རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་མདོར་བསྡུས་ཤིག་ཤེས་སམ།
སྤེལ་དུས། 2011-12-01   ཡོང་ཁུངས།    རྩོམ་པ་པོ།  པད་མ་ཚེ་རིང།
  རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་མདོར་བསྡུས་ཤིག་ཤེས་སམ། 

   ལན། སྐབས་སུ་བབས་པའི་རྒྱལ་དབང་དྲུག་པའི་ལོ་རྒྱུས་གླེང་རྒྱུ་ནི་སྐུ་ཕྲེང་གཞན་དག་ལས་ཀྱང་ཆེས་དཀའ་བར་སྣང་སྟེ།
   
    དུས་རིམ་དེ་ནི་བོད་ཀྱི་ལོ་རྒྱུས་སྟེང་ཆེས་རྙོག་འཛིང་དང་དབང་སྒྱུར་གྲལ་རིམ་གྱི་འགལ་བ་ཆེས་ཛ་དྲག་ཆེ་བའི་དུས་སྐབས་ཤིག་ཡིན། དེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་ལྔ་བ་སྐུ་གཤེགས་པ་བགྲང་བྱ་བཅོ་ལྔའི་རིང་དུ་གསང་རྒྱ་བྱས་ནའང་།   ཁོང་གིས་ཞལ་ཆེམས་ལྟར་སྲིད་གཞུང་གི་བྱ་བ་ཆེ་ཕྲ་ཐམས་ཅད་ལེགས་པར་བསྒྲུབས་པ་དང་ཡང་སྲིད་རྩད་འཚོལ་བགྱིས་ཏེ་སྤྱི་ལོ་༡༦༨༢ལོའི་བོད་ཟླ་པར་མཚོ་སྣ་རྫོང་དུ་སྐུ་འཁྲུངས་པའི་ཚངས་དབྱངས་རྒྱ་མཚོ་སྤྱི་ལོ་༡༦༩༧ལོའི་ཟླ་༡༠བའི་ཚེས་༢༤ཉིན་རྒྱལ་དབང་ལྔ་བའི་ཡང་སྲིད་དུ་པོ་ཏ་ལའི་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ་ཞིང་།   སྡེ་སྲིད་རང་ཉིད་ཀྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་བཀའ་ཁྲིད་ལེགས་པར་མཛད་དེ་པོ་ཏ་ལར་བཞུགས་སྐབས།   རིག་གནས་སྤྱི་དང་ལྷག་པར་དུ་སྙན་ཚིག་ལ་སྦྱངས་པ་མཐར་ཕྱིན་མཛད།   དེ་ལྟར་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་པོ་ཏ་ལའི་ཁྲི་ལ་བཞུགས་ཀྱང་སྡེ་སྲིད་སྐུ་དབང་བཙན་དྲགས་པས་ཆོས་ཕྱོགས་ཁོ་ན་ལས་སྲིད་དབང་འཛིན་པའི་གོ་སྐབས་ཆེར་མ་བྱུང་བས་ཆོས་སྤྱོད་རྐྱང་རྐྱང་ལ་ཐུགས་འཚིག་པ་ལྟ་བུས་སློབ་གཉེར་ཀྱང་སྒྱིད་ལུག་མཛད་པར་མ་ཟད།   དགུང་ལོ་ཉི་ཤུའི་ཐོག་གཙང་ལ་པཎ་ཆེན་རིན་པོ་ཆེའི་མདུན་སར་བསྙེན་རྫོགས་སྒྲུབ་པར་ཕེབས་སྐབས་སྔར་གྱི་སྡོམ་པ་ཕྱིར་འབུལ་མཛད་ཅིང་ན་བཟའ་དཀར་བོ་གྱོན་ཏེ་མི་དབང་གི་ཚུལ་མཛད་པ་སོགས་ཀྱི་གནས་ཚུལ་བྱུང་ཡང་། ཁོང་ཡང་སྡེ་སྲིད་ལ་ཐུགས་འདང་ཟབ་པ་ནི་སྤྱི་ལོ༡༧༠༥ལོར་ལྷ་བཟང་དང་སྡེ་སྲིད་ལ་བར་འདུམ་མཛད་པ་དང་། སོག་དམག་གིས་སྡེ་སྲིད་བདས་པའི་སྐབས་ཀྱང་རྔོ་མ་ཐོགས་པ་མ་གཏོགས་བླ་སྤྲུལ་རྣམས་བར་འདུམ་མཛད་པར་མངགས།   