གནས་ཡུལ། མདུན་ངོས། ༄༅།།བརྩམས་སྒྲུང་།
 
 
༄༅།།ཆུང་ཆུང་གི་ཉིན་ཐོ།(༢)
སྤེལ་དུས།2010-04-30   ཡོང་ཁུངས་།   རྩོམ་པ་པོ། སྒང་སྐྱེས་རྡོ་རྗེ་ཚེ་བརྟན།

གཉིས།

གསེར་མཚོ་དང་རང་གི་གྲོགས་པོ་ལྷུན་རྡོསལྷུན་གྲུབ་རྡོ་རྗེ་ཡིན་གཉིས་མཉམ་གཅིག་ཏུ་ཁུལ་ཐོག་གི་ལས་ཁུངས་ཤིག་ཏུ་ལས་བགོད་བྱས་སྐད། ཆུང་ཆུང་གིས་ཐེངས་དུ་མར་ཁ་པར་བཏང་སྟེ་དུས་ཆད་བཏབ་ཀྱང་། མོས་བྱ་བ་ལ་ཁ་གཡར་ནས་དང་ལེན་མ་བྱས། ཁོའི་སེམས་པ་ནི་རི་བོ་ཞིག་གིས་མནན་པ་ལྟར་བསམ་གཞིགས་ཕྲན་བུ་རེ་བཏང་ནའང་ན་ཟུག་བཟོད་གླགས་མེད་པ་རེ་འབྱུང་གིན་ཡོད། སེམས་གཅོང་འདི་ལས་ཐར་ཐབས་སུ་ཆང་རག་ཀྱང་ཇེ་འཐུང་ནས་ཇེ་འཐུང་དུ་སོང་ལ། ཆང་འཐུང་ཞོར་དུ་སློབ་གྲོགས་ཚོར་ཁ་པར་གཏོང་བ་ཡང་ཁོའི་གོམས་ཕྱོགས་ཤིག་ཏུ་འགྱུར་བཞིན་ཡོད།

ཝེ། ལྷུན་རྡོ་ཡིན་ན། ཅི་ཞིག་ལ་ཁོམ་གྱིན་མེད།

ཆུང་མ་ཞིག་གི་ཕྱོགས་ལ་འདང་རྒྱག་གིན་ཡོད་ཡ། ཁྱོད་ཀྱིས་གཉེན་ཆང་ནམ་ཞིག་ལ་ལྡུད་རྩིས་ཡོད། ཅེས་དགོད་ཞོར་དུ་དྲིས། སྐད་ཆ་འདིའི་རིགས་ནི་ཆུང་ཆུང་ལ་མཚོན་ན་རྨ་ཐོག་ལ་ཚྭ་བཏབ་པ་ལྟ་བུ་ཡིན་ཡང་ལྷུན་རྡོས་མ་ཤེས་ཁུལ་གྱིས་དེ་ལྟར་དྲིས།

ད་སྐབས་མོ་ཅི་ཞིག་ཁོམ་གྱིན་མེད་པ་རེད། ཆུང་ཆུང་གིས་ཅི་ཡིན་མེད་པར་དེ་ལྟར་ཕྱིར་ལན་ནམ་ཡང་ན་དྲི་བ་ཞིག་དྲིས་སོང་།

གསེར་མཚོ་ཡེ།

འོ་ལེ།

བུད་མེད་ཚོར་ཧམ་སེམས་ཆེ་བ་ཁྱོས་ཤེས་ནི་རེད། ཁུལ་དཔོན་དང་འགྲོགས་ནས་ཟ་མ་བཟའ་བཞིན་ཡོད་པ་ངས་ཐེངས་འགར་མཐོང་།

ཨེ་རེད། རྗེས་སོར་གོ་སྐབས་ཡོད་ཚེ་མཉམ་དུ་ཆང་རག་འཐུང་ཡ། ཆུང་ཆུང་གིས་དེ་ལྟར་ཚིག་རྔ་བཅད་དེ་བདེ་མོ་བཞག ཁ་པར་བཞག་རྗེས་དབང་མེད་དབུགས་རིང་ཞིག་ཤོར་སོང་ལ། དེ་མཐུད་ནས་དུ་རྐང་ཞིག་ལ་མེ་སྒྲོན་ཏེ་སེམས་ངོ་ན་ཡོད་པའི་གསེར་མཚོའི་ངོས་གཉིས་ཅན་གྱི་བཞིན་རས་སྲེག་ཅི་ཐུབ་བྱས།

༢༠༠༨.༩.༢༢ཉིན་གྱི་ཕྱི་དྲོར། ཆུང་ཆུང་ལ་ཁ་པར་ཞིག་ཐོན་བྱུང་། སྤྱིར་ན་འདི་གར་ལས་བགོས་བྱས་པ་ནས་ཁ་པར་ཡོང་མཁན་ཆེན་པོ་མེད་པས། ཁོས་རྟབ་རྟབ་པོར་སྣེ་ལེན་བྱས།

