སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
ཕྱིར་དྲན་གྱིས་བཟོས་པའི་རྨ་ཁ།﹙གཞན་གཅིག﹚
སྤེལ་དུས། 2009-09-16   ཡོང་ཁུངས།    རྩོམ་པ་པོ།  སྡུག་ཐར་འཚོ།
        གངས་དཀར་སེམས་པའི་ཞལ་རས་ཕྱག་ཟུང་གིས་བླངས་ཏེ།།

དཔལ་ལྡན་རིག་པའི་རལ་གྲིས་གཤགས་བཅོས་ཤིག་བྱས་ན།།

རྨོངས་འཐོམ་ནད་ཀྱིས་ཟིན་པའི་བྱང་ཁོག་གི་ན་ཟུག།

བག་འཁུམ་རུལ་ཆུ་འཐུང་བས་རྒྱུ་རྐྱེན་གྱིས་བསྐྲུན་འདུག།

 

མ་སྦྱངས་མལ་ནས་རྒས་ན་ཁྱི་ཕག་གི་རྣམ་ཐར།།

ཐོས་པའི་ཤེས་རབ་ཐོབ་ནས་བསམ་གཞིག་གི་སྡུག་བསྔུལ།།

གང་བྱས་དམིགས་འདུན་སྟོང་བ་གཟེབ་ནང་གི་བྱེའུ་ཆུང་།།

སྐྱོ་སྣང་མུན་པའི་ཀློང་ལ་ཟུངས་ཁྲག་དེ་འཐིམས་སོང་།།

 

ཡ་གིའི་བཙུན་པས་གསུངས་པ་ལས་འབྲས་ཀྱི་རྣམ་གཞག།

མ་གིའི་རྒད་པོས་བཤད་པ་གཡོ་ཚོང་གི་གནའ་གཏམ།།

ན་མཉམ་གྲོགས་ཀྱིས་གླེང་བ་ཚན་རྩལ་གྱི་མཛེས་མ།།

རང་གི་རིག་གཞུང་བོར་བ་ནོངས་སེམས་ཀྱི་གཏེ་བོ།།

 

སྦག་སྦག་སྣ་མང་ཉོ་བ་འབྲོག་ཁུལ་གྱི་སྟོབས་འབྱོར།།

ཆག་གྲུམ་སླར་བཟོ་མི་ཤེས་གྱོང་གུད་དང་ངོ་ཚ།།

རྙིང་ཧྲུལ་རླངས་འཁོར་ཞིག་གི་སྐོར་བྱེད་ལ་འཇུས་ཏེ།།

སྣང་བ་གླུ་རུ་ལེན་པའི་འབྲོག་ཕྲུག་འདི་སྙིང་རྗེ།།

 

སྐུ་རབས་དུ་མའི་མིང་ལྡན་རིགས་འཛད་ཀྱི་ཐ་མ།།

སྲིད་འབྱོར་མཛེས་མ་འཆང་བའི་གཉིས་སྦྱོར་གྱི་དགའ་སྟོན།།

ཐིག་ལེ་ཡར་འདྲེན་མ་ནུས་ཟློས་གར་གྱི་ངོ་བོ།།

སྲས་དང་སྲས་མོར་འཕོས་པ་བོད་ཡུལ་གྱི་བསོད་ནམས།།

 

