ཕ་སྐད།
སྤེལ་དུས། 2011-12-14   ཡོང་ཁུངས།    རྩོམ་པ་པོ།  མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་བྱ་མདོ་ཞང་བོན་སྐོར་སྡེ་བའི་རུ་ཁག་དང་པོ།
   ཕ་སྐད་ལགས། ཁྱེད་ནི་གོ་ལ་ཟླུམ་པོ་འདིར་བདེ་སྐྱིད་དྲོད་ཁོལ་སྦྱིན་པའི་འོད་སྣང་དང་། མཚན་ལྗོངས་རིང་མོའི་མཁའ་དབྱིངས་ན་འོད་དུ་འཚེར་བའི་དངུལ་དཀར་གྱི་ཟླ་བ་ཡིན་ལ། གངས་ཅན་བོད་པའི་བྲང་ཁོང་ན་ལྷོག་ལྷོག་ཏུ་ལྡིང་བའི་སྙིང་གསོན་པོ་དེ་ཡང་ཁྱེད་རང་ཡིན། ཁྱེད་ལ་བརྟེན་ནས་བདག་གིས་ཡིག་འབྲུ་རེ་རེའི་རིན་ཐང་རྙེད་ཅིང་། ཁྱེད་ཀྱི་ཚེ་སྲོག་གི་འཕར་རྩ་ལས་བདག་གིས་ངོ་མཚར་བའི་ཕུགས་བསམ་གྱི་འོད་སྣང་འཚོལ་བཞིན་ཡོད། ངའི་འཇིག་རྟེན་གྱི་རྨོངས་མུན་སེལ་བའི་སྒྲོན་མེ། གསེར་སེར་བྱིན་ནས་ཉོ་མི་ཐུབ་ལ། ངག་འཇམ་པོར་གྲོལ་རུང་བསླུ་མི་ཐུབ།   ཁྱེད་རང་མི་བཙན་པོས་འཕྲོག་མི་ཐུབ་ཅིང་།   མི་ངན་པས་བརྐུ་ཡང་མི་ཐུབ།  
    
ཀྱེ་ཕ་སྐད་ལགས། ང་ཚོའི་ཡིད་བཞིན་ནོར་བུ།

     ཁྱེད་ཀྱིས་མི་རིགས་འདིའི་རྣམ་ཤེས་སྤྲུམ་ནས་གངས་ཅན་པའི་ཤ་ཁྲག་རུས་གསུམ་གྱི་གསེང་ལ་འཐིམ་ཞིང་། ཁྱེད་ཀྱི་མཛད་འཕྲིན་གྱི་འོད་ཞགས་རེ་རེ་དང་ལྷག་བསམ་གྱི་བྱིན་རླབས་རེ་རེ་ཇོ་མོ་གླང་མའི་ཟིལ་ཤུགས་དང་བསྡེབས་ནས་འཕྲོས་འོང་། ཕ་སྐད་ལགས། མདོར་ན་ཁྱེད་ནི་བོད་གངས་ཅན་གྱི་ཡ་ཆུང་གི་སྙིང་དང་ཡ་ཐོད་ཀྱི་མིག་ལྟ་བུ་ཡིན་ལ།   ལྷག་པར་དུ་ཁྱེད་ཀྱི་ཉམས་པ་མེད་པའི་སྙིང་སྟོབས་དང་གཞན་ཕན་འོ་མའི་ལྷག་བསམ་ལ་ང་ཚོས་ནམ་ཡང་རེ་འདུན་གྱི་རྨུ་ཐག་འཐེན་ཡོད།   དེའི་ཕྱིར།   མང་བོ་ཞིག་གིས་དྲན་གྱིན་པ་ཕ་སྐད་དང་། གླེང་བཞིན་པ་ཡང་ཕ་སྐད་ཡིན། ངས་སྙན་ཚིག་གི་འདབ་མ་གྲོལ་པའི་མེ་ཏོག་རེ་རེ་དང་སེམས་འདུན་གྱི་རང་མདངས་འཚེར་བའི་ལང་ཚོ་ཡོད་རྒུ་ཁྱེད་ལ་ཕུལ་དང་འབུལ་བཞིན་ཡོད་པས།   ཁྱེད་ཀྱི་འཛུམ་མདངས་དང་གཟི་བརྗིད་ཇི་སྲིད་བསྐལ་བརྒྱའི་བར་དུ་གངས་རིའི་དཔལ་དུ་བརྟན་པར་སྨོན།

 

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060