གནས་ཡུལ། མདུན་ངོས། ༄༅།།སྣེ་འཛོམས་ཞོར་བཀོད་ལེ་ཚན།
 
 
༄༅།།བོད་ཀྱི་འབྲོག་ཁྱིའི་འབྱུང་ཁུངས་སྐོར་ཕྲན་བུ་གླེང་བ།
སྤེལ་དུས།2008-08-18   ཡོང་ཁུངས་།   རྩོམ་པ་པོ། གཉལ་བཀྲ་ཤིས་ཕུན་ཚོགས།
 ནང་དོན་གནད་བསྡུས།

འདིའི་ནང་བོད་ཀྱི་འབྲོག་ཁྱིའི་འབྱུང་ཁུངས་སྐོར་དམངས་ཁྲོད་ངག་རྒྱུན་དང་། ནང་སའི་ཁུལ་དུ་བོད་ཀྱི་འབྲོ་ཁྱིར་ཞིབ་འཇུག་བྱེད་མཁན་གྱི་ལྟ་བ། ནུབ་ཕྱོགས་ཀྱི་ཁྱིའི་རིགས་རྒྱུད་ཞིབ་འཇུག་པའི་དགོངས་པ། རང་གི་ལྟ་བ་དང་གནའ་བོའི་སྐྱེ་དངོས་ཞིབ་འཇུག་བྱེད་པའི་རིན་ཐང་བཅས་ཟུང་འབྲེལ་གྱིས་བསྟན་ཡོད།

གླེང་གཞི།

ངའི་ཕ་ཡུལ་བོད་ལྗོངས་འདི་ནི་རྒྱ་མཚོའི་ངོས་ལས་ཆ་སྙོམས་སྤྱི་ཁྲེ་༤༠༠༠ཡན་གྱི་མཚོ་བོད་ས་མཐོར་གནས་ཡོད་པས་འཛམ་གླིང་ཡང་རྩེ་ཞེས་པའི་མཚན་སྙན་ཐོགས།

གནས་འདིའི་ས་བབ་ཆགས་ཚུལ་རྙོག་འཛིང་ཆེ་སྟེ། བོད་ལྗོངས་ཀྱི་བྱང་ཕྱོགས་ནི་ཁུ་ནུ་རི་བོ་དང་གདང་ལ་རི་བོ། གཉན་ཆེན་ཐང་ལྷ། གངས་ཏི་སི་སོགས་ཀྱི་རི་ཁུལ་དུ་བོད་བྱང་ཐང་གི་ས་མཐོའི་རྩྭ་ཐང་གྲུབ་ཅིང་། བོད་ཀྱི་འབྲོག་ལས་ཐོན་ཁུངས་ཀྱི་ལྟེ་གནས་ཡིན།

བོད་ལྗོངས་ཀྱི་ཤར་ཕྱོགས་ནི་རི་མཐོའི་གྲོག་རོང་ལས་གྲུབ་ཅིང་། གནམ་གཤིས་དྲོ་གྲང་སྙོམས་པས། བོད་ལྗོངས་ཀྱི་ཤིང་འབྲས་སོགས་ནགས་ལས་ཀྱི་ཐོན་ཁུངས་གཙོ་བོ་ཡིན་པ་མ་ཟད། འཛམ་གླིང་གི་གཡང་གཟར་གྲོག་རོང་གཏིང་རིང་ཤོས་ཏེ་གྲོག་རོང་གི་གཏིང་ཚད་ལ་སྤྱི་ཁྲེ་༤༣༨༢ཡོད་པའི་ཡར་ཀླུང་གཙང་པོའི་གྲོ་རོང་ཆེན་པོའང་བོད་ཀྱི་ཤར་ཕྱོགས་ཀོང་ཡུལ་དུ་གནས་ཡོད།

ངའི་ཕ་ཡུལ་གྱི་ས་བབ་ཆགས་ཚུལ་རྙོགས་འཛིང་ཆེ་བ་འདི་ལས། ས་མཐོའི་དམིགས་བསལ་གྱི་གནམ་གཤིས་གྲུབ་སྟེ། བོད་ལྗོངས་ཀྱི་ནུབ་བྱང་ཁུལ་དུ་སྐམ་ཤས་ཆེ་ཞིང་གནམ་གཤིས་གྲང་ངར་ཆེ་བ་དང་། ཁྱད་པར་སྟོད་མངའ་རིས་ཁུལ་དུ་ས་བབ་ཧ་ཅང་མཐོ་ཞིང་གྲང་ངར་ཤིན་ཏུ་ཆེ་བས་འཛམ་གླིང་གི་ཡང་རྩེའི་ཡང་རྩེཞེས་པའི་མཚན་སྙན་ཐོགས།

བོད་ལྗོངས་ཀྱི་ཤར་ལྷོའི་མཚམས་སུ་སྤྱིར་གནམ་གཤིས་དྲོ་གྲང་སྙོམས་ཤིང་ཁྱད་པར་ཀོང་ཡུལ་དང་ཙ་རིའི་ཁུལ་དུ་ཆར་པ་བབས་ཚད་མང་བ་དང་བཞའ་རློན་ཆེ་བས་གདོད་མའི་ནགས་ཚལ་ཆགས་ཡོད།

དེ་ལྟ་བུའི་བོད་ལྗོངས་ཀྱི་དམིགས་བསལ་ས་བབ་ཆགས་ཚུལ་ལས། སྔ་དགོང་གྲང་ཞིང་། ཉིན་དགུང་ཚ་བ་ཆེ་བས། ཉིན་གཅིག་ལའང་དུས་བཞིའི་གནམ་གཤིས་ཀྱི་ཁྱད་ཆོས་ལྡན།

དེར་བརྟེན་སའི་གོ་ལའི་བྱ་ཕྱེད་མའི་ཚ་བའི་ས་ཁུལ་ནས་གྲང་ངར་ཆེ་བའི་ས་ཁུལ་དུ་སྐྱེས་པའི་མཐོ་རིམ་རྩི་ཤིང་རིགས་༥༠༠༠ལྷག་ཙམ་བོད་ལྗོངས་སུ་མཐོང་རྒྱུ་ཡོད་ལ། བོད་དུ་གདོད་མའི་ནགས་ཚལ་གྱི་ཁྱད་ཆོས་སྲུང་འཛིན་ཆ་ཚང་བས་ངའི་ཕ་ཡུལ་བོད་ལྗོངས་འདི་རྩི་ཤིང་གི་ཡུལ་ཁམས་ཆེན་པོ་ཞིག་ཡིན་ཞེས་འཛམ་གླིང་ཡུལ་གྲུ་ཀུན་གྱིས་བསྔགས་བརྗོད་བྱེད།

