གནས་ཡུལ། མདུན་ངོས། ༄༅།།སྙན་ངག
 
 
༄༅།།ཆར་བའི་ཁྲོད་ཀྱི་བདག་གི་སེམས་འགྱུ།
སྤེལ་དུས།2010-04-30   ཡོང་ཁུངས་།   རྩོམ་པ་པོ། གཅན.ཆེད་འབར།

དོ་ནུབ། སིམ་སིམ་དུ་འཇོ་བཞིན་པའི་ཆར་བའི་ཤག་སྒྲ་ལས།

དགེ་རྒྱས་ཟེར་བའི་རྫོང་མཁར་ཆུང་ངུ་འདི་ཧ་ཅང་དབེན་འཇགས་སེ།

 

དོ་ནུབ།ཆར་བའི་ཁྲོམ་སྲང་ལྟར་གྱི་སྐྱོ་གདུང་མི་འདུག་པས།

རྒྱང་རིང་གི་རྫོང་མཁར་འདིའི་ལྷིང་འཇགས་ལ་རྣ་བ་གཏོད་ཀྱིན་པ།

སུ་དང་གང་གིས་ཀྱང་ཡིག་འབྲུའི་སྒྲོ་བ་རུ་འཇུག་མ་ཐུབ་པ་ཁྱེད་ལ།

བྱམས་དུངས་དང་ཚོར་བའི་གསེབ་ནས་ལག་གདང་སྦྲེལ་གྱིན་པ།

ང་མ་ཡིན་ནམ། ང་མ་ཡིན་ནམ།

 

རྫོང་མཁར་ཆུང་ཆུང་འདི་ཆར་གྱི་ཁྲོད་དུ་རྐྱལ་འདུག་ཅིང་།

འདི་ནི་ང་ཡིས་མཐོང་འདོད་པའི་ཡུལ་ལྗོངས་དེ་ཡིན་འདུག

ཟམ་ཟིམ་དུ་འཇོ་བཞིན་པའི་ཆར་བ་འདིས།

དུ་རྫས་ཀྱིས་བསླད་པའི་མཁའ་དབྱིངས་གཙང་མར་བཀྲུས་སོང་།

ཡིན་ཡང་། ཆར་བ་འདིས་ང་རང་གཙང་མར་བཀྲུ་ན་ཅི་མ་རུང་སྙམ།

 

ཆར་བ་སྔར་བཞིན་འབབ་ཀྱིན་འདུག

གནས་ལ་འགྲོ་བའི་བུ་མོ་ཞིག་ངུ་བ་བཞིན་འབབ་ཀྱིན་འདུག

དོ་ནུབ།

ངས་ང་རང་སྒྲིག་སྲོལ་གང་ཞིག་གི་ནང་དུ་ཚུད་ཡོད་མེད་ལ་ཐེ་གཏོགས་བྱེད་ཀྱིན་མེད།

ཐ་ན་ལག་སྒྲོག་འདི་ཡང་རྒྱུ་ཆ་གང་ཞིག་ལས་བཟོས་པར་ཐེ་གཏོགས་བྱེད་ཀྱིན་མེད།

འོན་ཀྱང་།

ངས་རྒྱང་རིང་གི་བུ་མོ་དེའི་བདེ་འཇགས་ལ་སེམས་མི་གཏོད་ཐབས་མེད་རེད་ཨང་།

 

ཉིན་འདི་དག་ལ། དབལ་ཚ་བའི་ཉི་མས་ས་གཞི་བསྲེགས་ནས་ཐལ་བའི་རྡུལ་དུ་བརླགས་སོང་།

ང་རང་བསྲེགས་ནས་ཅི་བྱ་གཏོལ་མེད་དུ་གྱུར་སོང་།

དེ་བས། འདི་འདྲའི་ཆར་བ་ཞིག་བབས་པ་དེའང་འོས་ཤིང་འཚམ་པ་ཞིག་རེད།

སང་ཉིན་རྫོང་མཁར་ཆུང་ངུ་འདི་ནས་སྐྱེ་དངོས་མཐའ་དག་གི་དབུགས་སོས་ནས།

སྐལ་བཟང་མེ་ཏོག་གིས་ཀྱང་ཟིལ་བ་ཞིག་བསྣམས་ནས།

ས་ཆེན་གྱི་སྤྱི་ཏོར་ནས་བརྗིད་ཀྱིས་མངོན་སྲིད་ཅིང་།

ང་ལ་མཚོན་ནའང་། སྔར་དང་མི་མཚུངས་པའི་སྟོབས་ཤུགས་ཤིག་ཡོད་སྲིད།

 

