གནས་ཡུལ། མདུན་ངོས། ༄༅།།སྙན་ངག
 
 
༄༅།།ལོ་ངོ་བཅུ་གཅིག་གི་འདུ་བྲལ།
སྤེལ་དུས།2009-03-05   ཡོང་ཁུངས་།   རྩོམ་པ་པོ། བློ་བརྟན།
                                 གཡང་སྐྱིད་ལ་ཕུལ།

 

སྦྲང་ཆར་སིམ་སིམ་དྲན་པ་རབ་རིབ།

ལོ་ངོ་བཅུ་གཅིག་གི་དུས་ཆད།

མཚན་ཞག་སྟོང་ཕྲག་གི་རེ་སྒུག

སྨག་ནག་པའི་མཚན་མོ་འདི་ལ།

ངེད་གཉིས་ངོ་འཕྲད་བྱུང་།

 

ཁྱེད་ཀྱི་མིག་ཟུང་ལ་གཉེར་མ་རེ་གཉིས།

བདག་གི་མགོ་སྟེང་ལ་སྐྲ་དཀར་ཐོར་ཐོར།

དྲན་སྣང་གི་མནར་གཅོད་ཁོ་ནས།

ལང་ཚོ་ཡུད་ཀྱིས་འདས།

སྙིང་ཁ་ཧྲལ་ཧྲུལ་བཟོས།

ལྟ་སྣང་འདི་ལ།

ཁྱེད་རང་ལྕུག་ཕྲན་དང་འདྲ་ལ། འཇའ་ཚོན་དང་མཚུངས།

མྱོང་སྣང་འདི་ལ།

ཁྱེད་རང་ཆུང་མར་སྒོམ་ཞིང་། སེམས་པ་འཁྲུལ།

འདས་སོང་ལ་བསམ་ན་ངུ་བྲོ།

ད་ལྟར་བལྟས་ན་དགོད་བྲོ།

ངུ་མ་དགོད་ཀྱི་སེམས་འགྱུའི་བར་གསེང་ན།

ངེད་གཉིས་ལ་ཐོབ་པ་ནི་དྲན་སྣང་དང་།

ངེད་གཉིས་ལ་ཐོབ་དགོས་པའང་དྲན་སྣང་ཡིན།

སྦྲང་ཆར་སིམ་སིམ།  དྲན་པ་རབ་རིབ།

མཇལ་ཐེངས་དེར།

མཚན་མོ་འདི་ངེད་གཉིས་ལ་ཐོབ།

འཇིག་རྟེན་འདི་ངེད་གཉིས་ལ་དབང་།

ཁྱོད་དང་ང་། གྱེས་འབྲལ་ལ་སྐྲག་ནས།

སྙིང་གཏམ་མཉེན་མོས་སྐྱོ་གདུང་གི་མཆི་མ་མཐའ་ལ་བསྐྲད།

སྨོན་ཚིག་ཟབ་མོས་སེམས་ཁྲལ་གྱི་རྐུན་པོ་རྒྱང་ལ་བུད།

སྙིང་ཉེ་མ། བདེ་མོ་བྱོས།

སང་ཞོགས་ཀྱི་བགྲོད་ལམ་ན་རྒྱ་ལྕང་གི་བསུ་མ་ཡོད།

རྒྱ་ལྕང་དེ་ང་ཡིན།

སྙིང་ཉེ་་མ། བདེ་མོ་བྱོས།

མ་འོངས་ཀྱི་ཁོར་ཡུག་ན་དྲི་གཞོན་གྱི་གཡབ་མོ་ཡོད།

དྲི་གཞོན་དེ་ང་རང་ཡིན།

སྙིང་ཉེ་མ། བདེ་མོ་བྱོས།

ཁེར་རྐྱང་གི་མཚན་མོར་ཟླ་འོད་ཀྱི་འཛུམ་བག་ཡོད།

ཟླ་འོད་དེ་ང་རང་ཡིན།

 

བདེ་མོ་བྱོས།  ངའི་ཚེ་གཅིག་གི་དྲན་པ།

བདེ་མོ་བྱོས། བདག་གི་སྙིང་ཉེ་མ།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060