ཞུ་ཡིག་དྲན་སྣང་ཁྲོད་ཀྱི་ལྷ་མོ།

----ལྷ་སའི་སྦྲེལ.སྐར་ཆེན་ལ།

རབ་འབྱམས་རྒྱལ་བའི་ཡེ་ཤེས་སྒྱུ་འཕྲུལ་གར།།

དམར་སེར་ཐུན་མཚམས་གཞོན་ནུར་བཟློས་པའི་དཔྱིད།།

ངྷཱི་ཡིག་རང་སྒྲ་རྒོད་པའི་མཁྱེན་གཏེར་ལྷས།།

དམིགས་མེད་རྗེས་ཆགས་རྩེད་དགས་ཁྱེད་ལ་སྲུངས།།

དྲི་མེད་བཤད་སྒྲུབ་དབྱིག་མཆོག་སྤེལ་བའི་དངོས་རྒྱུ།།

སྨྲིག་བུའི་ཆ་གཏེར་རྨང་ནས་རྒྱུ་བར་དོགས་ཏེ།།

གཙང་བོའི་མུ་ཕྲེང་བསྟར་བའི་ཉི་མའི་ཞིང་ཁམས།།

སྲིད་རྩེར་འཕགས་པའི་གྲགས་སྙན་རླུང་ལ་སྡང་ངོ་།།

དེ་ལྟའི་དགེ་མཚན་འབར་བར་བཤད་པའི་གཞུང་ལུགས་ཆེ།།

ཀློག་སྤང་ཟུང་འཇུག་ཁོ་ནས་སྒྲུབ་ལ་རབ་གཞོལ་ཏེ།།

ཟབ་ཡངས་མཁྱེན་རབ་དཀྱིལ་འཁོར་ཉི་གཞོན་སྟོང་ཕྲག་བཞིན།།

ཚོགས་དབུས་ལྷང་ངེར་རྒོད་པའི་མ་སྨད་མཛའ་གཅུགས་ལ།།

སྤངས་རྟོགས་རལ་བའི་ཁུར་ཆེན་རབ་བརྗིད་མི་འཇིགས་སྨྲ་བའི་དབང་།།

ཟླ་མེད་བཅུ་ཕྲག་ཞབས་ལ་བསྙེན་ཡང་རྒྱ་ཆེན་གཞུང་ལུགས་མཚོར།།

བློ་གྲོས་བྱེ་བས་རྩལ་གྱིས་མ་ཆོད་མིག་ཟུང་ནོར་བུའི་ཟླར།།

སྙེམས་ལ་རིངས་པས་ཆོ་ངེ་དབྱངས་ཀྱིས་མཆིད་འདི་གསོལ་ལ་དགོངས།

དམར་ཆུང་སྙིང་གི་ཡིད་འཕྲོག་ལྷ་མོ་དབུས་གཙང་ལྗོན་པར་རིང་ནས་འཕུར།།

མཛའ་བའི་རྟེན་གཅིག་གསེར་གྱི་གདུབ་གོར་ནོར་བཟང་རྒྱལ་བོའི་སྔས་སུ་འཚེར།།

ལྷིང་འཇགས་རྒུམ་པའི་ཁོར་ཡུག་འདི་ནས་ལྷ་མོའི་བཞད་སྒྲ་བསྟུད་མར་གསན།།

མ་སྒོམ་འཛུམ་ཞལ་མངོན་སུམ་སྣང་ཚེ་སྐྱོ་ཤས་ཆུ་གཉེར་ཟད་པ་མེད།།

མཆི་མ་ཁོང་དུ་བབས་ནས་ཤུགས་རིང་མཁའ་ལ་ལུད་ཅིང་།།

མཚན་མཆོག་གཟུངས་སྔགས་བཟླས་ཏེ་རུས་པའི་འཕྲུལ་འཁོར་ཟད་མོད།།

མི་རྟག་རྨི་ལམ་ལས་གཞན་མཇལ་འཛོམས་དགའ་སྟོན་བྲལ་བ།།

ལྗོན་པའི་ཡུལ་གྱི་སྙིང་སྡུག་བྱམས་བརྩེ་ཆུང་བ་མིན་ནམ།།

དེ་སྐད་སྙིང་གི་རེ་ཁཱ་དམར་པོ།།

རྗོད་བྱེད་ཚིག་ལ་ལེགས་པར་བསྟར་བའི།།

ཞུ་ཡིག་དྲན་སྣང་ཁྲོད་ཀྱི་ལྷ་མོ།།

སུག་པའི་ཚལ་ནས་རིངས་པར་གཤེགས་སོ།།

འབྲུག་མོས་ཞུ་དག་བྱས།

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060