ནཱ་ལེནྡྲ་དགོན་པ་དང་། འགྲོ་མགོན་བཀའ་བརྒྱུད་པའི་གྲུབ་མཐའ་ཆུང་བརྒྱད་ཡ་གྱལ་དཔལ་སྟག་ལུང་དགོན་པ་སོགས་རང་ཅག་བོད་ཀྱི་ལོ་རྒྱུས་ཀྱི་སྐས་རིས་གསལ་བའི་གནའ་དགོན་དང་། གནའ་ཤུལ་ཤིན་ཏུ་མང་བའི་ཡུལ་ལུང་ཞིག་ཡིན་པས། འགྲོ་ཡུལ་གཏན་ཁེལ་ཟིན་པའི་འགྲུལ་སྐྱེལ་རླངས་འཁོར་དེ་ཉིད་ཁ་མ་བཀག་རུང་བསམ་གཞིགས་ཀྱི་རྒྱ་མཚོའི་ཀློང་ནས་རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་སྟེ། ཁུལ་དེའི་གཡས་གཡོན་ཀུན་ལ་འདྲེན་བྱེད་ཀྱི་མདའ་མོ་ལན་མང་འཕེན་དགོས་པ་བྱུང་རུང་། འབྲས་བུར་སྨིན་པ་ནི་ཞོགས་པ་སྔ་པོའི་དུས་ནས་སོ་ནམ་པ་རྣམས་གསེར་མདོག་གི་ཞིང་ཐང་དུ་སྟོན་འབྲས་བཟང་པོ་བསྡུ་ཞིང་། དཔྱིད་དུས་དཀའ་སྤྱད་འབད་འབུངས་ཀྱི་ངལ་བ་བརྒྱ་ཕྲག་དང་དུ་བླངས་པའི་མདོ་དོན་ལོ་ལེགས་ཀྱི་འཛུམ་མདངས་མངོན་པའི་ངང་ནས་བང་མཛོད་འབྲུ་ཡིས་བཀང་ལ་བརྩོན་བཞིན་འདུག་པ་ལས། གནའ་ཤུལ་མང་བའི་ཡུལ་གྲུ་འདིའི་ངོ་སྤྲོད་མདོར་བསྡུས་ཙམ་བཀོད་པའི་བྱང་བུ་ཞིག་ཀྱང་ཁོ་བོའི་མིག་ལམ་དུ་མངོན་པར་མ་གྱུར།
        
ཞོགས་པ་ཆུ་ཚོད་༡༡ཙམ་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་༥༠༠༠ཙམ་ཟིན་པའི་འཕན་པོའི་ཆག་ལ་འབུད་སྐབས། སྐས་རིམ་ཅན་དུ་བརྩེགས་པའི་རླངས་འཁོར་གྱི་ལམ་ནི་དར་དཔྱང་རིང་པོ་ཞིག་སྔོ་ལྗང་སྤང་ལྗོངས་ཀྱི་མགུལ་དུ་རང་གར་བཞག་པ་དང་ཤིན་ཏུ་འདྲ་ལ། ལ་རྩེར་ས་བབ་ཧ་ཅང་མཐོ་བའི་སྟབས་ཀྱིས་ཀླུང་དུ་འབབ་བཞིན་པའི་སྦྲང་ཆར་སིལ་མ་རྣམས་ཙམྤ་ཀའི་མེ་ཏོག་ཏུ་གྱུར་ནས་དཀར་སྤུངས་སུ་འབབ་པ་དང་། གཡས་གཡོན་གྱི་རི་བོ་རྣམས་རབ་དཀར་གཡང་ཊིའི་མཆོད་རྟེན་གྱི་ཕྲེང་བསྟར་བཞེངས་པ་དང་གཉིས་སུ་མ་མཆིས། ཤིན་ཏུ་མཐོ་ལ་གཡང་གཟར་ཆེ་བའི་ལ་དེར་སྔར་དུས་རྟ་དྲེལ་འགྲུལ་བཞུད་ཀྱི་ལམ་ཐིག་གལ་ཆེན་ཞིག་ཡིན་སྟབས། ལོ་རྒྱུས་ཀྱི་ཡིག་ཆ་མང་པོར་གསལ་བ་ཡིན། ཆག་ལའི་ཕར་ངོས་ཀྱི་སྤང་གཤོང་གཡུ་ཡི་གཞོང་པ་འདྲ་བའི་མཐིལ་དུ་མཐིང་སྨུག་སྦྲ་ཆུང་ས་ནས་སྐྱེས་པ་ལྟ་བུ་འགའ་ཡི་མཐའ་འཁོར་དུ། འབྲོང་གཡག་དར་མ་འདྲ་བའི་ནོར་གནག་གི་ཁྱུ་ཚོགས་མང་ངོ་བག་ཡངས་སུ་གནས་པ་མཐོང་སྐབས། སྦག་བཙོག་གི་དྲི་མས་མ་གོས་པའི་རྩྭ་ཐང་དང་། ས་མཐོའི་གཡང་ཟོག་ནོར་གནག་ཚོགས་ལ་དགའ་གཅེས་ཀྱི་བསམ་པའི་མེ་ལྕེ་ཞིག་ཡོད་ཀྱི་ཁྲོ་ཐབ་སྟེང་དུ་ལྷང་ངེར་འབར་བྱུང་།
             
ཉིན་གུང་ཆུ་ཚོད་གཉིས་པ་ཙམ་ལ་རྭ་སྒྲེང་དགོན་དུ་འབྱོར་ཞིང་། དགོན་པ་དེ་ནི་རྭ་སྒྲེང་མ་ཆགས་རྭ་སྒྲེང་ཆགས་ཡོད།། རྭ་སྒྲེང་ཤུག་པའི་དཀྱིལ་ལ་ཆགས་ཡོད།། ཅེས་པའི་ཤོད་རྒྱུན་ལྟར་དགེ་བསྙེན་ཕྱིང་དཀར་ལྷུན་པོའི་ཞོལ་དུ་ཚང་ཚིང་གཡུ་ལོ་བཀོད་པའི་གདོད་མའི་ནགས་ཚལ་ལྷ་ཤིང་ཤུག་པའི་ཕུང་པོ་གཙོ་བོར་བྱས་པའི་སེ་བ་དང་། མཛོ་མོ་ཤིང་། སྐྱེར་བ་སོགས་ཀྱི་དབུས་སུ་ཆགས་ཡོད་པ་དང་། མཚན་རྒྱས་པར་རྭ་སྒྲེང་རྒྱལ་བའི་དབེན་གནས་དགེ་འཕེལ་གླིང་ཞེས་བརྗོད་ཅིང་། སྤྱི་ལོ་༡༠༥༧བོད་རབ་བྱུང་དང་པོའི་མེ་བྱ་ལོར་ལོ་ཙཱ་བ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་ཕྱག་བཏབ་པ་ནས་ད་བར་མི་ལོ་༩༤༨ཀྱི་ལོ་རྒྱུས་ལྡན། རྭ་སྒྲེང་ཞེས་པའི་གོ་དོན་ཡང་ཇོ་བོ་རྗེས། རྭ་ནི་ཉོན་མོངས་རྡུལ་དང་བྲལ་བ་སྟེ།། ཆོས་ཀྱི་སྒོ་མོ་ཡིན་པར་གསུངས།། ཉོན་མོངས་རྡུལ་བྲལ་ཆོས་ཀྱི་སྒོ།། སྲིད་རྩེའི་མཐར་ཐུག་སྒྲེང་བར་བྱེད།། ཅེས་པ་མཚན་ཡང་དེ་ལྟར་ཐོགས་པར་བཤད།
             
