སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་རྐྱེན་ཅི་ཞིག་ཡིན་པ་དང་།
སྤེལ་དུས། 2011-11-29   ཡོང་ཁུངས།    རྩོམ་པ་པོ།  པད་མ་ཚེ་རིང་།
  སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་རྐྱེན་ཅི་ཞིག་ཡིན་པ་དང་། དེས་བོད་ལ་ཉམས་ཉེས་ཅི་ཞིག་བཟོས་འདུག

      ལན། གུ་ཤྲཱི་ཧན་གྱིས་རྒྱལ་དབང་མཆོག་ལ་ཤིན་ཏུ་བཀུར་བར་མ་ཟད།

དབྱར་རིང་འདམ་གཞུང་དང་དགུན་ངོར་ལྷ་སར་བསྡད་དེ་བོད་སོག་ལས་དོན་གཙོ་ཆེའི་ཐད་ལ་དགོངས་འཆར་འདོན་པ་ཙམ་ལས་སྲིད་དབང་ལ་ཐེ་གཏོགས་དེ་འདྲ་མི་བྱེད་པར་དགའ་ལྡན་ཕོ་བྲང་གི་སྲིད་དབང་ལ་སྲུང་སྐྱོབ་གང་ལེགས་གནང་། སྤྱི་ལོ་1654ལོར་གུ་ཤྲཱི་ཧན་ཚེ་ལས་འདས་པ་དང་རྒྱལ་དབང་ལྔ་བ་མཆོག་ཀྱང་སྤྱི་ལོ་1682ལོར་སྐུ་གཤེགས་པས།   གུ་ཤྲི་ཧན་གྱི་བུ་རྒྱུད་ཀྱིས་ཁ་བའི་ལྗོངས་ལ་སྲིད་ཀྱི་ཁ་ལོ་བསྒྱུར་བའི་མགོ་བརྩམས།

     སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཁྲིམས་ཡིག་དྭངས་ཤེལ་ལོང་གཏན་ལ་ཕབ་སྟེ་ལུགས་གཉིས་བྱ་བ་ལ་ཐུགས་འགན་བཞེས་ནས་བཞུགས་ཡོད་སྐབས་སོག་པོའི་རྟ་དམག་ཁག་ཅིག་བོད་དུ་བཅའ་སྡོད་བྱས་ཤིང་། དྲག་ཤུགས་ངོམ་ནས་བོད་ཀྱི་ཕྱི་ནང་གི་བྱ་བ་དག་ལ་ཐེ་གཏོགས་བྱས་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡི་མ་རང་བར་གྱུར། སྡེ་སྲིད་ཀྱིས་སྔར་བཞིན་མན་ཆིང་གོང་མར་བརྩི་བཀུར་བྱས་པ་དང་། གོང་མས་ཀྱང་སྡེ་སྲིད་ལ་ཝང་ཞེས་པའི་རྒྱལ་པོའི་ཆོ་ལོ་དང་རྡོ་རྗེ་འཆང་སངས་རྒྱས་རྒྱ་མཚོ་ཞེས་འཁོད་པའི་ཐམ་ག་གནང་། སྤྱི་ལོ་1696ལོའི་ཟླ5བའི་ཚེས་10ཉིན་བོད་ཀྱི་ཆབ་འབངས་ཡོངས་ལ་རྒྱལ་མཆོག་ལྔ་བ་བློ་བཟང་རྒྱ་མཚོ་བདེ་བར་གཤེགས་ཚུལ་ཁྱབ་བསྒྲགས་མཛད་པ་དང་།   དེའི་ཡང་སྲིད་ཚངས་དབྱངས་རྒྱ་མཚོ་ཡང་1697ལོའི་ཟླ10བའི་ཚེས་24ཉིན་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ།   ལོ་དེར་སོག་པོ་དཱ་ལའི་ཧན་གྲོངས་པས་བུ་ལྷ་བཟང་ཀླུ་དཔལ་ལྷ་བཟང་ཧནཁྲིར་བསྐོས། ལྷ་བཟང་ཧན་ནི་ཁེངས་དྲེགས་དང་གདུག་རྩུབ་ཆེ་བས་ཁྲིར་འཁོད་མ་ཐག་བོད་དུ་ཡོད་པའི་དམིགས་བསལ་དབང་ཆ་བློས་གཏོང་འདོད་མེད་པར་མ་ཟད། རྒྱལ་མཆོག་ལྔ་བ་ཞིང་གཞན་དུ་གཤེགས་པ་ཤེས་སྟབས་བོད་ཀྱི་སྲིད་དབང་ཡོངས་སུ་འཛིན་པའི་ཧམ་སེམས་བཅངས།

