ལྷ་བཟང་ཧན་གྱིས་བོད་སྲིད་ལོ་དུ་ལ་བསྐྱངས་པ་དང་།
སྤེལ་དུས། 2011-12-05   ཡོང་ཁུངས།    རྩོམ་པ་པོ།  པད་མ་ཚེ་རིང་།

  ལྷ་བཟང་ཧན་གྱིས་བོད་སྲིད་ལོ་དུ་ལ་བསྐྱངས་པ་དང་།དེས་ཇི་ལྟར་བསྐྱངས་པའི་སྐོར་རགས་ཙམ་བད་ཐུབ་བམ། 
ལན།    
ལྷ་བཟང་ཧན་གྱིས་སྤྱི་ལོ་1705ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་ཤིང་སྤྱི་ལོ་1706ལོར་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཁྲི་ལས་ཕབ་སྟེ་པེ་ཅིན་དུ་འཁྲིད་ཁུལ་གྱིས་ལམ་དུ་བཀྲོངས་པས་འདོད་པ་དོན་ཐོག་ཏུ་སྨིན་བྱུང་།   ཁོ་བོས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བགྲང་བྱ་བཅུ་གཉིས་ལ་བསྐྱངས་ནའང་། དོན་སྙིང་ཆེ་ཞིང་གླེང་རིན་ཡོད་པའི་བྱ་བ་ཅི་ཡང་མ་བདོག་པའི་དབང་གིས་ལོ་རྒྱུས་དེབ་ཐེར་དག་ཏུ་དེའི་རིང་གི་དོན་དག་འཆད་སྐབས་ས་བཅད་མ་སྟོང་བ་ཙམ་དུ་ཟད།   འདིར་ཉུང་ཙམ་དྲངས་ན།   ལྷ་བཟང་ཧན་གྱིས་དབང་སྒྱུར་སྐབས་གཙོ་གྲས་སུ་གཏོགས་པའི་སྲིད་འཛིན་མི་སྣ་སྟེ་བློན་པོའམ་མདུན་ན་འདོན་བྱམས་པ་གླིང་བ་དང་། བཀའ་བློན་བུ་ཆུང་།   ཚེ་བརྟན་རྡོ་རྗེ་བྱ་བ་སོགས་ད་མཐའ་དབུས་དམག་དཔོན་ཕོ་ལྷ་བ་དང་ཁང་ཆེན་པ་བཅས་ཡོད་ཚུལ་བཀོད་འདུག་ཡང་ལྷ་བཟང་ཧན་གྱིས་བོད་ལ་ཕྱོགས་ཡོངས་ནས་དབང་རྒྱུར་བྱ་དགོས་ན་གཙོ་བོ་ཆོས་ལུགས་ལ་བརྟེན་དགོས་པ་ཤེས་ཏེ་སྔ་གཞུག་ཏུ་སེ་རའི་ཚོགས་ཆེན་འདུ་ཁང་གསར་བཞེང་དང་སྔགས་པ་གྲྭ་ཚང་གསར་འཛུགས་ཀྱི་མཐུན་རྐྱེན་སོགས་བསྒྲུབས་པར་བཤད། སྐབས་ཤིག་གཙང་ཕྱོགས་ལྷོ་རྒྱུད་ཀྱི་ཡུལ་གྲུ་སྲད་རིན་ཆེན་རྩེ་བྱ་བའི་ས་ཁུལ་རྣམས་འབྲས་ལྗོངས་རྒྱལ་པོས་བདག་བཟུང་བྱས་པ་དེ་དྲག་ཤུགས་ཀྱིས་ཕྱིར་བླངས་ཏེ་ཕོ་ལྷ་བའི་ཕ་གཞིས་སུ་སྤྲད་པ་དང་འབྲུག་ཡུལ་དུའང་དམག་དཔུང་དྲངས། སྟོད་ཕྱོགས་སུ་ཁང་ཆེན་པ་བསོད་ནམས་རྒྱལ་པོ་མངའ་རིས་སྤྱི་ཁྱབ་ཏུ་བསྐོས་ནས་སྐོར་གསུམ་གྱི་ཡུལ་སྡེ་སྐྱོང་བ་སོགས་མཐའ་མཚམས་བདེ་སྲུང་གི་ལས་ཀ་འགའ་དང་ཆོས་སྲིད་ལས་དོན་མ་ཉམས་ཙམ་བསྒྲུབས་པ་ཡིན་འདུག་གོ 

  ཅུན་གར་པའི་སྟོབས་ཤུགས་བོད་དུ་བསླེབས་པ་དང་ལྷ་བཟང་ཧན་གྱི་སྲིད་དབང་ཤོར་བའི་ཚུལ་ཇི་ལྟར་ཡིན།
 
ལན། དགའ་ལྡན་ཕོ་བྲང་གི་སྲིད་དབང་ལྷ་བཟང་ཧན་གྱི་ལག་ཏུ་ཤོར་ནས་བགྲང་བྱ་བཅུ་གཉིས་འགོར་བའི་སྐབས་སུ།   སྡེ་སྲིད་ཕྱོགས་གཏོགས་ཀྱིས་འཁོན་ལན་སློག་ཕྱིར་ཅུན་གར་ལ་སྐྱབས་བཅོལ་བ་དང་གཅིག   ཅུན་གར་གྱིས་རང་གི་སྟོབས་ཤུགས་ཇེ་ཆེར་བཏང་སྟེ་རྒྱ་བོད་སོག་གསུམ་གྱི་ཡུལ་ལ་མངའ་ཐང་རྒྱ་བསྐྱེད་པའི་སྐབས་ཡིན་པ་དང་གཉིས། ལྷ་བཟང་ཧན་གྱི་བུ་ཆེ་བ་དགའ་ལྡན་བསྟན་འཛིན་གྱིས་ཅུན་གར་ཚེ་དབང་རབ་བརྟན་གྱི་བུ་མོ་འདོད་པ་དང་གསུམ་གྱི་དབང་གིས་ཅུན་གར་པའི་སྟོབས་ཤུགས་བོད་དུ་ལྷགས་པའི་རྒྱུ་གྲུབ་པར་འདོད།   དེ་ཡང་ལྷ་བཟང་ཧན་གྱི་བུ་ཆེ་བར་བཙུན་མོའི་བགོ་སྐལ་འཛིན་པའི་དུས་ལ་ཐོན་ཚེ།   ཁོས་ཅུན་གར་གྱི་བུ་མོ་མཛེས་མ་ཞིག་ཡོད་པ་དེ་བློར་བབས་ཏེ་ཡབ་ལ་ཞུས།   ལྷ་བཟང་ཧན་ཅུན་གར་པའི་སྟོབས་ཤུགས་ལ་དོགས་ནས་མོས་མཐུན་མ་བྱུང་ཡང་། བུ་དགའ་ལྡན་བསྟན་འཛིན་གྱིས་ཨུ་ཚུགས་མཐར་བསྐྱལ་བྱས་པས་ཅུན་གར་པའི་བུ་མོ་དེ་ལེན་རྒྱུ་ཐག་གིས་བཅད། དེ་ལྟར་ཅུན་གར་པས་གོ་སྐབས་དེ་དང་བསྟུན་ནས་དགའ་ལྡན་བསྟན་འཛིན་དངོས་སུ་བག་མ་བསུ་བར་ཡོང་དགོས་པའི་རེ་འདུན་ལྟར་འཁོར་སུམ་བརྒྱ་དང་བཅས་ཅུན་གར་དུ་སོང་བ་རྩ་མེ་དུ་བཏང་།   