ཤོད་རྒྱུན་ལ་དགོན་པ་ཕྱག་བཏབ་རྗེས་འབྲོམ་སྟོན་གྱིས། ཉིན་ཞིག་ཉེ་གནས་ལ་དབུ་སྐྲ་སྦར་གང་གནང་ནས་དེ་དག་དགོན་པའི་གཡས་གཡོན་ཀུན་ཏུ་གཏོར་བཞིན། ཙན་དན་དཀར་དམར་མང་པོ་ཤོག། སེ་བ་ཤུག་པ་ཐ་ཐོར་ཤོག ཅེས་སྨོན་ལམ་རྒྱོབགསུངས་པར་ཉེ་གནས་ཀྱིས་ནོར་ནས། སེ་བ་ཤུག་པ་མང་པོ་ཤོག ཙན་དན་དཀར་དམར་ཐ་ཐོར་ཤོག་ཅེས་སྨོན་ལམ་བཏབ་པའི་རྐྱེན་གྱིས་སེ་བ་དང་ཤུག་པ་མང་པོ་སྐྱེས་པ་དང་། དེ་སྔ་ཙན་དན་དཀར་དམར་རེ་ཙམ་ཡོད་པར་གྲགས་ལ། དེང་སྐབས་ཙན་དན་དཀར་པོའི་རྩ་བ་སྐམ་པོ་གཅིག་ལས་མཐོང་རྒྱུ་མེད།
            
དེ་སྔའི་རྭ་སྒྲེང་དགོན་པ་ནི་འདུ་ཁང་ཀ་བ་བརྒྱད་ཅུ་ཅན་དང་། དགེ་འདུན་ཞལ་གྲངས་ལྔ་བརྒྱ་ལྔ་བཅུ་ལྷག་ཡོད་པ། ལོ་རྒྱུས་ཡུན་རིང་ལྡན་ཞིང་དཔལ་ལྡན་མར་མེ་མཛད་ཀྱི་ཐུགས་དམ་རྟེན། རིགས་གསུམ་གཅིག་བསྡུས་ཇོ་བོ་འཇམ་དཔལ་རྡོ་རྗེ་དང་། གཡུལ་རྒྱལ་སྒྲོམ་མ་གསུང་བྱོན། ཇོ་བསྟོད་བརྒྱད་ཅུའི་ཞལ་ཐང་དབུ་ཡོན་མ། གསེར་གླེང་པའི་གདུང་རྟེན། རིན་ཆེན་རིགས་གཉིས་ཀྱིས་བྲིས་པའི་འབུམ་རྒྱས་འབྲིང་བསྡུས་གསུམ། མཆོད་རྟེན་བརྒྱ་རྩ་བརྒྱད་སོགས་རྟེན་གསུམ་བགྲང་ལས་འདས་པ་ཡོད་ལ། ལོ་བཅུའི་གོད་ཆག་ནང་ཉམས་གུད་ཚབས་ཆེན་ཕོག་ཀྱང་ཏང་གི་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་སླར་གསོ་བྱུང་རྗེས་སྔར་གྱི་གྱང་གོག་སྟེང་དུ་འདུ་ཁང་ཀ་བ་བརྒྱད་ཅུ་ཅན་བསྐྱར་བཞེངས་དང་། རྟེན་གཙོ་ཇོ་བོ་འཇམ་དཔལ་རྡོ་རྗེ། སྨན་འཇིམ་གྱི་བྱམས་པ་ཐོག་ཚད། རྭ་སྒྲེང་སྐུ་ཕྲེང་དྲུག་པའི་དངུལ་གདུང་། འབྲོམ་སྟོན་གྱི་ཕྱག་བྲིས་ཡི་གེ་དྲུག་མ། ཆུ་མིག་ངོ་མཚར་ཅན་བཅས་མཇལ་རྒྱུ་ཡོད་ལ་དགེ་འདུན་ཞལ་གྲངས་བརྒྱ་ལྷག་ཙམ་གྱིས་མདོ་སྔགས་གཞུང་ལུགས་རྒྱ་མཚོར་ཉམས་ལེན་གནང་བཞིན་བཞུགས་ཡོད།
                  
རྭ་སྒྲེང་དགོན་པའི་ལྟག་ཏུ་ད་དུང་ཡང་དགོན་རི་ཁྲོད་དམ་རྩེ་ལྷ་ཁང་ཞེས་རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་སྒྲུབ་ཕུག་ཡོད་ཅིང་། སྒྲུབ་ཕུག་དེར་རྗེ་ཙོང་ཁ་པའི་གསུང་རྩོམ་གྲགས་ཆེན་བྱང་ཆུབ་ལམ་རིམ་ཆེན་མོ་ལྗགས་རྩོམ་གནང་ཡུལ་ཡིན་པ་དང་། དེའི་གཤམ་ན་ས་ཁྲི་དམར་པོ་ཞེས་པར་ཡོན་ཏན་གཞི་གྱུར་མམཛད་ཡུལ་ཡིན་པར་གྲགས། ད་དུང་ཤུག་པའི་གསེབ་ཀྱི་རྐང་ལམ་ཕྲ་མོ་བརྒྱུད་ནས་སྤྱི་ལེ་གཅིག་གཉིས་ཙམ་སོང་ན་ཤུག་སྡོང་གིས་བསྐོར་བའི་རི་ལྡེབས་སུ་བཙུན་དགོན་བསམ་གཏན་གླིང་ཞེས་པ་ཡོད། དགོན་པ་དེ་ནི་རྗེ་ཙོང་ཁ་བ་འཁོར་དག་པ་རྣམ་བརྒྱད་འཇམ་དཀར་བ་དཔལ་ལྡན་བཟང་པོ། རྟོགས་ལྡན་བྱང་སེམས། གནས་བརྟན་རིན་ཆེན་རྒྱལ་མཚན། གནས་བརྟན་བཟང་སྐྱོང་བ་བཅས་དབུས་པ་བཞི་དང་། བླ་མ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། དགེ་བཤེས་རབ་གྲགས། དགེ་བཤེས་འཇམ་དཔལ་བཀྲ་ཤིས། དགེ་བཤེས་དཔལ་སྐྱོང་བཅས་ཨ་མདོ་བ་བཞིའོ་དང་བཅས་པས་སྒྲུབ་པ་མཛད་ཅིང་། ཡི་དམ་རྡོ་རྗེ་ཕག་མོའི་དགོངས་བཞེད་ལྟར་མོ་དགོན་བཏབ་པར་གྲགས་ལ། ད་བར་མི་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པ་དང་། ད་ལྟ་ཉམས་གསོ་ཞུས་ནས་བཙུན་མ་བརྒྱ་སྐོར་བཞུགས་ཡོད་པ། དེར་རྗེ་ཙོང་ཁ་པའི་སྒྲུབ་ཕུག་དང་། ཞབས་རྗེས། ཨ་ཡིག་རང་བྱོན། ཨ་ར་པ་ཙའི་ཆུ་མིག་སོགས་ཡོད་དོ། རྭ་སྒྲེང་གནས་ཀྱི་ཤུག་པ་ནི། དགོན་པའི་ཕྱོགས་བཞིར་གཡུ་ལྡན་དང་། གསེར་ལྡན། ཤེལ་ལྡན། ཟངས་ལྡན་སོགས་ཀྱིས་གཙོ་བོར་བྱས་པའི་མིང་དང་ལྡན་པའི་ཤུག་པ་ཉིས་ཁྲི་ཆིག་སྟོང་ཙམ་ཡོད་པར་བཤད་ཅིང་། ཤུག་སྡོང་མཐོ་ཤོས་ལ་རྨིས་བཅུ་ཙམ་ཡོད་བཟོ་འདུག་པས་ནམ་མཁར་བསྙེགས་པའི་གནའ་བོའི་ཤུག་སྡོང་བགྲང་ལས་འདས་པ་དེ་ལྟ་བུ་ནི། ས་བབ་མཐོ་ཙམ་ཡིན་པའི་ས་ཆ་གཞན་དུ་མཐོང་ཧ་ཅང་དཀོན་པའི་རང་བྱུང་གི་ནགས་གླིང་རིན་ཐང་བྲལ་བ་ཞིག་ཡིན་པས་སྲུང་སྐྱོང་དང་གཅེས་སྤྲས་ལེགས་པར་བྱེད་དགོས་པར་སྣང་།
               
