གནས་ཡུལ། མདུན་ངོས། ༄༅།།བརྩམས་སྒྲུང་།
 
 
༄༅།།ཆུང་ཆུང་གི་ཉིན་ཐོ།(༡)
སྤེལ་དུས།2010-04-30   ཡོང་ཁུངས་།   རྩོམ་པ་པོ། སྒང་སྐྱེས་རྡོ་རྗེ་ཚེ་བརྟན།

༢༠༠༨.༩.༢༣ཉིན་གྱི་མཚན་མོ། ནང་མ་སྤྲོ་སྐྱིད་ཁང་གི་ཆེམ་ཆེམ་འཕྲོ་པའི་གློག་འོད་ཀྱི་ངོགས་ནས་གང་ཞིག་ནས་མཐོང་མྱོང་བ་འདྲ་བའི་བུད་མེད་ཅིག་ཕོ་གཞོན་དར་མ་ཞིག་གི་ཁ་གཏད་དུ་ཙོག་སྟེ་གཉིས་ཀས་ཆང་རག་འཐུང་བཞིན་འདུག ཆུང་ཆུང་གིས་ཅི་ཡིན་འདི་ཡིན་མེད་པར་དེ་གཉིས་ཀའི་ཕྱོགས་སུ་ལྟ་ཞིང་། མཚམས་རེར་ཆང་རག་ཤེལ་དམ་གང་རེ་འཐུང་ཐེངས་གཅིག་གིས་ཞབས་དག་བྱེད། ཁྱོས་དེ་ལྟར་སྨྱོ་འཐུང་བྱས་ནས་ཅི་བྱེད། མ་ཐུངས་མ་ཐུངས། ཆུང་ཆུང་གི་ལོགས་སུ་ཡོད་པའི་ཕོ་གསར་དེས་དེ་ལྟར་བཤད། ཨེ་རེད། ཁྱོས་ཀྱང་ང་རང་དེ་འདྲའི་སར་བཞག་ཡོད་དམ། ཆུང་ཆུང་གི་གདོང་ལ་ཅེར་ནས་ཡོད་པའི་ལྷུན་གྲུབ་རྡོ་རྗེའི་ཉེ་ལོགས་ཀྱི་རྒྱ་མོ་དེས་ཆུང་ཆུང་གི་རྣམ་པར་བལྟས་ནས་སྣ་གཉེར་བྱེད་བཞིན་འདུག ད་ཁྱོད་བཟི་འདུག འུ་གཉིས་ཕྱིར་ལོག ལྷུན་གྲུབ་རྡོ་རྗེས་ཡང་བསྐྱར་དེ་ལྟར་བཤད་དེ་ཆུང་ཆུང་གི་ལག་པར་འཇུས་ནས་ཡར་སྐྱོར་ཅི་ཐུབ་བྱས།

