༄༅།།གསོ་རིག་བདུད་འཇོམས་རལ་གྲི།
 
བུད་མེད་སྐོར་གྱི་དྲན་ཚུལ་སྣ་ཟིན་སྤུ་ཟིན།
སྤེལ་དུས། 2008-12-30    ཡོང་ཁུངས་།བོད་གཞུག་སྐྱིད་ཀྱི་ཟིན་བྲིས་ལས་བཤུས།    རྩོམ་པ་པོ།

  གནམ་གྱི་ཕྱེད་ཀའི་བདག་མོའམ་མིའི་རིགས་ཀྱི་མ་ཡུམ་དུ་གྱུར་བའི་བུད་མེད་རྣམས་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང༌།དར་རྒུད། འབྱོར་ཕྱུག་དབང་གྲགས་སོགས་གནས་བབ་གང་གི་ཆ་ནས་ཀྱང་གྲུབ་ཆ་འགངས་ཆེན་ཞིག་ཡིན་པ་སྨྲོས་མེད་རེད།      ཡིན་ནའང་གནོན་ཤུགས་ཆེ་བའི་མཁའ་དབུགས་ཁྲོད་བུད་མེད་རྣམས་ཀྱིས་དབུགས་ཀྱི་རྒྱུ་བའང་འགགས་ལ་ཉེ་བས།ངས་རིགས་མཐུན་ཚོའི་ལས་དབང་གི་སྐོར་ལ་བསམ་གཞིགས་ཙམ་བགྱིས་ཏེ་རང་ཉིད་ཀྱི་སེམས་ཚོར་ཁ་ཤས་བརྗོད་འདོད་པའི་ཀུན་སློང་སྐྱེས་བྱུང༌།