       ཁོས་སྡེ་སྲིད་གོང་མར་བརྩི་བཀུར་མི་བྱེད་པ་དང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མཛད་པ་དེ་སྡེ་སྲིད་ཀྱི་ཞབས་འབྲངས་འགས་བསླད་པར་བསམས་པ་སོགས་ཀྱི་རྐྱེན་ལ་བརྟེན་རྒྱལ་དབང་དྲུག་པ་ཆེན་པོ་དང་སྡེ་སྲིད་བར་ལ་འགལ་བ་ཅུང་ཟད་བཟོས། སྡེ་སྲིད་ནས་ཀྱང་བོད་ཀྱི་སྲིད་དབང་གཞན་ལ་སྤྲད་ན་མ་འདོད་པས་མཆོད་ཡོན་གྱི་འགལ་ཟླ་ཇེ་ཆེར་གྱུར། ལྷ་བཟང་ཧན་གྱིས་དྲག་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོག་འདོད་ཀྱང་སྡེ་སྲིད་ཀྱི་མཚན་སྙན་ཆེ་བས་གླགས་མ་རྙེད།   སྡེ་སྲིད་ཀྱིས་ལྷ་བཟང་ཧན་དང་དེའི་རྗེས་འབྲངས་པ་རྣམས་མཐར་སྐྲོད་བྱ་དགོས་བསམས་ཀྱང་། རང་ཉིད་ལ་སྟོབས་ལྡན་གྱི་དམག་དཔུང་མེད་སྟབས་དཔའ་བོ་ལག་རྡུམ་དང་མཚུངས་པར་བྱེད་ཐབས་དབེན་པའི་གནས་སུ་ལྷུང་། སྤྱི་ལོ་1703ལོར་ལྷ་བཟང་ཧན་གྱི་ངག་བཀོད་ལྟར་སྡེ་སྲིད་ཀྱི་ཞབས་འབྲངས་འགའ་བཟུང་སྟེ་དམར་གསོད་བཏང་། སྡེ་སྲིད་ཀྱིས་དམག་བསྡུས་ཏེ་གཡུལ་བཤམས་པས་ལྷ་བཟང་ཧན་གྱི་དཔུང་རྣམས་འདམ་གཞུང་དུ་ཕྱིར་འཐེན་བྱས། དེ་ནས་ལྷ་བཟང་ཧན་གྱིས་ལྷ་སར་ཕར་རྒོལ་བྱེད་པའི་དམག་འཁྲུག་ཆེན་པོ་ཞིག་རྒྱག་སྐབས་སེ་འབྲས་དགེ་གསུམ་གྱི་འཐུས་མི་དང་ལྷ་བཟང་གི་རྩ་བའི་བླ་མ་འཇམ་དབྱངས་བཞད་པས་འདུམ་འགྲིག་མཛད།   སྤྱི་ལོ་1705ལོར། སླར་ཡང་གཡུལ་བཤམས་སྟབས་རྒྱལ་མཆོག་དྲུག་པ་ཚངས་དབྱངས་རྒྱ་མཚོ་དང་འཇམ་དབྱངས་བཞད་པ། ལ་མོ་ཆོས་རྗེ། སོག་པོའི་སྦྱིན་བདག   སེ་འབྲས་དགེ་གསུམ་གྱི་འཐུས་མི་སོགས་ཀྱིས་འདུམ་མཛད། གསེར་གདུང་འཛམ་གླིང་རྒྱན་གཅིག་གི་མདུན་དུ་མནའ་བསྐྱལ་ཐོ་བཙུགས་ཏེ་སྡེ་སྲིད་ལྷ་སར་བཞུགས་མི་ཆོག་པར་གོང་དཀར་དུ་ཕེབས་རྒྱུ་དང་ལྷ་བཟང་ཧན་རང་ཡུལ་དུ་ལྡོག་རྒྱུ་གཏན་འབེབས་བྱས་ཀྱང་། ལྷ་བཟང་ཧན་ཁ་དན་ཚིག་ལ་མ་གནས་པར་རང་ཡུལ་དུ་ལྡོག་ཁུལ་གྱིས་ནག་ཆུ་ཁ་ནས་སོག་དམག་བསྐྱར་བསྒྲིགས་བྱས་ཏེ་འཕན་པོ་དང་སྟོད་ལུང་ཁག་གཉིས་ནས་ལྷ་སར་དམག་དྲངས། བོད་དམག་སྟོབས་ཤུགས་ཞན་པས་འགོག་རྒོལ་ཇི་ལྟར་བྱས་ཀྱང་ཕན་མ་ཐོགས། སྡེ་སྲིད་རང་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་སྟོད་ལུང་སྣང་རྩེར་རྒྱལ་མོ་ཚེ་རིང་བཀྲ་ཤིས་ཀྱིས་བཟུང་ནས་མགུལ་བཅད་དེ་བཀྲོངས། གངས་ལྗོངས་ཁ་བའི་ཡུལ་ལ་མཛད་རྗེས་བླ་ལྷག་ཏུ་ཆེ་བའི་སྡེ་སྲིད་ཁོང་གི་སྐུ་སྲོག་ཤོར་བས་དགའ་ལྡན་ཕོ་བྲང་གི་སྲིད་དབང་ལ་ཉམས་ཉེས་ཚབས་ཆེན་ཐེབས་ཤིང་བགྲང་བྱ་བཅུ་ཕྲག་གི་རིང་ལ་སྲིད་ཀྱི་ཁ་ལོ་གཞན་གྱིས་བསྒྱུར་ཏོ།

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060