ངའི་ཕ་ཡུལ་འདིར། དེ་ལྟ་བུའི་གནས་ཁྱད་པར་ཅན་ཞིག་ཡོད་པར་བརྟེན། འཛམ་གླིང་ཡུལ་གྲུ་གཞན་དུ་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་གཙོད་དང་། འབྲོང་། རྐྱང་། གཉན་སོགས་གནས་འདིར་འཚོ་སྡོད་བྱེད་པ་དང་། ལྷག་དོན་དུ་མཚོ་བོད་ས་མཐོའི་ཤྭ་བ་ཁ་དཀར་ནི། འཛམ་གླིང་ན་དཀོན་པའི་རྩྭ་ཆེན་སྲོག་ཆགས་ཀྱི་གྲས་ཀ་ཞིག་དང་། བྱ་རིགས་ལས་ཁྲུང་ཁྲུང་དཀར་པོ་སྐེ་ནག་དང་། བོད་ཀྱི་བྱ་ཝང་ནི་རང་རྒྱལ་གྱི་རིམ་པ་དང་པོའི་རྩ་ཆེན་སྲོག་ཆགས་ཁོངས་སུ་གཏོགས་ཡོད་ལ། བོད་ཀྱི་འབྲོག་ཁྱི་འདི་ཡང་གོང་གི་སྲོག་ཆགས་དེ་དག་དང་ཆ་འདྲ་བར། མེས་པོས་ང་ཚོར་བཞག་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་རིམ་པ་གཉིས་པའི་རྩ་ཆེན་སྲོག་ཆགས་ཀྱི་གྲས་ཡིན་པས་བོད་ཀྱི་འབྲོག་ཁྱི་ལྟ་དམངས་ཁྲོད་དུ་བཤད་རྒྱུན་ཤིན་ཏུ་མང་བའི་རྒྱུད་བཟང་གི་ཁྱི་རིགས་གཉིས་པ་ཞིག་འཛམ་གླིང་ཐོག་ཏུ་ཡོད་པ་མ་ཡིན།

ཞིང་འབྲོག་ཁུལ་དུ་འཚོ་སྡོད་ཡུན་རིང་བྱེད་མྱོང་བའི་བོད་པ་ཞིག་ཡིན་ཕྱིན་འབྲོག་ཁྱིའི་སྐད་སྒྲ་ཐོས་པ་ཙམ་གྱི་རང་ཁྱིམ་དུ་སླེབས་པ་ལྟ་བུའི་བདེ་བའི་སྤྲོ་སྣང་ཞིག་སྟེར་བ་ལས་གཅན་གཟན་གཞན་པའི་སྐད་སྒྲ་ལྟར་རྣ་བར་གཟན་པའི་ཚོར་སྣང་ཞིག་ཅི་ལ་སྟེར། གང་ཡིན་ཞེ་ན། འབྲོག་ཁྱི་ནི་ངེད་ཅག་གི་ཕ་མེས་ཡང་མེས་ཀྱི་དུས་ནས་ལུས་ཀྱི་གྲིབ་མ་བཞིན་མེས་པོའི་རྗེས་སུ་འབྲངས་ཏེ། དཀའ་སྡུག་མཉམ་མྱོང་གིས་རང་བྱུང་ཁམས་ཀྱི་འཕོ་འགྱུར་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་སྲོག་ཆགས་ཤིག་ཡིན་པ་མ་ཟད། ལྷག་དོན་དུ་བདག་པོར་ཤ་ཞེན་ཤིན་ཏུ་ཆེ་བའི་སྲོག་ཆགས་ཤིག་ཀྱང་ཡིན།

འོན་ཀྱང་ད་ལྟའི་དུས་འདིར། ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ཉམས་མ་ཆོད། ནོར་བུ་མི་ལ་ཤོར་དུས། སྙིང་རླུང་སྟོད་ལ་འཚང་བྱུང་ཞེས་པའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་བརྗོད་དོན་གྱི་རྣམ་པ་ཞིག་ཅི་རིགས་མངོན་བཞིན་འདུག་ལ། ངའི་ཕ་ཡུལ་གྱི་ཞིང་འབྲོག་ཁུལ་དུ་རྒྱུད་གཙང་འབྲོག་ཁྱིའི་སྐད་སྒྲ་དེའང་རིམ་བཞིན་དབྱར་མཇུག་གི་ཁུ་བྱུག་སྐད་ཀྱི་རྗེས་སུ་འགྲོ་བའི་མཚམས་འདིར། བོད་ཀྱི་རྒྱུད་གཙང་འབྲོག་ཁྱི་མི་སྟོང་བར་སྲུང་སྐྱོབ་བྱ་རྒྱུ་དང་། འབྲོག་ཁྱིའི་འབྱུང་ཁུངས་ལ་དཔྱད་པ་བྱ་རྒྱུ་དེ་ནི་ངེད་ཅག་གི་ལྡོག་ཏུ་མེད་པའི་འགན་འཁྲུ་ཞིག་ཡིན་ཕྱིར། གནའ་བོའི་བོད་ཀྱི་འབྲོག་ཁྱིའི་འབྱུང་ཁུངས་ཐད་བཤད་སྲོལ་ཤིན་ཏུ་མང་ཡང་། རང་བློས་གང་དཔོག་གིས་ཅུ་ཟད་གླེང་བར་འདོད་དོ།

      དང་པོ། བོད་ཀྱི་འབྲོག་ཁྱི་ལྷ་ལས་བྱུང་བའི་བཤད་སྲོལ།

 གནའ་སྔ་མོའི་དུས་སུ་ས་མཐོའི་མི་རྣམས་རི་དྭགས་རྔོན་པ་དང་། རི་དྭགས་འགའ་ཞིག་གཡུང་དུ་ཕབ་ཏེ་འབྲོག་པའི་རྣམ་པ་ཅན་གྱི་རང་བྱུང་ཁམས་ཁོ་ནར་བརྟེན་ནས་འཚོ་ཞིང་གནས།