༡ བུད་མེད་ཀྱི་ཟླ་མཚན།

   ཟླ་མཚན་ནི་རྒྱུན་ལྡན་གྱི་སྐྱེས་ལུགས་སྣང་ཚུལ་ཞིག་ཡིན་ལ།དེ་ནི་ཕྱི་ལུགས་གསོ་རིག་ལྟར་ན་བསམ་སེའུ་དང་བསྟུན་ནས་འཁོར་ཡུན་རང་བཞིན་གྱི་འགྱུར་བ་ཞིག་དང༌། འཁོར་ཡུན་རང་བཞིན་གྱིས་བུ་སྣོད་ནང་སྐྱི་གོག་ནས་ཁྲག་དོན་པ་ཞིག་ལ་ཟེར།བོད་ལུགས་གསོ་རིག་ལྟར་ན་བུད་མེད་ལོ་བཅུ་གཉིས་ནས་ལྔ་བཅུའི་བར་དུ་ཟས་སྤྱོད་ཀྱི་དངས་མ་ལས་བྱུང་བའི་ཁྲག་དེ་ཟླ་རེར་བསགས་ནས་རྩ་ཆེན་གཉིས་ནས་ནག་ཅིང་དྲི་བྲལ་བ་དང༌།རླུང་གིས་རྐྱེན་བྱས་ནས་མངལ་གྱི་སྒོར་འབྱིན་པ་ལ་ཟེར། ད་དུང་ཟླ་མཚན་ནི་ལུས་གྲུབ་པའི་རྒྱུའང་ཡིན། དེར་བརྟེན་ཟླ་མཚན་ནི་བུད་མེད་ཀྱི་སྐྱེ་ལུགས་སྣང་ཚུལ་ཞིག་ཡིན་པས།མི་འོས་པ་དང་ངོ་ཚ་བ། མཐོང་མི་ཉན་པ་སོགས་ལྐོག་གྱུར་གྱི་མཚན་ཉིད་ཅིག་གཏན་ནས་མིན་པས་ང་ཚོའི་དེ་ལ་གཡོལ་བ་སོགས་བྱེད་དགོས་དོན་མེད་མོད།འོན་ཀྱང་དངོས་ཡོད་འཚོ་བའི་ཁྲོད་ན་དོན་དག་དེའི་རིགས་ཀྱི་བུད་མེད་སྐོར་ཞིག་ལ་སེམས་ཁམས་ཀྱི་གནོན་ཤུགས་མང་པོ་སྟེར་གྱིན་ཡོད་པ་དཔེར་ན།སྡེ་བ་ཆེ་གེ་མོའི་བུ་མོ་ཞིག་ལོ་བཅུ་གཅིག་ཡིན་ལ་སློབ་ཆུང་ལོ་རིམ་དྲུག་པ་རེད། ཆུང་དུས་ནས་བྱིས་པའི་སྦྲིད་ནད་བྱུང་རྐྱེན་འགྲོ་འདུག་ལ་དཀའ་ཁག་ཤིན་ཏུ་ཆེ།ཉིན་ཞིག་གློ་བུར་དུ་ཟླ་མཚན་བྱུང་དུས་སེམས་ཧ་ཅང་འཚབ་པ་དང༌། སློར་གྲྭ་གྲོལ་དུས་སྔ་མོ་ནས་ཡུལ་ལ་ལོག་མ་ཐུབ་པར་སློབ་མ་ཚང་མ་སོང་ཚར་རྗེས་གཞི་ནས་ཡུལ་ལ་ལོག་མོད།མོའི་ཨ་མའི་བུ་མོའི་རྐང་སྣམ་མཐོང་རྗེས་ཁ་ནས་ད་དུང་ངོ་ཚ་མེད་གི་ཞེས་དམོད་བཞིན་འདུག བུ་མོ་རང་མ་གཞི་ནས་སྐྲག་སྣང་གིས་ཁེངས་ཡོད་པའི་སེམས་ཚོར་དེའི་ཁར་ཨ་མའི་དམོད་མོ་ཡིས་ལྷག་ཏུ་ལྐོག་གྱུར་ཏུ་བཏང་ཟིན་ལ་རང་ཉིད་ཀྱི་བྱས་ཉེས་ཅི་ཞིག་བྱས་སོང་སྙམ་པའི་སེམས་སྡུག་གིས་ཁེངས་རུང་སུ་ཡིས་ཀྱང་འགྲེལ་བཤད་བྱས་མ་སོང༌།དེ་ནས་བཟུང་བུ་མོ་དེས་ཟླ་མཚན་ནི་ལྐོག་གྱུར་དང༌། སྐྲག་སྣང༌། ངོ་ཚ་ཞིག་ཏུ་ངོས་བཟུང་བ་དང་རང་ཉིད་ནི་ནག་ཉེས་བཟོ་མཁན་ཞིག་ཏུ་བསམ་ནས་སེམས་པ་ལྷག་ཏུ་འཁུམ་འགྲོ་བར་གདོན་མི་ཟ།ཡང་གཅིག་ནི། ང་རང་དམའ་འབྲིང་སྐབས་སུ་གྲོགས་མོ་ཞིག་ཡོད་ལ་ཉིན་ཞིག་ཁོ་མོ་ཉིན་གང་བོར་ངུས་ནས་སློབ་ཁྲིད་ལ་མ་སོང༌།རྒྱུ་མཚན་ནི་ཉིན་དེར་སློབ་ཐུན་སྐབས་སུ་ཟླ་མཚན་བྱུང་དུས་དགེ་རྒན་ལ་བཤད་མ་ཕོད་ལ་ཅི་ལྟར་བཤད་དགོས་པའང་མ་ཤེས་པར་བསྡད་པས་རྗེས་སུ་སློབ་གྲོགས་ཕོ་ཞིག་གིས་མཐོང་ནས་མོ་ལ་ཧབ་ཆ་བྱས་སོང་ཟེར། དོན་དག་དེའི་མོ་རང་ངོ་ཚ་ནས་སློབ་ཁང་དུ་འགྲོ་མི་ཐུབ་ཟེར།དེའང་ཞིབ་ཏུ་བསམ་ན་སློབ་གྲོགས་ཕོ་དེའི་མོ་ལ་ཧབ་ཆ་བྱེད་དགོས་དོན་ཅི་ཡིན་ཟེར་ན། ཕལ་ཆེར་ཁོ་བོའི་ཁྱིམ་ཚང་གི་ཁོར་ཡུག་ཁྲོད་ནས་ཀྱང་ཟླ་མཚན་ནི་དེ་འདྲའི་ངོ་ཚ་ཞིག་དང་ལྐོག་གྱུར་ཤིག་ཏུ་བསམ་ཡོད་པས་ཡིན་ལ།ཡང་ཅིག་བཤད་ན། ཁོས་བུད་མེད་ཀྱི་ཟླ་མཚན་ཞེས་པ་གཏན་ནས་ཧ་གོ་མེད་ཀྱང་སྲིད་པས། ཁོ་བོས་དེ་རང་རྒྱུན་ལྡན་མིན་པ་ཞིག་ཏུ་མཐོང་སོང་བ་རེད།ཐ་ན་ལྷ་ཁང་སོགས་སུ་མཇལ་དུས་ཀྱང་ཟླ་མཚན་ལྡན་དུས་ཅི་ཞིག་ལ་ཉེས་འགྲོ་སྙམ་པའི་འདུན་པ་བོད་མོ་ཕལ་མོ་ཆེར་མངའ་བ་ཡང་གོང་གི་ལྐོག་གྱུར་གྱི་ལྟ་སྟངས་ལས་བྱུང་བ་ཡིན་པར་འདོད།