ལྷུན་གྲུབ་རྡོ་རྗེ། ང་ཐོངས་དང་།

ཆུང་ཆུང་ལ་གློ་བུར་དུ་སྤོབས་པ་མཛོ་ལས་ཀྱང་ཆེ་བ་ཞིག་བྱུང་སྟེ་ཤེས་དམ་སྟོང་པ་གཉིས་ལག་པ་ཟུང་དུ་རེ་རེ་ཐོགས་ཏེ་ཕོ་གཞོན་ཞིག་གི་མདུན་དུ་སོང་ཞིང་། ཅི་ཡང་མ་བཤད་པར་ཕོ་གཞོན་དེའི་མགོ་ལ་གཞུས་ནས་སྐག་སེ་བཏང་། ཤེལ་ཆག་རྣམས་རང་སར་འཐོར་ཞིང་ཕོ་གཞོན་དེའི་མགོ་ནས་ཁྲག་དམར་ཤར་ཤར་དུ་བཞུར། ནང་མ་སྤྲོ་སྐྱིད་ཁང་གི་རོལ་མོ་ཡང་གྲག་རྒྱུ་མེད་པར་གྱུར། ཆུང་ཆུང་ཁྱོད་སྨྱོས་སམ། མགོ་བོ་བསྣད་པའི་ཕོ་གཞོན་དེའི་ཁ་གཏད་དུ་ཡོད་པའི་བུད་མེད་དེས་དེ་ལྟར་སྐད་ཅོར་བརྒྱབ་པ་ན། མི་ཚོགས་ནི་གཉིད་ལས་སད་པ་བཞིན་དེའི་ཕྱོགས་སུ་ལྟ་བཞིན་མྱུར་སྟབས་ཀྱིས་བྲོས། ཉེན་རྟོག་རླངས་འཁོར་འགའ་ཡང་ནང་མ་སྤྲོ་སྐྱིད་ཁང་གི་སྒོ་ཁར་འབྱོར་འདུག ཆུང་ཆུང་གིས་ད་གཟོད་རང་གིས་ནག་ཉེས་ཅི་ཞིག་བཟོས་སོང་བ་ཚོར་སོང་ལ། ལག་པ་ལྷོད་དེ་ཐང་ལ་བལྟས་པ་ན་ས་ལ་འགྱེལ་བ་དེ་ནི་ཁུལ་དཔོན་ཡིན་འདུག ལྭ་དཀར་གྱོན་པ་འགས་ཁུལ་དཔོན་གྱི་མགོ་རྔ་ནས་བཀྱགས་ནས་ཁྱེར་སོང་། ཆུང་ཆུང་གིས་མུ་མཐུད་དུ་དོན་དག་གི་འབྱུང་རྐྱེན་ལ་བསམ་བློ་གཏོང་རྩིས་བྱེད་སྐབས་གཉའ་ནས་མི་ཞིག་གིས་མནན་ཏེ་ཁོ་ཡང་རླངས་འཁོར་ནང་དུ་བརྫངས་སོང་།

གཅིག

མལ་ཁྲིའི་འགྲམ་གྱི་དཔེ་སྒྲོམ་སྟེང་དུ་ཡོད་པའི་ཆུ་ཚོད་འཁོར་ལོས་སྐད་བརྒྱབ་མ་ཐག ཁོའི་རྨི་ལམ་དག་པའི་ཞིང་འདྲ་བོ་གཞན་གྱིས་ཁ་བཀག་པའི་བརྙན་འཕྲིན་ཞིག་དང་འདྲ་བར་དུམ་སེ་བར་ཆད་སོང་། སྦྲང་ནག་རིལ་མའི་ཆེ་ཆུང་དང་རན་པ་ཞིག་དྲ་མ་དང་ཡོལ་བ་གཉིས་ཀྱི་སྲུབས་ཀ་ནས་ཅི་ཞིག་གི་སྟབས་མ་ལེགས་པར་ཐུར་དུ་ལྷུང་བ་ལྟར་བང་སྒྲ་དང་བཅས་ཁང་མིག་གི་ནང་ནས་འཕུར་མགོ་བརྩམས། དེར་མཐུད་ནས་སྦྲང་ཕྲུག་གཞན་འགའ་ཡང་ཁོའི་སྣ་འགྲམ་སོགས་ནས་བང་སྒྲ་བྱས་ཏེ་འཕུར་བྱུང་། ཁོང་རང་གི་མགོ་བོ་མལ་ཤུབས་ལས་བུད་དེ་སྒེའུ་ཁུང་དུ་མིག་ཕྱེ་མ་ཟུམ་གྱིས་བལྟས་པ་ན། ཉི་འོད་ཀྱི་རྐྱེན་པས་མིག་ལྷག་ཏུ་ཟུམ་དགོས་བྱུང་།