ཉིན་ཉིག་གློ་བུར་དུ་ནམ་མཁར་སྤྲིན་ནག་འདུས་ཏེ་གློག་དམར་འཁྱུག་པ་དང་། དྲག་ཆར་བབས་ཏེ་ཆུ་ལོག་གང་སར་ཁྱབ་པས། སྐད་ཅིག་ཉིད་དུ་ས་གཞི་ཐམས་ཅད་ཆུ་ཡིས་བཀང་།

གློ་བུར་དུ་བྱུང་བའི་རང་བྱུང་ཁམས་ཀྱི་གནོད་འཚེ་དེས་མི་རྣམས་ཆགས་ས་བརྟེན་ས་མེད་པར་གྱུར་བ་མ་ཟད། མི་དང་སེམས་ཅན་མང་པོ་ཞིག་སྐྱེ་ལམ་དུ་བརྫངས། ཆུ་ལོག་གི་འཇིགས་པ་ལས་འཚོ་བ་སླར་གསོ་མི་བྱུང་བའི་ཁར། དབྱར་ཁ་ནད་ཡམས་ཀྱིས་ཁྱབ་པ་དང་། དགུན་ཁ་ས་གཞི་ཐམས་ཅད་ཁ་བས་བཀབ་སྟེ་མི་དང་སེམས་ཅན་གྱི་འཚོ་གནས་ལ་དཀའ་ངལ་ཆེན་པོ་བཟོས།

མཚན་མོའི་དུས། གསའ་དང་སྤྱང་ཀི་སོགས་གཅན་གཟན་དུག་པ་ཅན་གྱིས་རྩྭ་ཐང་འབྲོག་པའི་སེམས་ཅན་གནས་བཟོད་མི་བདེ་བ་བཟོས་པའི་ཁར། ཐ་ན་རྒན་བྱིས་གཉིས་ཀྱི་སྲོག་ལའང་གཅན་གཟན་གྱི་གནོད་པ་མང་དུ་བྱུང་བས། དེ་ལྟ་བུའི་ཡ་ང་བའི་གནས་སུ་ལྷུང་བའི་ཉིན་ཞིག་དགུང་སྔོན་དབྱིངས་ནས་གློ་བུར་དུ་འོད་ཟེར་ཕྱོགས་བཅུར་འཕྲོས་པ་དང་ཆབས་ཅིག་ལུས་ལ་ཆོས་གོས་བཞེས་ཤིང་ཕྱག་ན་དྲིལ་བུ་ཐོགས་པའི་བླ་མ་ཞིག་སྟག་སེང་འདྲ་བའི་གཅན་གཟན་ཁྱད་པར་ཅན་ཞིག་ལ་བཞོན་ཏེ་གེགས་བར་བྱུང་བའི་གནས་དེར་ལྷགས།

བླ་མའི་ཞལ་ནས་ཁྱེད་རྣམས་ཀྱིས་གཡང་དཀར་ལུག་གུ་བཅུ་ཡིས་ལྷ་ལ་མཆོད་འབུལ་ཞུས་ན། ཁྱེད་ཚོར་བདེ་བའི་འཚོ་བ་ཞིག་བྱུང་ངེས་ཞེས་གསུངས་པ་དང་། འབྲོག་པ་རྣམས་ཀྱིས་ཕང་སེམས་སྤུ་ཙམ་མེད་པར་ལུག་རྒྱགས་ཤོས་བཅུ་ཐམ་པ་བདམས་ཏེ་མཆོད་འབུལ་ཞུ་ཆེད་བླ་མར་ཕུལ།

བླ་མས་ངའི་བཞོན་པ་འདིའང་ཁྱེད་ཚོར་འཇོག་པས། གཅན་གཟན་དུག་པའི་གནོད་པ་མི་ཡོང་ཞེས་གསུངས་རྗེས། བླ་མ་ནི་ནམ་མཁའི་འཇའ་ལྟར་ཡལ་བར་གྱུར།

བླ་མའི་བཞོན་པ་ཁྱད་པར་ཅན་དེ་ནི་ད་ལྟའི་འབྲོག་ཁྱི་ཡིན་ཞིང་། མི་རྣམས་ཀྱི་བསམ་པར་གཅན་གཟན་དུག་པ་ཅན་ཤིན་ཏུ་མང་བས། བཞོན་པ་གཅིག་བུ་དེས་ག་ལ་འགོག་ཐུབ་ཅེས་ཐེ་ཚོམ་གྱི་གནས་སུ་ལྷུང་།

རྟ་བདུན་དབང་པོ་རིམ་བཞིན་ནུབ་ཕྱོགས་ཆུ་ལྷའི་ཡུལ་དུ་འཕགས་པ་དང་མུན་པའི་རྒྱལ་མོས་སྣང་བ་ཡོངས་སུ་བཅོམ་སྟེ། རང་གི་མིག་མདུན་གྱི་ཕྱག་མཛུབ་ལྔ་པོ་ཡང་མཐོང་དཀའ་བའི་གནས་སུ་གྱུར་སྐབས། སྔར་བཞིན་གཅན་གཟན་དུག་པ་ཅན་གྱིས་འབྲོག་པའི་ནོར་ལ་འཚེ་བར་ཡོང་།

ཉིན་དེའི་མཚན་མོ་དཔའ་བློ་སྟོབས་ཆེ་བའི་བླ་མའི་བཞོན་ཁྱི་དེས་གཅན་གཟན་དུག་པའི་གནོད་པ་ལས་རྣམ་པར་རྒྱལ་བ་མ་ཟད། ཐ་ན་སྤྱང་ཀི་མི་ཉུང་བ་ཞིག་ཚར་བཅད་པས། ཉིན་དེ་ནས་བཟུང་། མི་རྣམས་ཀྱི་འཚོ་བར་རང་བྱུང་ཁམས་དང་གཅན་གཟན་གྱི་གནོད་པ་མེད་པར་འགྱུར་ཏེ་མངོན་སུམ་གྱི་བདེ་སྐྱིད་འཚོ་བ་ཞིག་ཐོབ།

བླ་མའི་ཁྱི་དེ་འབྲོག་པ་རྣམས་ཀྱི་གསོ་ཉར་བྱས་པས་དེ་ནས་བཟུང་མིང་ལ་འབྲོག་ཁྱི་ཞེས་པའི་ཐ་སྙད་དེ་ཐོགས་པ་མ་ཟད། འདོད་པ་འཕེལ་བའི་དུས་སུ་ཁྱི་དེ་དང་ཉེ་ཁོར་གྱི་གཅན་གཟན་གཞན་འདྲེས་སྦྱོར་བྱུང་བས་རིགས་མི་འདྲ་བའི་ཁྱི་རྒྱུད་མང་དུ་འཕེལ་ཞེས་བརྗོད།