    དེ་བས་དོན་དམ་པས་ཟླ་མཚན་ནི་འདི་འདྲའི་ལྐོག་གྱུར་ཅིག་དང་ངོ་ཚར་བསམ་པ་ནི་ང་ཚོའི་ཟླ་མཚན་དེའི་འབྱུང་རྐྱེན་དང་བྱེད་ལས་སོགས་ལ་མཚར་སྣང་གིས་ཁེངས་སོང་བ་དང་སྐྱེས་པ་དང་མི་འདྲ་བའི་ཆ་ནས་སྐྲག་སྣང་ངམ་མི་འོས་པ་ཞིག་ཏུ་བསམ་སོང་བས་ལན་པ་ཡིན་ལ།དེའང་མདོར་དེད་ན་ང་ཚོའི་དེའི་ཕྱོགས་ཀྱི་ངོས་འཛིན་དང་ཤེས་རྟོགས་ཀྱི་སློབ་གསོའི་མ་འདང་བ་སོགས་ཀྱིས་སྣང་ཚུལ་དེ་འདྲ་སྐྱེད་པ་རེད།དེ་བས་ད་ལྟ་ངས་བརྗོད་འདོད་པ་ནི་ཟླ་མཚན་ནི་རྒྱུན་ལྡན་གྱི་སྐྱེ་ལུགས་སྣང་ཚུལ་ཞིག་དང་བུ་མོའི་ཁོ་ལག་རྫོགས་ནས་མངལ་ཆགས་ནུས་པའི་རྟགས་མཚན་ཞིག་ཀྱང་ཡིན་པས་ཟླ་མཚན་ལ་སྨད་པ་དང།ལྐོག་གྱུར་ཏུ་བསམ་པ། ངོ་ཚ་རེད་སྙམ་པ་ནི་མ་བརྟག་པ་དང་མ་ཤེས་པའི་བྱ་བ་ཡིན་པས་ད་ནས་བཟུང་རང་རིགས་ཀྱི་མི་ཡོངས་ཀྱིས་བུད་མེད་ཀྱི་སྐྱེས་ལུགས་སྣང་ཚུལ་འདི་ལ་ཡང་དག་གི་ལྟ་ཚུལ་འཛིན་རྒྱུ་དང་ཁྱིམ་ཚང་སློབ་གསོའི་ཁྲོད་ནས་འདི་འང་གལ་ཆེན་ཞིག་ཏུ་བརྩིས་ནས་བུ་དང་བུ་མོར་ཟླ་མཚན་སྐོར་གྱི་ཤེས་བྱ་སྔོན་ནས་འགྲོ་བ་ཡང་ཤིན་ཏུ་གལ་ཆེན་རེད་འདོད།

 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060