རྭ་སྒྲེང་དགོན་གྱི་བོད་ཟླ་དང་པོའི་ཚེས་༡༥ལ་བྱ་ཟླ་མཆོད་པ་ཞེས་འཇིགས་བྱེད་སྤྱི་བསྐང་དང་། བཞི་པའི་ཚེས་༡༥ཁུ་བྱུག་མཆོད་པ་བཅས་དུས་ཆེན་བཞི་བོ་འདི་ནི་བཀའ་གདམས་མཆོད་པ་དུས་བཞི་ཞེས་སྐད་གྲགས་ཤིན་ཏུ་ཆེ་ལ། སྔར་དུས་དུས་ཆེན་སོ་སོར་ཆོས་ལུགས་ཀྱི་བྱེད་སྒོ་མི་འདྲ་བ་རེ་རེས་དད་ལྡན་མང་ཚོགས་ཚོར་དད་གུས་ཀྱི་བློ་ཡིད་དབང་མེད་དུ་འགུག་པར་ནུས་པའི་ཁྱད་ཆོས་ལྡན་སྟབས། ཕྱོགས་བཞིའི་སྐྱེ་བོ་ཚང་མ་མ་བོས་གཅིག་ཏུ་འཛོམས་ནས་དབང་བཀའ་ཆོས་ཞུ་བ་དང་། དངོས་ཟོག་བརྗེ་ཚོང་འཁྲུག་པའི་དམངས་སྲོལ་དུས་སྟོན་ཞིག་ཏུ་གྱུར་ཡོད།
         
ལྷག་པར་དུ་རྭ་སྒྲེང་ཕ་བོང་ཐང་སྐོར་ནི་ཐང་ཆུང་ཡིད་དུ་འོང་བ་དཔག་ཚད་ཟླུམ་པོར་གནས་པའི་སྟེང་དུ། དབྱར་ལ་མེ་ཏོག་སྣ་ཚོགས་བཞད་ཅིང་རྐང་དྲུག་བུང་བའི་གླུ་དབྱངས་ལྷང་ལྷང་དུ་སྒྲོག་པ། དཀྱིལ་དུ་ཕ་བོང་དཀར་པོའི་ཚོགས་མང་དུ་ཡོད་ཅིང་། དེ་དག་སོ་སོར་དབྱིབས་དང་བཀོད་པ་རྣམ་པ་སྣ་ཚོགས་པ་སྟེ། ལ་ལ་ནི་སྟག་གི་གཟུགས་འདྲ་བ་དང་། ལ་ལ་ནི་སེང་གེ་འདྲ་བ། ལ་ལ་སྦྲུལ་འདྲ་བ། ལ་ལ་ནི་སྦལ་བ་འདྲ་བ་སོགས་སྲོག་ཆགས་ཀྱི་གཟུགས་དབྱིབས་སྣ་ཚོགས་འཆར་ཞིང་། གཡས་སུ་རྩི་ཤིང་ནགས་ཚལ་འཛོམས་ལ་བྱ་ཚོགས་ཀྱིས་སྐད་སྙན་སྒྲོག་པ། མདུན་དུ་གཙང་ཆབ་སྔོན་མོ་ལྷུང་ལྷུང་དལ་གྱིས་འབབ་པ། ཕྱོགས་ཀུན་གོས་ཆེན་ལྗང་གུ་གདན་དུ་བཏིང་འདྲའི་སྤང་ལྗོངས་ཡིད་དུ་འོང་བ་བཅས་མཛེས་ཤིང་ལྟ་ན་སྡུག་པའི་རང་བྱུང་ཁམས་ཀྱི་སྐྱེད་ཚལ་ཞིག་ཡིན་པ་དང་། གནས་དེར་ལུག་ལོ་གང་ཡིན་གྱི་བོད་ཟླ་བདུན་པའི་ནང་ལ་དད་ལྡན་མང་ཚོགས་རྣམས་རང་བྱུང་ཁམས་ཀྱི་མཛེས་པ་ཉམས་སུ་མྱོང་བཞིན་སྔར་བྱས་མི་དགེའི་ལས་ལ་གོམས་པའི་སྡིག་གྲིབ་བྱས་བསགས་ཀྱི་རྣམ་སྨིན་རྣམས་སྦྱོང་བའི་ཚོགས་གསོག་དགེ་སྒྲུབ་ལས་ལ་འབད་པ་བྱེད་ཀྱི་ཡོད།

འབྲུག་མོས་ཞུ་དག་བྱས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060