འབྲོག་ཁྱི་ནི་བླ་མ་དང་ལྷན་ཅིག་ཏུ་ལྷ་ལས་བབས་ཏེ་བྱུང་བ་ཞིག་དང་། བླ་མའི་བཞོན་ཁྱི་ཡིན་ཞེས་པའི་དམངས་ཁྲོད་ཤོད་རྒྱུན་དེ་དུས་ད་ལྟའི་བར་དམངས་ཁྲོད་དུ་གནས་ཡོད་པ་མ་ཟད། ལྷག་དོན་དུ་འབྲོག་ཁྱིའི་ཁ་དོག་ནག་པོ་ཡིན་པ་གང་ཞིག་རྒྱབ་ངོས་སྔོན་པོའམ། ལྕགས་རིགས་ཀྱི་འོད་མདངས་འདྲ་བ་དེ་དག་བླ་མས་བཞོན་པའི་རྗེས་ཤུལ་ཡིན་ཞེས་དམངས་ཁྲོད་དུ་བཤད་སྲོལ་ཡོད་ལ། ད་ལྟའི་དུས་སུའང་ལྷོ་ཁ་ལྷུན་རྩེ་རྫོང་དང་མཚོ་སྨད་རྫོང་གཉིས་ཀྱི་འབྲོག་ཁུལ་དུ་ཁ་དོག་དེ་དང་འདྲ་བའི་འབྲོག་ཁྱི་མངོན་སུམ་དུ་མཐོང་རྒྱུ་ཡོད།

བོད་མི་དམས་ཀྱི་ཟ་འབྲུ་ཁྱི་ལས་བྱུང་བ་སོགས་དམངས་ཁྲོད་དུ་ངག་རྒྱུན་ཤིན་ཏུ་མང་བས་ཁྱི་གསོད་པ་དང་། ཁྱི་ཤ་ཟ་བ་སོགས་མི་དགེ་བའི་བྱ་བ་གཏན་ནས་བྱེད་སྲོལ་མེད་ཅིང་། ཐ་ན་ཁྱི་ཤི་བའི་པགས་པ་དེའང་བླ་མ་མིན་ན། སྐྱེ་བོ་ཕལ་པས་གདན་དུ་འདིང་བའི་ཐོབ་ཐང་མེད་ཅེས་རྩ་ཆེན་དུ་འཛིན་པ་ལས་ཁྱི་པགས་གང་བྱུང་དུ་བེད་སྤྱོད་གཏོང་སྲོལ་མེད། བོད་ཀྱི་གནའ་བོའི་འབྲོག་ཁྱི་དེ་ད་ལྟའི་བར་མི་སྟོང་བར་གནས་ཐུབ་པའི་རྒྱུ་རྐྱེན་གཅིག་ཀྱང་དམངས་ཁྲོད་ཀྱི་ངག་རྒྱུན་འདི་དང་དེ་འདྲ་བར་ཐུག་ཡོད་པ་སྨོས་ཅི་དགོས།

མདོར་ན། གོང་གསལ་གྱི་དམངས་ཁྲོད་ངག་རྒྱུན་དེས་ཚན་རིག་དང་མཐུན་པའི་སྒོ་ནས་བོད་ཀྱི་འབྲོག་ཁྱིའི་འབྱུང་ཁུངས་དངོས་འཚོལ་ཤེས་ཐུབ་མེད་ཀྱང་། བཤད་རྒྱུད་དེ་ཅུང་སྔ་པོ་ཞིག་ནས་བརྒྱུད་འོངས་པ་ཞིག་ཡིན་ཏེ་ལུག་གི་མཆོད་འབུལ་ཞུ་བ་ནི་སྤྱིར་བོན་ཆོས་དར་བའི་དུས་སུ་ཡིན་པ་དང་། ལྷག་དོན་དུ་གཅན་གཟན་གཞན་དང་རིགས་རྒྱུད་འདྲེས་སྦྱོར་བྱུང་ཞེས་པ་ནི་དོན་དངོས་འཚོ་བ་དང་མཐུན་པ་ཞིག་ཡིན། གང་ཡིན་ཞེ་ན། འབྲོག་ཁྱི་དང་སྤྱང་ཀི་འདྲེས་སྦྱོར་བྱུང་བ་ལས་ཁྱི་སྤྱང་ཞེས་མིང་འདོགས་པ་མ་ཟད། ཐ་ན་ད་ལྟ་མི་མ་པོས་ཁྱི་སྤྱང་གསོ་རྒྱུར་དགའ་པོ་བྱེད་ཀྱི་ཡོད།

ཁྱི་སྤྱང་ནི་ཁྱི་དང་སྤྱང་ཀི་གཉིས་འདྲེས་སྦྱོར་བྱས་པ་ལས་བྱུང་བ་ཞིག་ཡིན་པས། སྤྱང་ཀི་དང་འཐབ་པར་འབྲོག་ཁྱི་ལས་ཀྱང་། དཔའ་བློ་ཁོག་ཆེ་བ་ཡོད་ཅེས་བརྗོད།

ཕྱུགས་རྫི་རྒན་པོའི་གཏམ་དེར་རྒྱུ་མཚན་མེད་པ་ཞིག་མ་ཡིན་ཏེ། དཔེར་ན་བོང་བུ་དང་རྟ་གཉིས་འདུས་པ་ལས་དྲེལ་བྱུང་བ་དང་། དྲེལ་ནི་རྟ་བོང་གཉིས་ཀར་མི་སྐྲག་པ་འཚོ་བ་དངོས་ཀྱི་ནང་བདེན་དཔང་བྱེད་ཐུབ་པ་དང་གཅིག་མཚུངས་ཡིན།