ཆར་བ་སྔར་བཞིན་འབབ་ཀྱིན་འདུག སེམས་འགྱུ་སྔར་བཞིན་སྐྱོམ་གྱིན་འདུག

ངས་དངོས་གནས་བདག་གི་རིགས་རྒྱུད་ལ་བཀའ་དྲིན་ཆེ་ཞུ་བ་ཡིན་ཏེ།

ཆར་བ་འབབ་པའི་སྐབས་སུ།

ང་རང་གངས་རིའི་པང་དུ་གནས་ཤིང་། ང་རང་རྩྭ་ཐང་གི་མངལ་དུ་གནས་འདུག

ད་ལྟ། ཆར་བས་བསྐྱལ་བའི་ཚོར་བ་ནི་སྙིང་སྡུག་མའི་རེག་བྱ་ཇི་བཞིན་ཧ་ཅང་འཇམ་པས།

བདག་གིས་རང་དབང་མེད་པར་འདས་ཟིན་པའི་ཡུལ་ལྗོངས་རེ་རེ་དང་།

འདས་ཟིན་པའི་དགའ་སྐྱོ་ཆགས་སྡང་ཀུན་དྲན་སོང་།

 

ཁྲོམ་སྲང་གི་མི་ཚོགས་ཇེ་ཉུང་དུ་ཕྱིན་ཅིང་།

རླངས་འཁོར་རྒྱུག་གིན་པའི་འཛེར་སྐད་དང་ལྷན་དུ་འཕྱོ་བཞིན་པའི་ཆར་ཟེགས་ལས་མི་འདུག

སྐབས་འདིར། ངས་གློ་བུར་དུ་ཧེ་ཙི་ཡི་གཏེར་ལེན་ཁའི་སྨྲེང་སྐྱོ་དང་།

རླབས་ཆེན་གྱི་དྲན་གདུང་དྲན་བྱུང་།

ཅི་ལྟར་ཡང་། ཆར་བས་བརླན་པའི་ས་ཆེན་གྱི་པང་ནས།

བདག་གིས་ལོ་རྒྱུས་རང་བཞིན་གྱི་རྐང་རྗེས་ཤིག་ཕབ་འདོད།

 

བདག་གི་མེས་པོ་ཡང་ཆར་བ་འདིའི་ཁྲོད་ནས་གཏན་དུ་བཞུགས་པར་སྨོན།

བདག་གི་ཕུ་ནུ་ཡང་ཆར་བ་འདིའི་ཁྲོད་ནས་བདེ་སྐྱིད་ལྡན་པར་སྨོན།

ཨོ། ཆར་བ་ནི་བདག་གི་ཕུ་ནུ་ཀུན་གྱི་སེམས་གསོ་དང་།

མེས་པོ་དག་གི་དྲན་གདུང་ལ་བསྐུར་བའི་དུང་དཀར་གྱི་སྒྲ་དབྱངས་དེ་མ་ཡིན་ནམ།

 

ངས་བསམས་ན། རྫོང་མཁར་ཆུང་ཆུང་འདི་ལ་ཆར་བ་ད་དུང་འབབ་དགོས་འདུག

ངས་བསམས་ན། ང་ཡིས་སེམས་ཀྱི་ཐ་སྙན་དག་ད་དུང་ཡང་ལྷུག་བརྗོད་བྱས་ཚར་མི་འདུག

ཡིན་ཡང་། ད་ལྟ་ང་ཡི་སྨྲ་བརྗོད་ཀྱི་ནུས་པ་ཉམས་ནས་མཆི་མ་ནི་ཐ་སྙད་ལྟར་བཞུར་གྱིན་འདུག

 

དོ་ནུབ། ཆར་བ་ནི་ང་ཡི་གཉིད་གླུ་ཡིན་འདུག

བདག་གིས་སྐྱོ་གདུང་དང་དགའ་བ་རུམ་ལ་ཉར་ནས་ཁུ་སིམ་མེར་ཉལ་སྲིད།

ཆར་བ་ཡ། དགེ་རྒྱས་ཟེར་བའི་རྫོང་མཁར་ཆུང་ཆུང་འདི་ལ་འབབ་ཀྱིན་པའི་ཆར་བ་ཡ།

ཁྱོད་ནི་བདག་གི་བརྗོད་འདོད་ཀྱི་སྨྲ་ལྕེ་གཞན་ཞིག་གི་ཚབ་ཏུ་བབས་པ་ཨེ་ཡིན།

 

འབྲུག་མོས་ཞུ་དག་བྱས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060