ཁོ་ནི་བོད་རིགས་སློབ་མ་ཞིག་ཡིན་ལ། མིང་ལ་ཆུང་ཆུང་ཟེར། ཆུང་ཆུང་ཐོག་མར་སློབ་ཆེན་དུ་ཡོང་སྐབས་ཁོའི་བསམ་པར་ཉལ་ཁང་དུ་བསྡད་ན་སྟོང་ལབ་བྱས་ཏེ་དཔེ་ཆ་ལྟ་མི་ཐུབ་པ་མ་ཟད། ཇ་ཁང་དུ་ཟ་མ་ཟོས་ན་སྒོར་མོ་ཡང་མང་པོ་འགྲོ། དེའི་ཁར་ཁོ་ནི་ན་གཞོན་རྩོམ་དགའ་ཞིག་ཀྱང་ཡིན་པས་ཕྱི་ནས་ཁང་བ་གླས་ཏེ་ཟ་མ་རང་གིས་སྐོལ་ཚེ་ཅུང་ཟད་བབ་ཆགས་ཀྱང་བྱས་ཆོག་ལ། རྩོམ་ཡིག་འབྲི་བའི་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ཀྱང་ཡོད་པར་འདོད་དེ་གྲོང་ཁྱེར་མཐའ་ཁུལ་ཞིག་ཏུ་ཁང་བ་ཆུང་ཆུང་ཞིག་གླས་པ་རེད། ཆུང་ཆུང་གིས་གཟའ་མཇུག་གི་ཉིན་གཉིས་ནང་རྩོམ་ཡིག་འབྲི་བཞིན་ཡོད། ཁོའི་སེམས་སུ་མི་རིང་བའི་ལོ་འགའི་རྗེས་སུ་ཁ་བ་ཅན་གྱི་རྩོམ་སྟེགས་སུ་ལྷང་སེ་འབུད་ཐུབ་ན་ཅི་མ་རུང་སྙམ་གྱིན་ཡོད། དོན་གྱིས་ཁོ་རང་དེ་འདྲ་འབྱུང་བ་ལ་གདེང་ཚོད་ཀྱང་ཆེན་པོ་ཡོད།

ཝུ་ཆང་གི་ཕོར་བས་ཕོར་བ་གཏུག་རྒྱུར་དགའ་ན་ཡང་། མིག་རྩ་དམར་པོར་གྱུར་རྗེས་ཁ་ནས་བསམ་བློ་དང་། སྒེར་གཤིས། མི་གཞི་སོགས་གང་དགར་གླེང་མཁན་ལ་ཁོ་རང་གཏན་ནས་མི་དགའ། སློབ་གྲོགས་རྣམས་ཀྱིས་ཁོས་ཐ་སྙད་འདིའི་རིགས་མི་བཀོལ་བ་ནི་སྙིང་སྟོབས་ཆུང་བས་རེད། མིག་རྒྱང་ཐུང་བས་རེད། བློ་ཁོག་དོག་པས་རེད། འདོད་ནས་གཏན་ནས་ཁས་ལེན་མི་སྲིད། དེར་བརྟེན། ཁོ་ནི་རང་ཉིད་ཀྱི་གཤིས་ཀའི་རྐྱེན་པས་སྔོན་ཞིག་ནས་ཁེར་རྐྱང་གི་སྡེ་ཚན་ཞིག་ཏུ་གྲུབ་ཡོད། ཡིན་ན་ཡང་། ཟླ་ཕྱེད་སྔོན་གྱི་ཉིན་ཞིག་ལ་རོལ་དབྱངས་འཛིན་གྲྭའི་བུ་མོ་ཅིག་གིས་སྔོན་ཆད་ཁོས་བྲིས་པའི་ཁུག་རྟའི་ལས་དབང་ཞེས་པའི་སྙན་རྩོམ་དེ་བརྒྱུད་ནས་ཁོ་དང་གྲོགས་པོ་སྒྲིག་འདོད་ཀྱི་བསམ་པ་བསྟན། རྗེས་སུ་མོའི་རེ་བ་ལྟར་གསེར་འོད་ལམ་ལམ་ཞེས་པའི་གཞས་ཚིག་ཅིག་ཀྱང་བྲིས་ཏེ་མོར་བྱིན།