                                གཉིས་པ། བོད་ཀྱི་འབྲོག་ཁྱི་ཆང་རིགས་ཀྱི་ཁྱི་ལས་བྱུང་བའི་བཤད་ཚུལ།
  
གངས་རིའི་རྒྱན་དུ་གྱུར་པའི་བོད་ཀྱི་འབྲོག་ཁྱིའི་འབྱུང་ཁུངས་འཚོལ་ཤེས་ཐུབ་པ་བྱེད་དགོས་ན། སྔོན་ལ་འབྲོག་ཁྱིའི་སྦྱིན་བདག་གསང་རིའི་ཁྲོད་དུ་གནས་པའི་མི་རིགས་འདི་དག་གི་འབྱུང་ཁུངས་དངོས་གང་ཡིན་གསལ་ཤེས་ཐུབ་པ་བྱ་དགོས། གང་ཡིན་ཞེ་ན། འབྲོག་ཁྱི་ནི་གངས་རིའི་ཁྲོད་དུ་གནས་པའི་མི་རིགས་འདི་དག་གི་མེས་པོས་གདོད་མའི་རི་ཁྱི་འདུལ་གསོ་བྱས་ཏེ་བྱུང་བ་ཞིག་དང་། ལོ་ངོ་སྟོང་ཕྲག་དུ་མའི་ནང་མི་རིགས་འདི་དག་གིས་མེས་པོའི་རྗེས་སུ་འབྲངས་ཏེ་གྲོགས་པོ་བློས་ཐུབ་གཅིག་ལས་ལྷག་པར་སྐྱིད་སྡུག་མཉམ་མྱོང་གིས་རང་བྱུང་ཁམས་ཆེན་པོའི་གནོད་འཚེ་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་དུས་ད་ལྟའི་བར་མཉམ་གསོན་བྱུང་བའི་སྲོག་ཆགས་ཤིག་ཡིན།

འོ་ན། གང་རིའི་ཁྲོད་དུ་གནས་པའི་བོད་པ་དང་མོན་པ། ལྷོ་པ། ཆའང་། འཇང་ལ་སོགས་པའི་མི་མི་རིགས་འདི་དག་གི་འབྱུང་ཁུངས་དངོས་ཡང་སྙིང་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཡུལ་དུས་སོ་སོའི་མཁས་པའི་དགོངས་པ་ཁྱད་པར་ཤིན་ཏུ་ཆེ་སྟེ་རྒྱ་གར་པའི་ཤེས་རབ་གོ་ཆས་བརྩམས་པའི་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་འགྲེལ་ལས། གངས་རིའི་ཁྲོད་མི་རྣམས་ནི་ལྷོ་ཕྱོགས་རྒྱ་གར་ནས་མཆེད་པར་གསུངས་པ་དང་། རྒྱ་ནག་གི་གནའ་བོའི་ཡིག་ཚང་དུ་གངས་རིའི་ཁྲོད་ཀྱི་མི་རིགས་འདི་རྣམས་ནི་གདོད་མའི་དུས་སུ་རྨ་ཆུའི་ཁུགས་སོ་ལྟེ་བ་ཡིན་པའི་ས་ཡི་ཁྱོ་དུ་ཁྱབ་པའི་ཆའང་རིགས་ཀྱི་བྱེ་བྲག་སོ་སོ་ལས་གྲུབ་པར་བརྗོད།

ད་ལྟའི་དུས་འདིར་རྔ་བ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ། ཁྱབ་ཅིང་གནས་པའི་རུ་དམག་ལ་བོད་ཀྱི་གན་ནས་རྟ་དམག་གམ་རུ་དམག་ཏུ་འབོད་པ་རྒྱལ་ཁབ་ཀྱིས་གནའ་བོའི་དུས་སུ་མ་ཧ་ཙི་ནའི་ཡུལ་གྱི་ནུབ་ཕྱོགས་སུ་ར་ལུག་འཚོ་བའི་མི་རིགས་སམ་རུས་ཚོ་སྤྱི་སྟེ་ཆའང་羌﹚ཞེས་པ་དེའི་རྒྱུད་པ་ཉག་གཅིག་ཏུ་འཛིན་ཞིང་མིང་ལའང་ཆའང་རིགས་ཞེས་མི་རིགས་ཡན་ག་བ་ཞིག་ཏུ་བཀས་བཅད་བྱས་ཡོད།

དེང་དུས་བོད་ཀྱི་འབྲོག་ཁྱི་གསོ་སྤེལ་དང་ཞིབ་འཇུག་ལ་དགའ་བའི་ནང་སའི་རིག་པ་བ་འགས་ལུང་རིགས་དེའི་རྗེས་སུ་འབྲང་ཏེ་བོད་ཀྱི་འབྲོག་ཁྱིའི་འབྱུང་ཁུངས་དངོས་ནི་ཆའང་རིགས་ཀྱི་ཁྱི་ཡིན་ཞེས་པ་དང་། དབྱང་ཧྲའོ་རིགས་གནས་仰韶文化ཀྱི་དུས་སྐས་སུ་བྱུང་བའི་ཁྱིའི་རུས་པ་རྙེད་པ་དེས་ཁྱི་ནི་ཆའང་མི་རིགས་ཀྱི་འཚོ་བའི་ནང་གནས་བབས་མཐོ་པོ་ཡོད་པ་གསལ་བཤད་བྱེད་ཐུབ་ཅེས་གསུངས་པ་མ་ཟད་བོད་མི་རིགས་འདིའང་མཚོ་བོད་ས་མཐོ་ནས་ས་སྐྱེས་རྡོ་སྐྱེས་སུ་བྱུང་བ་ཞིག་མ་ཡིན་པར། ཐོག་མར་ཆའང་རིགས་ལས་བྱུང་བ་དང་ཆའང་རིགས་ནི་ཕྱིགས་རིགས་སྤོ་འཚོའི་མི་རིགས་ཤིག་ཡིན་ཞིང་། མི་རིགས་འདི་ཐོག་མར་རྨ་ཆུའི་སྟོད་རྒྱུད་ཀྱི་ཀན་སུའུ་དང་། སི་ཁྲོན། མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་རྩྭ་ཐང་སྟེང་དུ་འཚོ་ཞིང་ལོ་ཟླ་མང་པོའི་ནང་རང་བྱུང་ཁམས་ཀྱི་ནམ་ཟླའི་འཕོ་འགྱུར་དབང་གིས་རིམ་བཞིན་རྩྭ་ཆུ་བཟང་སར་སྤོ་འཚོ་བྱས་པས། ཆའང་རིགས་ཀྱི་ཁྱི་ཡང་མི་རིགས་འདིའི་རྗེས་འདེད་ཀྱིས་སེམས་ཅན་ཤི་རོ་དང་སྲོག་ཆགས་ཆུང་རིགས་བཟང་ཏེ། མཐར་ཆའང་མི་རིགས་དང་མཉམ་དུ་མཚོ་བོད་ས་མཐོར་སླེབས། ཆའང་རིགས་ཀྱི་མེས་པོ་ཐོག་མར་གདོད་མའི་རི་ཁྱིའི་ཁྱི་ཕྲུག་འདུས་གསོ་བྱས་པས། ཕྱིས་སུ་འབྲོག་པའི་འཚོ་བར་མེད་དུ་མི་རུང་བའི་ལྷག་བསམ་རྣམ་དག་གི་རོགས་ཟླར་གྱུར་པ་རེད་ཅེས་གསུངས།

