ཁོ་བོའི་སེམས་ན་དྲོལ་ཁོལ་མེ་ཏོག་ཅིག།
ཁྱེད་ཀྱི་ཁ་རུ་སྦྲང་རྩི་མངར་མོ་ཞིག།
འུ་གཉིས་སེམས་ན་བརྩེ་དུང་ལྷད་མེད་ཅིག།
ལོ་ཟླའི་འགྲོས་དང་བསྟུན་ན་སྤྲོ་སྣང་རེ།།
མཛེས་པའི་སློབ་གླིང་ཁྲོད་དུ་སྐྱིད་སྣང་ཞིག།
འཚོ་བའི་བགྲོད་ལམ་ཁྲོད་ན་ཟུར་མིག་རེ།།
ཁྱོད་དང་ང་ཡི་དུངས་སེམས་ཟུར་མིག་དེ།།
སྙིང་ལ་ཉར་བའི་ལྷག་བསམ་དཀར་བོ་ཞིག།
ཁྱེད་ཀྱི་སེམས་ན་རྫོགས་མེད་ཐེ་ཚོམ་ཞིག།
ང་ཡི་སྙིང་ན་མེ་ཏོག་རྐང་ཕྲན་གཅིག།
སྐྱོ་གཞས་དབྱངས་ལ་གྱེར་བའི་སྙིང་གཏམ་འདི།།
བཅོ་ལྔའི་ཟླ་བ་ལྷ་མོའི་སྙན་ལ་སྒྲོན།།
ང་ལ་ཁྱེད་ཀྱི་ཡིད་འོང་ལང་ཚོ་མེད།།
ཁྱེད་ལ་ང་ཡི་ལམ་གི་རང་དབང་མེད།
ཁྱེད་དང་འུ་གཉིས་འགལ་བའི་སྤོབས་པ་མེད།།
མེད་པ་གསུམ་གྱི་མྱ་ངན་ཐང་ན་འཁྱམས།།
ཁྱེད་ཀྱི་ལང་ཚོ་བིས་མདོ་གཞུང་ནས་གྲོལ།།
འཁྱམས་པོ་བདག་གིས་སྐྱེས་ཡུལ་ཀ་རིང་ཞིང་།།
སློབ་གླིང་གཅིག་ལ་འཛོམས་པའི་དུས་དེ་ནས།།
ཁྱེད་ནི་བདག་ཡིད་འཕྲོག་པའི་སྙིང་སྡུག་མ།།
ཁྱེད་ཀྱི་མིང་ལ་འབྲུག་མོ་སྐྱིད་དུ་འབོད།།
བདག་གི་མིང་ལ་ཅང་མེད་བུ་ལོ་ཟེར།།
མ་འོངས་མདུན་ལམ་སྙེག་པའི་བློ་སྤོབས་བོར།།
ང་ཡི་ཡོད་ཚད་ཁྱེད་ཀྱི་བརྩེ་དུང་དངོས།།
ཁྱེད་ཀྱི་ཆེད་དུ་བདག་གིས་ཅི་ཡང་ཕོད།།
ང་ལ་དུངས་པ་ཁྱོད་སེམས་གཅོད་ནད་ཉིད།།
ཝ་སྐྱེས་རྒྱལ་བོར་བཀུར་བའི་སྐྱོ་གར་འདི།།
འུ་གཉིས་མདུན་ལམ་ཁྲོད་ན་འཁྲབ་ཀྱིན་གདའ།།
ཁྱོད་ཀྱི་སྦྱིན་པའི་ཚོར་སྣང་ཟབ་མོ་འདི།།
བདག་གིས་གང་ཡང་ཕོད་པའི་ཆོ་ག་ཉིད།།
སིཏཱ་ནགས་སུ་ཁྲིད་པའི་གཏམ་སྦྱོར་འདི།།
དང་དུ་ལེན་པར་ཁོ་བོ་སོམ་ཉི་བྲལ།།
གོམ་གང་མདུན་དུ་སྤོས་པའི་བསམ་བློ་རུ།།
ཁྱེད་དང་ཚེ་གཅིག་མི་འབྲལ་དམ་བཅའ་རེ།།
ཁྱེད་དང་ལྷན་དུ་འཛོམས་པའི་དགའ་སྣང་ཁྲོད།།
སྟོང་གསུམ་བདག་ལ་དབང་བའི་སྐྱིད་སྣང་རེ།།
འབྲུག་མོས་ཞུ་དག་བྱས།