ལྷ་བཟང་གིས་སྡེ་སྲིད་བཀྲོངས་ནས་སྲིད་དབང་འཕྲོག་ཐུབ་པ་བྱུང་ནའང་། ཚངས་དབྱངས་རྒྱ་མཚོ་ད་དུང་སྲིད་ཁྲིར་བཞུགས་མུས་ཡིན་པས་བསྒྲལ་ཐབས་བྱ་ཕྱིར་སྡེ་སྲིད་ཀྱིས་རྒྱལ་དབང་ལྔ་བ་གཤེགས་པ་གསང་རྒྱ་བྱས་ཚུལ་ནས་དྲུག་པ་བཙལ་བའང་རྫུན་མ་ཡིན་པས་སྡོམ་བརྩོན་མེད་ཅིང་། ནག་ཆང་ཁོ་ནར་བསྟེན་པ་སོགས་བསྙད་འདོགས་སྒྲོ་སྐུར་གྱི་འཆལ་གཏམ་མ་བོ་གོང་མ་ཁང་ཤིསབདེ་སྐྱིད་རྒྱལ་པོཀྱིས་སྙན་དུ་ཕུལ་བ་སོགས་ཀྱི་སྦྱོར་ངན་མང་དུ་བཤམས་པར་མ་ཟད། སྤྱི་ལོ༡༧༠༦ལོའི་ཟླབར་ཚངས་དབྱངས་རྒྱ་མཚོ་ཁྲི་ལས་ཕབ་ཏེ་བཙན་ཐབས་ཀྱིས་རྒྱ་ཡུལ་དུ་ཁྲིད་པའི་ལམ་བར་མཚོ་སྔོན་པོའི་ཉེ་འགྲམ་དུ་བཀྲོངས་པར་བཤད།   རྒྱལ་དབང་མཆོག་གི་འདས་ཐོའི་ཐད་བོད་ཀྱི་ལོ་རྒྱུས་མཁས་པ་ཚོའི་བཞེད་པ་མི་མཐུན་ལ་བཤད་ཚུལ་ཆེས་ཐ་དད་པ་གཉིས་ཡོད་པ་སྟེ། གཅིག་ནི་སྐབས་དེའི་ཡིག་ཆ་དང་རྣམ་ཐར་ཡོངས་གྲགས་ཀྱི་ལུགས་ལ་རྗེ་འདི་བ་རྒྱ་ཡུལ་ལ་དྲངས་པའི་ལོ་དེར་མཚོ་སྔོན་ནས་འདས་སོང་བར་འདོད་པ་དང་། གཞན་གཅིག་ནིགསང་བའི་རྣམ་ཐརབྱ་བར་རྗེ་འདིའི་སྐུ་ཚེ་མཐར་ཕྱིན་ཏེ་དགུང་གྲངས་དྲུག་ཅུ་ལྷག་ཙམ་བཞུགས་པར་འདོད་པ་གཉིས་ཡོད་དོ།   །སྔ་མ་ནི་སྐབས་དེའི་ལོ་རྒྱུས་དང་མཐུན་པར་སེམས་ཏེ། ལྷ་བཟང་ཧན་གྱིས་གཡོ་སྒྱུ་མང་དུ་བཀོལ་མཐར་ད་གཟོད་ཚངས་དབྱངས་རྒྱ་མཚོ་ཁྲི་ལས་ཕབ་ཐུབ་པ་ཡིན་པས་རང་དགར་དུ་གློད་བཀྲོལ་གཏོང་བའམ་འཆོར་དུ་འཇུག་མི་སྲིད་པ་དང་། གཞན་ཡང་སུམ་པ་མཁན་པོའིམཚོ་སྔོན་གྱི་ལོ་རྒྱུསདང་གསོལ་དཔོན་བློ་གྲོས་དབང་ཕྱུག་གིས་མཛད་པའིཚངས་དབྱངས་རྒྱ་མཚོའི་རྣམ་ཐརསོགས་སུའང་རྒྱལ་དབང་དྲུག་པ་དགུང་ལོ་ཉེར་ལྔའི་སྟེང་མཚོ་སྔོན་དུ་འདས་པར་བཀོད་པ་ནི་སྐབས་དེའི་དུས་ཐོག་གཅིག་པའི་མཁས་པ་དག་གིས་བཀོད་པ་ཤ་སྟག་ཡིན་པས་ཡིད་ཆེས་བྱ་ཆོག་གོ   བཤད་ཚུལ་རྗེས་མ་ནི་གསང་རྣམ་གཞི་བྱས་ཏེ་སོག་དམག་གིས་རྒྱལ་དབང་མཆོག་རྒྱ་ཡུལ་ལ་ཁྲིད་པའི་ལམ་བར་མཚོ་སྔོན་ནས་བྲོས་སྟབས་དང་ལ་ལས་གློད་བཀྲོལ་བཏང་ཟེར།   གང་ལྟར་ཁོང་སོག་པོའི་ལག་ནས་ཐར་ཏེ་མདོ་སྨད་དང་ནང་སོག   རྒྱ་ནག་རི་བོའི་རྩེ་ལྔ་དང་ཁམས་ལྷ་ས་བཅས་ལ་ཕེབས་པར་མ་ཟད། ཐ་ན་རྒྱ་གར་དང་བལ་བོ་ལ་སོགས་ཀྱི་ཡུལ་གྲུ་ཀུན་ཏུ་རྒྱུ་ཞིང་། ད་དུང་མདོ་སྨད་དུ་དགོན་སྡེ་ཁག་རེའང་ཕྱག་འདེབས་མཛད་དེ་མཐར་ཨ་ལག་ཤ་ནས་སྐུ་གཤེགས་ཚུལ་དང་དགུང་གྲངས་དྲུག་ཅུ་ལྷག་བཞུགས་པ་བྲིས་འདུག   གལ་སྲིད་གསང་རྣམ་དུ་བཤད་པ་ལྟར་བྲོས་ཕེབས་ཀྱིས་རྒྱལ་ཁམས་བསྐོར་ནས་བཞུགས་པ་བདེན་ན་བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་།  ཁྱད་པར་དུ་དུས་མཉམ་གྱི་མཁས་པའི་རྣམ་ཐར་རྣམས་སུ་མི་འགོད་པ་མི་སྲིད་ལ། ཁོང་གི་གདུལ་བྱ་རྣམས་ཀྱང་གློ་བུར་དུ་མེད་འགྲོ་བ་མི་སྲིད་པས་བཤད་ཚུལ་སྔ་མ་ནི་འགྲིག་པར་སེམས་སོ།། 

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060