གོང་གི་ལྟ་བ་དེར་རྒྱུ་མཚན་མེད་པ་མ་ཡིན་ཏེ། ཆའང་རིགས་ཀྱི་འཚོ་བའི་ནང་གནའ་བོའི་དུས་སུ་ཁྱི་ཡིས་གནས་བབས་མཐོ་པོ་ཟིན་པ་མ་ཟད། ད་ལྟའི་དུས་སུའང་ཆའང་རིགས་ཀྱི་རྡོའི་ཁྱི་དང་ལུག་ལ་གསོལ་མཆོད་བྱེད་པ་དང་ཆའང་རིགས་ཀྱི་ལྷ་པས་སྤྲེལ་མགོ་ཅན་གྱི་ཁྱིའུ་ཞིག་ལ་མཆོད་བཀུར་བྱེད་བཞིན་ཡོད།

འོ་ན། བོད་མི་རིགས་འདི་ཆའང་རིགས་ལས་བྱུང་བ་ཞིག་དང་། བོད་ཀྱི་འབྲོག་ཁྱི་ནི་ཆའང་རིགས་ཀྱི་ཁྱི་ལས་བྱུང་བ་ཞིག་ཡིན་ནམ་ཞེ་ན། བོད་ཀྱི་དུས་རབས་བདུན་པའི་གཏེར་ཡིག་ཏུ་གྲགས་པའི་བཀའ་ཆེམས་ཀ་ཁོལ་མ་དང་དེ་བཞིན་མ་ནི་བཀའ་འབུམ་དུས་རབས་བཅུ་གཉིས་པར་ཉང་ཉི་མ་འོད་ཟེར་གྱིས་བརྩམས་པའི་ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད་སོགས་བོད་ཀྱི་རྒྱལ་རབས་ཆོས་འབྱུང་སྔ་བ་དག་ལས་གངས་རིའི་ཁྲོད་ཀྱི་མི་རིགས་དེ་དག་ནི་ལྷོ་ཁས་གཙོ་བོར་བྱས་པའི་ཡར་ཀླུང་གཙང་པོའི་འབབ་རྒྱུད་ས་ཁུལ་ནས་བྱུང་བར་གསུངས།

དེ་ནི་དམངས་ཁྲོད་ངག་རྒྱུན་དུ་བོད་ཀྱི་མི་ནི་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་འདུས་ནས་བྱུང་ཟེར་བའི་ལྟ་བ་དེ་རྒྱུན་འཁྱོངས་བྱས་ཡོད།

ངག་རྒྱུན་དེ་ནང་བསྟན་བོད་དུ་དར་རྗེས་སངས་རྒྱས་ཆོས་ལུགས་པས་ཁ་གསབ་ཀྱི་ཆ་མཆིས་ཀྱང་སྤྲེལ་དང་བྲག་སྲིན་འདུས་ནས་བྱུང་ཟེར་བའི་གནའ་བོའི་བོད་ཀྱི་བཤད་རྒྱུན་དེ་དབྱིན་ཇིའི་སྐྱེ་དངོས་རིག་པ་མཁ་ཅན་ཏར་ཝུན་གྱི་སྐྱེ་དངོས་རིག་པའི་འབྱུང་ཁུངས་ལས་མིའི་རིགས་ནི་གདོད་མའི་སྤྲ་ལས་འཕེལ་འགྱུར་བྱུང་ཞེས་པའི་མར་ཁེ་སིའི་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་དང་ཡོངས་སུ་མཚུངས་ལ། དེ་ནི་སྟེས་དབང་ཞིག་མ་ཡིན་པར། དེང་གི་དུས་སུ་བོད་ལྗོངས་རིག་རྫས་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་གདོད་མའི་མིས་བཟོས་པའི་སྤྲེལ་གྱི་རྡོ་བརྙན་དང་ལྷ་སའི་ཆུ་ཀོང་ས་ཆ་ནས་ལོ་ངོ་བཞི་སྟོང་ལྔ་བརྒྱའི་སྔོན་གྱི་གནའ་ཤུལ་རྙེད་པ་ལས་ཐོན་པའི་སྤྲེལ་གྱི་འཇིམ་བརྙན། བོད་ལྗོངས་ནུབ་ཕྱོགས་ཀྱི་རྫ་པ་ལུང་ནས་སྲུང་འཁོར་དུ་འདོགས་པའི་སྤྲེལ་གྱི་ཟངས་བརྙན་རྙེད་པ་དེ་དག་གིས་བོད་དམངས་ཁྲོད་ངག་རྒྱུན་དུ་འགྲོ་བ་མིའི་རིགས་སྤྲེལ་ནས་མཆེད་པའི་གཏམ་རྒྱུད་དེ་སྟེས་དབང་ཞིག་མ་ཡིན་པའི་བདེན་དཔང་བླ་ན་མེད་པ་ཞིག་བྱས་ཡོད་པ་མ་ཟད། གདོད་མའི་མི་རྣམས་རང་གི་མེས་པོར་དགའ་ཞེད་དང་དད་གུས་བྱེད་པའི་བསམ་པའང་མཚོན་ཡོད།

དུས་རབས་ཉི་ཤུ་པའི་ནང་མདོ་དབུས་མཐོ་སྒང་ནས་རྡོ་ཆས་གསར་པའི་དུས་སམ་རྡོ་ཟངས་མཉམ་སྤྱོད་དུས་ཀྱི་མིའི་མགོ་རུས་རྙེད་པ་དང་། མདོ་དབུས་མཐོ་སྒང་གི་ཉེ་འདབས་ས་ཁུལ་ནས་མིའི་རིགས་ཀྱི་འགྱུར་རྡོ་ཧ་ཅང་མང་པོ་རྙེད་ཡོད་པ་དེས་གངས་རིའི་ཁྲོད་ཀྱི་མི་རྣམས་ནི་རྒྱ་གར་རམ་ཡང་ན་ཆའང་རིགས་སོགས་ས་ཆ་གཞན་ནས་ཡོང་བ་ཞིག་མིན་པར་གངས་ལྗོངས་ས་མཐོ་འདི་ཉིད་དུ་ས་སྐྱེས་རྡོ་སྐྱེས་ལས་བྱུང་བ་མངོན་སུམ་དུ་ར་སྤྲོད་བྱས་ཡོད་པ་མ་ཟད་མདོ་དབུས་མཐོ་སྒང་འདི་འཛམ་བུ་གླིང་གི་འགྲོ་བ་མིའི་རིགས་འབྱུང་ཁུངས་ཀྱི་ལྟེ་གནས་ཆེ་གྲས་ཤིག་ཡིན་པ་ར་སྤྲོད་བྱེད་ཐུབ།