ཉི་ཟེར་ལམ་ལམ་གྱི་ངོགས་ནས།

ངའི་ཞེ་འདང་སྤྲིན་དཀར་ལེབ་མོ།

གཡང་དཀར་ལུག་ཁྱུའི་མཐའ་རུ་བཏང་ཡོད།

ཁུ་བྱུག་ཡུལ་དུ་ཕྱོགས་ཀྱང་།

ས་གཞི་འཁྱག་པས་བསྡམས་ཀྱང་།

ངའི་སེམས་པ།

ནམ་ཡང་ཉི་ཟེར་ལམ་ལམ་དེས་དྲོས་ཡོད།

ཆུང་ཆུང་གིས་གཞས་ཚིག་དེ་ཡིད་ལ་དྲན་ཞིང་ངག་ནས་བཟློ་འདོད་ཀྱི་འདུན་པ་ཞིག་སྐྱེས།

ཆུང་ཆུང་གིས་ད་བར་དུ་བུད་མེད་གཅིག་ལ་ཁ་བརྫད་མ་མྱོང་། ཡིན་ན་ཡང་། ད་ཐེངས་ཁོའི་གློ་རྒྱུ་མའི་གཏིང་ནས་སྔོན་ཆད་ཡོད་མ་མྱོང་བའི་ཚོར་བ་སྐྱེན་པོ་ཞིག་བྱུང་ཞིང་། ཚོར་བ་དེ་བསྡད་ཀྱིན་བསྡད་ཀྱིན་སྐྲན་ནད་ལྟ་བུ་ཞིག་ཏུ་འགྱུར་བཞིན་འདུག་པ་ཚོར་བྱུང་།

འོ། གྲོགས་པོ་ལགས། དེ་ནི་གཞན་མ་ཡིན་ཏེ། གསེར་མཚོ་ཡི་མཛེས་སྡུག་གིས་ཁོ་ལ་དེ་ལྟར་མནར་གཅོད་གཏོང་བཞིན་ཡོད། རྗེས་སུ་རང་དང་ཕ་ཡུལ་གཅིག་པའི་གྲོགས་པོ་ལྷུན་རྡོས་རོགས་རམ་བརྒྱུད་དེ་གསེར་མཚོ་དགའ་རོགས་འགྲིག མཐར་ཆུང་ཆུང་དང་གསེར་མཚོ་གཉིས་ཤིན་ཏུ་མཐུན་པོ་བྱུང་སྟེ་ཉིན་རྒྱུན་ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་། ཟ་མ་བཟའ་དུས་ཀྱང་མཉམ་གཤིབ་ཀྱིས་འགྲོ་ལ། ཟ་ཁང་གྱང་ངོས་ཀྱི་མེ་ལོང་ཆེན་པོ་དེའི་ནང་དུ་ཁོ་གཉིས་ཀྱི་གཟུགས་བརྙན་བགྲང་གིས་མི་ལང་བ་ཞིག་འཆར་ཡོད་ངེས། མེ་ལོང་ཆེན་པོ་དེའི་སྔུན་དུ་འགྲེང་སྟེ། ཕན་ཚུན་གྱི་ལྭ་བའི་སྟེང་གི་ས་རྡུལ་སོགས་ལེན་རེས་བྱེད་དུས། གྲོགས་པོ་ལགས། གནམ་འོག་གི་བརྩེ་དུང་ཟེར་བར་ཁྱེད་ལའང་འགྲེལ་ཚུལ་གཞན་ཞིག་ཡོད་སྲིད། དེ་ལྟར་ཆུང་ཆུང་གི་སེམས་ལ་རང་ཉིད་ནི་གསར་བུ་ཆེས་བསོད་ནམས་དང་ལྡན་པ་ཞིག་རེད་སྙམ་བཞིན་གསེར་མཚོའི་དཀར་ལ་འཇམ་པའི་ངོ་གདོང་དང་། ནག་ཅིང་སྣུམ་པའི་སྐྲ་ལོ། ད་དུང་མང་བོ་མང་བོ་ཞིག་གི་དབང་གིས་ཁོས་རང་གི་ཕྱི་ནང་གཉིས་ཀ་མོ་ལ་སྤྲད་ཡོད། གསེར་མཚོས་ཀྱང་གཟུགས་རིང་ཞིང་སྣའི་གཟེངས་མཐོ་བ། བརྩེ་འདང་འཁྱིལ་བའི་ཆུང་ཆུང་གི་མིག་ཟུང་ལ་ལྟ་ཐེངས་རེར་བཅོས་མ་མིན་པའི་དགའ་སྣང་ཞིག་སེམས་ཀྱི་གཏིང་ན་དྲག་ཏུ་འཕྱུར་བཞིན་ཡོད། ཡིན་ན་ཡང་། དུས་ཚོད་ནི་རི་གཟར་རྦབ་ཆུའི་བཞུར་རྒྱུན་བཞིན་འགོག་ཐབས་མེད་པ་བཞིན། ཁོ་གཉིས་ཀྱི་སློབ་ཆེན་འཚོ་བ་ལ་ཡོངས་སུ་བཞི་ཤད་འཇོག་རན་སོང་། མཐར་ཕྱིན་རྗེས་ཆུང་ཆུང་ལ་བརྟེན་ས་ཁེན་ས་མེད་པར་བརྟེན་ཕྱིར་ཕ་ཡུལ་ལ་ལོག ཕ་ཡུལ་ནས་ཐེངས་འགར་བྱ་བའི་དོན་དུ་ཡར་རྒྱུག་མར་རྒྱུག་བྱས་ཀྱང་སྐྱབས་བཅོལ་ཆོག་སའི་བྱ་བ་ཞིག་ལག་སོན་མ་བྱུང་། དེ་དུས་ཆུང་ཆུང་གིས་བུད་མེད་ལས་བྱ་བ་འཚོལ་རྒྱུ་དཀའ་བ་དངོས་གནས་ཤེས་སོང་། ཆུང་ཆུང་གི་ཕ་ཡུལ་ནི་རོང་མ་འབྲོག་ཞིག་ཡིན་ལ། ཁོའི་ན་ཚོད་དང་མཉམ་པའི་ཆུང་དུས་ཀྱི་རྩེད་རོགས་དག་གིས་ད་ལྟ་ཕྱུགས་འཚོ་བའམ་ཞིང་ལས་བྱེད་པ། ཡང་ན་ཚོང་ལས་གཉེར་པ་སོགས་བྱས་ཏེ་ཁྱིམ་ཚང་གི་འགན་འཁྲི་ཕྲག་ཏུ་འཁུར་ཡོད་པ་ཤ་སྟག་ཡིན། ཨ་རོགས། ཆུང་ཆུང་། ཆུང་མ་ཞིག་བླངས་ནས་ཁྱིམ་ཚང་མི་སྐྱོང་ངམ། ཆུང་དུས་ཀྱི་རྩེད་རོགས་ཀ་ཁའི་མགོ་རྔ་ཡང་མི་ཤེས་པ་ཞིག་ཡོད་པ་དེས་ཀྱང་དེ་རིང་ཁོའི་རྣ་ལམ་དུ་དེ་འདྲའི་ཟུར་ཟ་འདྲེས་མའི་སློབ་གསོ་གཏོང་བཞིན་ཡོད། ཡིན་ན་ཡང་། རང་ཉིད་ནི་སློབ་ཆེན་སློབ་མ་ཡིན་པས་དོན་དེ་འདྲ་ལ་རྩོད་རིན་ག་ལ་བྱེད།