ཝེ། ཆུང་ཆུང་ཡིན་ན། ཕ་རོལ་བས་དེ་ལྟར་ལབ་བྱུང་།

ཡིན། ཁྱོད་ལྷུན་རྡོ་ཡིན་ནམ།

ཡིན་ཡ། ཉེ་ལམ་བདེ་མོ་ཡིན་ན།

བདེ་མོ་མིན་རྒྱུ་མེད། ཅི་རེད། དོན་དག་འདྲ་ཡོད་དམ།

གལ་ཏེ་སང་ཉིན་ཁོམ་པ་ཡོད་ན་ཁུལ་ཐོག་ཏུ་ཤོག་དང་ཆང་འཐུང་ཡ།

ཆོག་གི། སང་ཉིན་ཐུག གནས་སྐབས་འདི་དག་ཏུ་ཆང་རག་འཐུང་འདོད་ཀྱི་འདུན་པ་ཤིན་ཏུ་ཆེ་བས་དེ་ལྟར་ཐག་བཅད། ཡང་གཅིག་བཤད་ན་སང་ཉིན་ནི་བཟའ་སྤེན་པ་ཡིན་པས། ཁོས་སྤྲོ་སེམས་འཁོལ་བའི་ངང་སློབ་མ་རྣམས་ཀྱི་ལས་བྱ་ལ་བལྟས་རྗེས། བྲིས་འཕྲོར་ལུས་པའི་འགྱུར་རྡོའི་རྣམ་ཤེས་ཞེས་པའི་སྙན་ངག་གི་མཇུག་བསྐྱངས།

ཕྱི་ཉིན་ནམ་ལངས་པ་དང་མཉམ་དུ་ཆུང་ཆུང་ཡང་གཉིད་ལས་སད། དེ་རིང་ཁུལ་ཐོག་ཏུ་སོང་ཚེ་གསེར་མཚོར་ཡང་མི་ཐུག་པའི་ངེས་པ་མེད་སྙམ་ནས། ནུབ་ལྭ་དཀར་བོ་དེ་གྱོན་ཞིང་། མགུལ་ཆིངས་དམར་བོ་ཞིག་ཡོད་པ་དེ་བརྒྱབ་པ་ན་མདུན་ཐད་ཀྱི་མེ་ལོང་ཆེན་པོ་དེའི་ནང་ནས་ལས་བྱེད་པ་ཞིག་གི་ཉམས་སྣང་གསོན་པོ་ཞིག་འཆར་ཡོང་། ཁོ་རང་སྡོད་སའི་སློབ་གྲྭ་དེ་ནས་ཁུལ་ཐོག་བར་མ་མཐའ་ཡང་སྤྱི་ལེ་འགའ་ཡོད་པས། ལས་གྲོགས་ཀྱི་འཕྲུལ་རྟའི་ཕོངས་ལ་བྱོན་ནས་ཕྱིན་པ་ན་རིང་བོ་མ་ལོན་པར་ཐོན་སོང་།

ཨ་མ། བདེ་མོ་ཡིན་ན། ཅི་རེད་གདོང་ཡང་ནག་ངོར་གྱུར་འདུག ཅེས་འཚམས་འདྲི་བྱེད་ཞོར་ལག་འཇུ་བྱས།

བདེ་མོ་ཡིན། ཅི་འདྲ་རེད། རྒྱ་མོ་འདི་སུ་རེད།

འོ། འདི་ངས་ཉེ་ལམ་བསྒྲིགས་པའི་མཛའ་མོ་རེད།

ཨེ་རེད། རྐྱལ་སྟོང་ཁྱོད་བུད་མེད་ཚོར་རྩེད་ན་བྱང་མ་རེད་ལ།

ཧ་ཧ། ང་ཚོར་འགྲོ་ཟ་མ་ཞིག་བཟའ། དེ་ནས་ཆང་རག་སྐྱིད་པོ་ཞིག་འཐུང་ཡ།

ཆོག་གི། འགྲོ། དེ་ལྟར་ཐག་བཅད་དེ་ཟ་མ་རྒྱགས་ཅིག་ཟོས་རྗེས། ནང་མ་ཁང་དུ་སོང་ནས་ཆང་རག་འཐུང་། དུས་ཚོད་ཀྱིས་ཉོན་མོར་ཕར་ལ་བསྐྱལ་ཏེ་མཚན་མོ་ཟེར་བ་ཐོན་དུ་བཅུག་ཅིང་། མུན་ནག་གི་གསེབ་ནས་ཀྱང་སྐར་མ་ཁྲ་ཆིལ་འགའ་མི་ཡུལ་དུ་ལྟད་མོར་ཡོང་བ་མཐོང་ཐུབ། མི་ལུས་རིན་ཆེན་ཐེངས་གཅིག་བླངས་ནས་ཁྱོད་ལྟར་བུད་མེད་གཅིག་ལ་ཞེན་ཆགས་ནས་ལང་ཚོ་ཆུད་ཟོས་སུ་གཏོང་བའི་ལྟ་བ་འདི་ལ་ང་གཏན་ནས་མི་འཐད་ཀི

དེ་ང་ཆུང་ཆུང་རེད། ཁྱོད་དང་གཏན་ནས་འདྲ་ནི་མ་རེད།

ཡང་མིན་ན་ངས་ཁྱོད་ལའང་དོ་དགོང་རྩེད་རོགས་ཤིག་འབོད་དགོས་ནི་མིན་ན། ཧེ་ཧེ། ཆེ་ཡིན། ཆེ་ཡིན། ང་ལ་མི་དགོས།

ཁྱོད་འདི་བུད་མེད་ཅིག་ལ་འདྲ་ནོ། ཨ་ཨ། ཤ་མི་ཟ་བའི་སྤྱང་ཀི་ཡོད་ནི་མ་རེད།

ཧ་ཧ་ཧ། ཧ་ཧ་ཧ། ཧ་ཧ་ཧ།

ཆང་རག་སྡམ་ཐག་གཅིག་འཐུང་། གཉིས་འཐུང་། གསུམ་འཐུང། ཁྱོད་བཟི། ང་བཟི། ཚང་མ་བཟི།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060