གཞན་ཡང་། བོད་ཀྱི་གནའ་བོའི་ཡིག་ཚང་ཆོས་འབྱུང་མཁས་པའི་དགའ་སྟོན་བྱ་བར།

མངའ་རིས་སྐོར་གསུམ་ཤྭ་རྐྱང་རི་དྭགས་གླིང་།

བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང་།

སྨད་ཀྱི་སྒང་དྲུག་འདབ་ཆགས་བྱ་ཡི་གླིང་ཞེས་འཁོད་ཡོད་པ་དེ་ལས་བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང་ཞེས་བར་དབུས་གཙང་རུ་བཞིའི་གླིང་འདི་ནི་སྟག་གཟིག་དོམ་དྲེད་ལ་སོགས་པའི་གཅན་གཟན་གྱི་རིགས་སུ་གཏོགས་པའི་བོད་ཀྱི་གནའ་བོའི་འབྲོག་ཁྱི་འཚོ་སྡོད་བྱེད་སའི་ལྟེ་གནས་ཀྱང་། མདོ་དབུས་མཐོ་སྒང་ལས་དབུས་གཙང་རུ་བཞི་ཡིན་པ་གསལ་པོར་བསྟན་ཡོད།

ད་ལྟའི་དུས་འདིར་ཡང་ལེགས་བཤད་དུ།

དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།

བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར་བོད་ཀྱི་འབྲོག་ཁྱི་གསོ་སྤེལ་བྱེད་མཁན་གྱི་རྒྱ་བོད་བློ་མཐུན་སུ་འདྲ་ཞིག་ཡིན་རུང་རྒྱུད་གཙང་འབྲོག་ཁྱི་འཚོལ་བར་དུས་བཞི་དབྱེར་མེད་ཆུ་བོའི་རྒྱུན་བཞིན་དབུས་གཙང་རུ་བཞི་ལས། དབུས་ཀྱི་རུ་གཉིས་ཀྱི་ཡ་གྱལ་གཡོ་རུའི་ས་ཁོངས་ཏེ། ལྷོ་ཁ་ས་ལྷུན་རྩེ་རྫོང་དང་རྫོང་དེའི་ནུབ་ཀྱི་ས་འབྲེལ་མཚོ་སྨད་རྫོང་ཁུལ་དུ་འགྲོ་བ་མ་ཡིན་ནམ།

ད་ལྟའི་བོད་ལྗོངས་སུ་ཅུང་ཟད་རྒྱུད་གཙང་ཡིན་པའི་འབྲོག་ཁྱི་ཆེ་རིགས་མཐོང་རྒྱུ་ཡོད་པའང་རྫོང་དེ་གཉིས་གཙོ་བོ་ཡིན།

ལོ་རྒྱུས་དེབ་ཐེར་དུ་འཁོད་པ་དང་ད་ལྟའི་དོན་དངོས་གཉིས་གཞི་མཐུན་བྱུང་བ་དེས་བོད་ཀྱི་འབྲོག་ཁྱིའི་འབྱུང་ཁུངས་ཀྱང་གངས་རིའི་ཁྲོད་ཀྱི་མི་རིགས་འདི་དང་འདྲ་བར་མདོ་དབུས་མཐོ་སྒང་ཁོ་ན་ཡིན་པ་ལས། ཆའང་རིགས་ཀྱི་ཁྱི་ལས་བྱུང་བ་ཞིག་གཏན་ནས་མིན།

འོ་ན་བོད་མི་རིགས་དང་ཆའང་རིགས་བར་བོད་ཀྱི་འབྲོག་ཁྱི་དང་ཆའང་རིགས་ཀྱི་ཁྱིའི་བར་ཡང་སྙིང་འབྲེལ་བ་ཇི་ལྟ་བུ་ཞིག་ཡོད་དམ། ཞེ་ན།

མཁས་མཆོག་དམུ་དགེ་བསམ་གཏན་གྱི་ཞལ་ནས་མའོ་ཝུན་གྱི་རྟ་དམག་ལ་བཅིངས་འགྲོལ་སྔོན་དུ་རྟ་དམག་ཟེར་ཞིང་ཁྲོ་ཆུང་དང་ཆུ་ནག་གི་མི་དང་འདྲ་བར་བོད་རིགས་སུ་བརྩི་བ་ལས། ཆའང་﹙羌﹚རིགས་ཞེས་པའི་མི་རིགས་གཞན་པ་ཡིན་པའི་སྒྲ་ཙམ་ཐོས་རྒྱུ་མེད། ཆུ་ནག་སོགས་དང་སྐད་དང་གོམས་འདྲིས་ཡང་འདྲ་གཤིས། ལ་བོངས་ས་ཆའི་རྟ་དམག་ཟེར་བ་བོད་དུ་བརྩི་ཞེས་གསུངས་ཡོད་ལ།

ཆའང་རིགས་ཀྱི་ལོ་རྒྱུས་ལས་ཀྱང་ཆའང་རིགས་སྤྱིའི་ངག་རྒྱུན་སྣ་ཚོགས་ལས་ཁོ་ཚོའི་མེས་པོ་ནི་ནུབ་བྱང་ས་ཁུལ་དང་ཡང་ན་འབྲི་གཡག་མང་བའི་ས་ཆ་ཞིག་ནས་རིམ་བཞིན་ལྷོ་ཕྱོགས་སུ་གནས་སྤོར་ཏེ་ཟུང་ཆུའི་འབབ་རྒྱུད་ལ་འོངས་པ་ཡིན་ཟེར།

