གནས་ཡུལ། མདུན་ངོས། ༄༅།།སྙན་ངག
 
 
༄༅།།ཁྱོད་ཀྱི་འགྲོ་འདུག་དང་ང་ཡི་ནང་སེམས།
སྤེལ་དུས།2009-03-05   ཡོང་ཁུངས་།   རྩོམ་པ་པོ། དཔལ་མོ་སྐྱིད།།

 
ཁྱེད་རང་སླེབས་ཉིན་ནས།

བདག་གི་སེམས་པ་དེ་གཤོག་ཐོགས་ཀྱི་བྱིའུ་བཞིན།

བརྩེ་དུང་གི་སྟོང་དབྱིངས་ཤིག་ནས་དལ་གྱིས་འཕུར།

ཁྱོད་རང་སོང་རྗེས་སུ།

བདག་གི་སེམས་པ་དེ་བུ་ཡུག་ཁྲོད་ཀྱི་ལུ་གུ་བཞིན།

འཚོ་བའི་རྫ་ལུང་ན་འགྲོ་འདུག་ལ་ཁ་ཕྱོགས་བྲལ།

ཁྱོད་རང་སླེབས་ཉིན་ནས།

བདག་གི་སེམས་པ་དེ་རྩྭ་ཐང་གི་མེ་ཏོག་གསེར་ཆེན་བཞིན།

མཛེས་སྡུག་གིས་གང་བུ་གྲོལ།

ཁྱོད་རང་སོང་རྗེས་སུ།

བདག་གི་སེམས་པ་དེ་དཔལ་འབར་བོར་བའི་དེད་དཔོན་བཞིན།

མུན་ནག་གི་མཚོ་ཀློང་ནས་འཇིགས་སྐྲག་གི་དངངས་འདར་རྒྱག

ཁྱོད་རང་སླེབས་པ་ན།

བདག་གི་སེམས་པ་དེ་རྐང་དྲུག་གི་གཞོན་ནུ་བཞིན།

སྙིང་གཏམ་གྱི་ཟེའུ་འབྲུའི་ཁྲོད་དགའ་བདེས་མྱོས།

ཁྱོད་རང་སོང་རྗེས་སུ།

བདག་གི་སེམས་པ་དེ་ཟས་ཀྱིས་སྟོང་བའི་སྤྲང་ཁུག་བཞིན།

བཀྲེས་སྐོམ་གྱིས་མནར་ཞིང་གདུང་།

གང་ལྟར་ཁྱོད་ཀྱི་འགྲོ་འདུག་གིས།

བདག་གི་སེམས་པ་མཛེས་སྡུག་དང་།

བདེ་སྡུག་ཀྱི་ཞིང་ཁམས་སུ་བར་མེད་ཁྲིད་མྱོང་མོད།

མཐར་ཐུག་གི་ཉི་མ་ཞིག་ལ།

ཁྱོད་ཀྱིས་ང་རང་གང་དུ་ཁྲིད་ཅིང་གང་ནས་བསྐྱུར་སྲིད།

 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060