གནས་ཡུལ། མདུན་ངོས། ༄༅།།སྙན་ངག
 
 
༄༅།།དྲིན་ཅན་ཨ་ཕའི་ཞལ་ནས་འདི་སྐད་ཐོས།
སྤེལ་དུས།2009-03-05   ཡོང་ཁུངས་།   རྩོམ་པ་པོ། རྒོད་རྒྱལ་བློ་ཕུན
རྒྱུ་འབྲས་བསླུ་མེད་སྐྱེ་རྒ་ན་འཆིའི་ཆོས་ཉིད་བཙན་པོའི་དུས་རླུང་ཁྲོད།།

འཆོར་སྒེག་ལང་ཚོའི་མེ་ཏོག་རྙིད་ནས་མཉེན་འཇམ་ལོ་འདབ་ས་ལ་རྡབ།།

མཚར་སྡུག་རིགས་ཞེན་ལྡུམ་རའི་རྒྱན་ལ་འཕོས་པའི་ཕོ་རྒོད་ལྟ་བུ་ཞིག།

འཇིག་རྟེན་གནས་ལུགས་གྲོལ་བའི་དྲིན་ཅན་ཨ་ཕའི་ཞལ་ནས་འདི་སྐད་ཐོས།།

 

ང་རྒྱལ་ཞེ་སྡང་གནག་སེམས་གནོད་སེམས་ཕ་རོལ་འཚེ་བའི་རལ་གྲི་ཡིས།།

ཡུག་གཅིག་བསམ་ངན་བསླུ་བྲིད་ནག་པོའི་དྲ་བ་དབྲལ་ཡང་འཇོན་ནུས་མིན།།

འཇིག་རྟེན་སྡུག་བསྔལ་རྒྱ་མཚོ་གཅོད་ལ་ཞི་དུལ་བག་ཡོད་སྙིང་རྗེ་ཆེ།།

ཐབས་མཁས་རྣམ་དཔྱོད་ཡངས་པའི་དྲིན་ཅན་ཨ་ཕའི་ཞལ་ནས་འདི་སྐད་ཐོས།།

 

སྒོ་གསུམ་རིམ་གྲོ་བསྐྱེད་དེ་བཤེས་གཉེན་དྲུང་ནས་ཤེས་རིག་པད་ཚལ་མྱུལ།།

སྣོད་གསུམ་ལོག་ལམ་མ་འཕྱན་རྣམ་དག་བརྩོན་པས་རྟག་ཏུ་གུས་པས་བཏུད།།

མཁས་བརྩོན་བཟང་གསུམ་ཡོན་ཏན་སྦྲང་རྩིའི་འབྱོར་བས་བུང་བ་ངང་གིས་འདུ།།

ལུང་རིག་ཚད་མར་སྨྲ་བའི་དྲིན་ཅན་ཨ་ཕའི་ཞལ་ནས་འདི་སྐད་ཐོས།།

 

དམར་འབྱར་སྣབས་ལུད་ལས་འབྱུང་རིན་བྲལ་ཚེ་སྲོག་གཏོད་མཁན་ཡབ་ཡུམ་ཟུང་།

དུས་མིན་གདོན་གཟའ་ནག་པོས་མཐའ་ནས་སྒྲིབ་ཀྱང་བཀའ་དྲིན་སྣང་བས་འབྱེད།།

ལས་འབྲས་མི་ཉོག་ཁྲེལ་ཡོད་བུ་ཚས་དྲིན་ལན་གཞལ་བ་དེ་རྣམས་འཕེལ་བའི་རྟེན།།

བྱམས་བརྩེའི་བཞིན་རས་གཉེར་ཡང་མི་འགྱུར་དྲིན་ཅན་ཨ་ཕའི་ཞལ་ནས་འདི་སྐད་ཐོས།།

 

འཇིག་རྟེན་ཁྱིམ་པ་སྐྱོང་བའི་དྲུག་གསུམ་བཅོ་བརྒྱད་ཕོ་ལོ་སྟག་ཤར་མ།།

ཅོལ་ཆུང་བྱིས་བློའི་དབང་གིས་འཁོར་ཆགས་བུ་མོའི་གཉིད་ལམ་དཀྲོགས་མང་ན།།

ཁྱིམ་གཞི་འཁྲུག་དང་གཏམ་ངན་ཚེ་རབས་ཀུན་ལ་གྲགས་པ་ངོ་མཚར་མཐོང་།།

ཡ་རབས་ཀུན་སྤྱོད་མངའ་བའི་དྲིན་ཅན་ཨ་ཕའི་ཞལ་ནས་འདི་སྐད་ཐོས།།

 

བྱ་དངོས་ཅི་རིགས་འཕེལ་བའི་གཞི་མ་མཛའ་མཐུན་མཉམ་གནས་གལ་བོ་ཆེ།།

མནོག་ཆུང་རང་ཤེད་དབང་གིས་ཉེ་འདབས་གྲོགས་པོའི་མཛའ་བཤེས་དོར་མང་ན།།

ལ་རྒྱ་འཐོར་དང་གྲོགས་མེད་ཁེར་རྐྱང་འདུག་པ་བྱ་བ་སྒྲུབ་ནུས་མིན།།

མཛའ་བཤེས་ཕྱི་ཐག་རིང་བའི་དྲིན་ཅན་ཨ་ཕའི་ཞལ་ནས་འདི་སྐད་ཐོས།།

 

སྤྱིར་ན་ཀུན་ལས་ལྷག་པའི་ཡོན་ཏན་སྣ་འཛོམས་བུམ་པ་གང་བྱོའི་ཚུལ།།

ང་རྒྱལ་ཕྲག་དོག་དབང་གིས་གང་སར་རང་རློམ་ཆེ་བ་བརྗོད་མང་ན།།

རྗེས་སུ་ལུས་དང་དུག་གསུམ་དྲི་མས་སྦགས་འདི་དམ་པའི་མཛངས་ཡོན་མིན།།

ཤན་འབྱེད་ཐབས་འཕྲུལ་འབྱོར་བའི་དྲིན་ཅན་ཨ་ཕའི་ཞལ་ནས་འདི་སྐད་ཐོས།།

 

ཁ་ཆེ་ཕ་ལུས་གསུངས་པའི་འཟིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས།།

ལེགས་བཤད་ཕྲེང་བས་གསུངས་པ་བླང་དོར་ལེགས་ཉེས་གཉིས་ལ་གོ་བསྐོན་གཅིག

ཤེས་རབ་རྒན་པོས་གསུངས་པ་དྲང་བདེན་ལེགས་ཚོགས་གསུམ་ལ་གནས་ལུགས་གཉིས།།

དྲིན་ཅན་ཨ་ཕས་གསུངས་པ་མཐའ་མའི་ཁ་ཆེམས་གཅིག་ལ་རིན་ཐང་འབུམ།།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060