སྤྱི་ལོ་1716ལོར་ཅུན་གར་པས་རང་གི་གཅུང་ཚེ་རིང་དོན་གྲུབ་ཟེར་བ་དམག་དཔོན་གཙོ་བོར་བསྐོས་ཐོག་དམག་མི་ལྔ་སྟོང་ལྷག་བོད་དུ་བཏང་། དུས་དེར།ཁང་ཆེན་པས་ཅུན་གར་པའི་དམག་སྟོང་ཕྲག་ཁ་ཤས་མངའ་རིས་སུ་ཐོན་པ་ལྷ་བཟང་ཧན་ལ་ཞུས་ཏེ་དམག་བསྡུས་ནས་ས་མཚམས་བསྲུང་དགོས་པའི་རེ་བ་བཏོན། ལྷ་བཟང་ཧན་གྱིས་མེལ་ཚེ་པ་མོང་གོལ་ཨ་ཏི་ཤ་སྲུང་དམག་དང་བཅས་པ་མངག་པས་བྱང་གནམ་མཚོའི་འགྲམ་དུ་ཅུན་གར་པའི་མེལ་ཚེ་པ་དང་དམག་འཐབ་བྱས་ཤིང་ཕ་རོལ་དམག་དཔུང་སྐར་ཚོགས་ས་ལ་འཕོས་པ་ལྟར་མཐོང་བས་དངངས་སྐྲག་རབ་ཏུ་སྐྱེས་ནས་ཕྱིར་བྲོས་ཏེ།གནས་ཚུལ་རྣམས་ལྷབཟང་ཧན་ལ་ཞུས་ཤིང་བཀའ་ཡི་བློན་པོ་རྣམས་ལ་གྲོས་མཛད་སྐབས།མི་དབང་ཕོ་ལྷ་བས་འདམ་ལྗོངས་ཁུ་འདུས་ཞེས་པའི་རི་དེ་ནི་རྩྭ་ཆུ་ཤིང་གསུམ་འཛོམས་ཤིང་། མཐོ་ལ་བཙན་པ་ཞིག་འདུག་པས་དེ་བཟུང་ནས་དམག་འཐབ་བྱས་ན་ལེགས་ཞེས་བརྗོད་ཀྱང་།ལྷ་བཟང་ཧན་གྱི་བཙུན་མོའི་ཡབ་རྗེསཐར་བ་ཨེ་ཁེ་ཐའི་ཇིཁྲེལ་དགོད་བྱེད་བཞིན་ཁྱོད་ཀྱིས་སོག་པོའི་དམག་འཐབ་བྱེད་ལུགས་མི་ཤེས་ཞེས་རེ་བ་དང་ལེན་མ་བྱས།   དེ་ནས་འདམ་གཞུང་དུ་དམག་འཐབ་བྱས་ཀྱང་ཅུན་གར་པའི་དམག་དཔུང་མ་ཁོགས་པར་ཐད་ཀར་ལྷ་སར་བསྐྱོད། ལམ་བར་དུ་མི་སེར་རྣམས་ལ་ཁོ་ཚོ་ནི་དགེ་ལྡན་བསྟན་པ་དང་སྒོས་སུ་རྒྱལ་དབང་དྲུག་པའི་ཡང་སྲིད་མཚོ་སྔོན་ནས་ཕེབས་གྲབས་ཡོད་པས་དེར་མཐུན་གྱི་ཞབས་འདེགས་དང་།   བོད་འབངས་སྤྱིའི་དོན་དུ་ཡོང་བ་ཡིན་ལུགས་བརྗོད་དེ་རིམ་བཞིན་ལྷ་སར་ཐོན་ནས་ལྷ་ས་བཙན་གྱིས་བཟུང་། ལྷ་བཟང་ཧན་གྱིས་འཁོར་ཉུང་འདུས་ཤིག་ཁྲིད་དེ་བྲེལ་སྟབས་ངང་པོ་ཏ་ལའི་ཕོ་བྲང་དུ་བྲོས། མི་རིང་བར་ལྷ་བཟང་ཧན་དང་ཁོའི་འཁོར་དང་བཅས་པ་པོ་ཏ་ལའི་ཞོལ་གྱི་ལྕགས་རིའི་ཤར་སྒོ་ནས་ཐོན་ཏེ་འབྲོ་རྩིས་བྱས་ཀྱང་མ་ཐར་བར་ལྔ་ལམ་དུ་བརྫངས་པས།   གུ་ཤྲཱི་ཧན་བསྟན་འཛིན་ཆོས་རྒྱལ་གྱི་གདུང་རྒྱུད་རྒྱུད་ཀྱིས་བོད་དུ་བགྲང་བྱ་དོན་ལྔའི་རིང་ལ་བཟུང་བའི་དམིགས་གསལ་དབང་ཆ་དེ་མཐར་ཅུན་གར་པའི་ལག་ཏུ་ཤོར་རོ། 

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060