གདོད་མའི་དུས་སུ་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་ས་ཆར་འབྲི་གཡག་ཧ་ཅང་མང་བས་ཆའང་རིགས་ཀྱི་ཐོག་མའི་གནས་གཞི་ཡང་ས་ཆ་དེ་ཡིན་པ་ར་སྤྲོད་བྱེད་ཐུབ་ལ། ཆའང་རིགས་ཀྱིས་སྤྲེལ་མགོ་ཅན་གྱི་ཁྱིའུ་ཞིག་ལ་མཆོད་བཀུར་བྱེད་པ་དེ་ནི་ཁོང་ཚོའི་མེས་པོའང་བོད་པ་ཇི་བཞིན་སྤྲེལ་དང་བྲག་སྲིན་ལས་མཆེད་པའི་རིགས་རྒྱུད་ཡིན་པ་དང་ཁོ་ཚོ་ཐོག་མར་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་ས་ཆར་ཡོད་ཀྱང་། ཕྱིས་སུ་མི་གྲངས་དང་ཕྱུགས་ཟོག་མང་དུ་འཕེལ་བ་དང་བསྟུན་ནས་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ལ་འགྱུར་ལྡོག་བྱུང་བ་དང་། རུས་ཚོ་ཕན་ཚུན་འཛིང་མོ་བྱེད་པ་སོགས་ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རིམ་བཞིན་ས་འབབ་མཐོ་ས་ནུབ་བྱང་ནས་ས་འབབ་དམའ་ཞིང་རྩྭ་ཆུ་བཟང་བ། འཚོ་བའི་མཐུན་རྐྱེན་འཛོམས་པའི་ཤར་ལྷོའི་ཕྱོགས་སུ་གནས་སྤོར་བྱས་པ་ཞིག་ཡིན།

ས་འབབ་མཐོ་ས་ནས་དམའ་སར་གནས་སྤོར་བྱེད་པ་དེ་ནི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པ་ཞིག་ཡིན་ལ། གདོད་མའི་འབྲོག་ཁྱི་ཡང་མི་རིགས་དེ་དང་མཉམ་དུ་མདོ་དབུས་མཐོ་སྒང་ནས་ཤར་ལྷོའི་མཚམས་སུ་སླེབས་པས་བོད་ཀྱི་འབྲོག་ཁྱི་དང་ད་ལྟའི་ཆའང་རིགས་ཀྱི་ཁྱིའི་བར་ཁྲག་རྒྱུན་འབྲེལ་བ་ཡོད་པ་ནི་སྨོས་ཅི་དགོས།

གངས་རིའི་ཁྲོད་དུ་འཚོ་གནས་བྱེད་པའི་བོད་པ་དང་མོན་པ། ལྷོ་པ། ཆའང་རིགས་ལ་སོགས་མི་རིགས་འདི་དག་ཐོག་མར་མདོ་དབུས་མཐོ་སྒང་ངམ་དེ་དང་ཉེ་འདབས་ཀྱི་ས་ཁུལ་དུ་གནའ་བོའི་སྤྲ་མི་ནས་མཆེད་པའམ་ཡང་ན་དམངས་ཁྲོད་ངག་རྒྱུན་ལྟར་སྤྲ་དང་བྲག་སྲིན་ལས་མཆེད་པའི་མ་གཅིག་གི་བུ་སྤུན་ཡིན་ཞིང་། ཕྱིས་སུ་རང་བྱུང་ཁམས་དང་། ལོ་རྒྱུས་འཕེལ་འགྱུར་སྣ་ཚོགས་དབང་གིས་ཡར་ཀླུང་གཙང་པོ་དང་། རྨ་ཆུ། འབྲི་ཆུ། རྒྱལ་མོ་རྔུལ་ཆུ་སོགས་ཆུ་བོའི་འབབ་བརྒྱུད་ཕྱོགས་སུ་གྱེས་པས་ལོ་ཟླ་མང་པོའི་ནང་འགྲིམ་འགྲུལ་སྟབས་བདེ་མེད་པས་ཕན་ཚུན་འགྲོ་འོང་བྱེད་དཀའ་བ། ཁོར་ཡུག་དང་འཚོ་རྟེན་མི་འདྲ་བའི་དབང་གིས་སོ་སོའི་ཆ་ལུགས་དང་སྐད་ཆ་སོགས་ལ་ཁྱད་པར་ཆེ་ཙམ་བྱུང་ཡོད།

འོན་ཀྱང་བྱད་གཟུགས་དང་། ཁྲག་རྒྱུད། སེམས་ཁམས་ཀྱི་འདུ་ཤེས་སོགས་མཚུངས་ཆོས་མང་པོ་ལྡན་པ་མ་ཟད། ལྷག་དོན་དུ་མི་རིགས་དེ་དག་གི་ཁྲོད་དུ་ད་ལྟའང་བོད་ཀྱི་གདོད་མའི་ཆོས་ལུགས་དང་སྟོན་པ་ཤེས་རབ་ཀྱི་ཆོས་ལ་དད་པ་བྱེད་བཞིན་ཡོད་པ་ནི་མ་གཅིག་གི་བུ་ཕྲུག་ཡིན་པ་སྨོས་ཅི་དགོས།

གངས་རིའི་ཁྲོད་ཀྱི་མི་རིགས་འདི་དག་གི་ཐོག་མའི་འབྱུང་ཁུངས་བར་གྱི་འབྲེལ་བ་སོགས་རྒྱས་པར་མཁྱེན་འདོད་ཀྱི་བློ་རིག་ཅན་རྣམས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་མཁ་དབང་ཆབ་འགག་རྟ་མགྲིན་ལགས་ཀྱིས་མཛད་པའི་གངས་ལྗོང་མི་རིགས་ཁག་གི་འབྲེལ་བ་བརྗོད་པ་གཟུར་གནས་ཡིན་ཀྱི་དགའ་སྟོན་ཞེས་པའི་རིན་བྲལ་གྱི་དཔེ་ཆ་དེར་གཟིགས་པར་ཞུའོ།

མདོར་ན། བོད་རིགས་ནི་ཆའང་རིགས་ལས་བྱུང་བ་ཞིག་མ་ཡིན་པར་ཆའང་རིགས་དེ་བོད་མི་རིགས་ཀྱི་ཁོངས་སུ་གཏོགས་པ་མ་ཟད། ཆའང་རིགས་ཀྱི་ཁྱིའང་མི་རིགས་དེ་དང་མཉམ་དུ་མདོ་དབུས་མཐོ་སྒང་ནས་ཕར་རྒྱ་བསྐྱེད་པ་ཞིག་ཡིན།

                                                                                                     འབྲུག་མོས་ཞུ་དག་བྱས།

 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060