ལོ་གཉིས་པར་ཁོ་རང་གཞི་རིམ་སློབ་ཆུང་ཞིག་ཏུ་ལས་བགོས་བྱས། དེ་ཡང་ཁོའི་ཕ་ཡུལ་དང་ཐག་མི་རིང་བའི་སྡེ་བ་ཞིག་རེད། ཨ་ཕས་ཀྱང་ནམ་རྒྱུན་ཆུང་ལོ། ད་ཆུང་མ་ཞིག་ལེན་རྒྱུ་ན། སོགས་གཏམ་མང་བོ་བཤད་ཀྱང་། ཆུང་ཆུང་གིས་མ་ཐོས་ཁུལ་བྱེད་པ་དང་། ཡང་ན། ད་ཅུང་སྡོད་དང་། ལས་གནས་ནས་རྐང་ཚུགས་རྗེས་ལྟ། ཞེས་ཚིག་འབྲུ་འདི་དག་གིས་ཨ་ཕའི་ཁ་འགོག་ཐབས་བྱས་ཏེ། ཆུང་མ་ལེན་རྒྱུའི་བྱ་བ་གཞུག་ནས་གཞུག་ཏུ་བསྐྱུར་བར་བྱེད།

སྐབས་ཤིག་ལ་ཨ་ཕས་སྡེ་བ་གཞན་ཞིག་ནས་མནའ་མ་ཞིག་ཁྲིད་འོངས་ནས་ཁྱིམ་དུ་བཞག་ཀྱང་། ཆུང་ཆུང་ཕྱི་ནས་ཡིབ་བསྡད་དེ་མཐའ་བྱ་ཐབས་མ་རྙེད་པར་ཕྱིར་ཡུལ་དུ་ལོག་ཏུ་བཅུག

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060