སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
མཛངས་བློན་མགར་དམ་པའི་དགའ་སྐྱོ།
སྤེལ་དུས། 2009-12-30   ཡོང་ཁུངས།    རྩོམ་པ་པོ།  ཁཱ་ཤེས་རབ་རྒྱ་མཚོ།

 ----ཏུན་ཧོང་ཡིག་ཚང་མཐོང་མཐོང་རྗེས་ཀྱི་འཆར་སྣང་།

འཛམ་གླིང་འཛིན་མའི་ཁྱོན་ནས་མངོན་འཕགས་བྷོ་ཊའི་དབང་ཐང་དར་བའི་སྐབས།།

མགར་གྱི་བཀའ་དྲིན་རླུང་ལྟར་གྲགས་ཤིང་ཕྱུགས་རྫི་རྒན་པོའི་སོ་ན་གནས།།

དོན་དུ་ཕྱི་ཡི་དགྲ་མགོ་གནོན་ཞིང་ནང་གི་ཚུགས་ཐུབ་ཡུལ་བཟུང་བས།།

སྲིད་བརྟན་འབངས་མི་བདེ་བའི་མངའ་ཐང་རྒྱ་རུ་བསྐྱེད་པར་གློ་བ་དགའ།།

 

དུས་རབས་དྲུག་པའི་དཀྱིལ་ནས་བཟུང་སྟེ་མགར་ཚང་ཁྲི་སྒྲ་འཛི་རྨུན་བྱུང་།།

དེ་ནས་མགར་མང་ཞམ་སུམ་སྣང་སྟོང་བཙན་ཡུལ་བཟུང་ནས་རིམ་མཆེད་དེ།།

བཙན་སྙ་ལྡོམ་བུ་ཁྲི་འབྲིང་བཙན་བྲོད་འབྲིང་རྩང་སྟོན་སྟ་གུ་ཟུང་།།

བཙན་ཉེན་གུང་རྟོན་མང་རྗེ་སྟག་བཙན་གདུང་རྒྱུད་གསེར་རིའི་ཕྲེང་བ་བྱོན།།

 

ཁོ་བོས་བཙན་པོར་གློ་བ་རིངས་ཀུན་དྲུངས་ནས་འབྱིན་པའི་འགན་དབང་བཟུང་།།

ཁོ་བོས་བཙན་པོའི་སྐུ་ཡི་བར་ཆད་མཐའ་དག་བཟློག་པའི་འགན་དབང་བཟུང་།།

ཁོ་བོས་བཙན་པོའི་གཉེན་གྱི་ཕོ་ཉར་ཕེབས་ནས་ཕྱི་འབྲེལ་འགན་དབང་བཟུང་།།

ཁོ་བོས་བཙན་པོའི་རྒོད་གཡུང་དབྱེ་ཞིང་བཀའ་ཁྲིམས་འཐུས་ཚང་འགན་དབང་བཟུང་།།


མཚམས་རེར་དྲག་པོའི་དཔུང་ཚོགས་བཤམས་ནས་ཕྱོགས་བཞིའི་རྒྱལ་ཕྲན་དབང་དུ་བསྡུས།།

མཚམས་རེར་ཞི་དྲག་ཐབས་ཤེས་བཀོལ་ཏེ་ཀོང་ཇོ་ལ་སོགས་ཁབ་ཏུ་བསུས།།

མཚམས་རེར་སྟོད་ལུང་བདེ་ཆེན་དང་ནི་ཁང་དམར་རྫོང་གི་གཞིས་ཀ་སྐྱོང་།།

མཚམས་རེར་ཡུམ་བུ་བརླ་མཁར་འདབས་སུ་ཆུ་མིག་བཏོན་ཏེ་ངོ་མཚར་བསྟན།།

གོང་གི་བླ་ན་སྒམ་པའི་རྗེ་དང་འོག་ན་མཛངས་པའི་བློན་ཆེན་ཁོང་།།

རིག་པ་རྣོ་ཞིང་ངང་ཚུལ་བརྟན་ཞེས་གསོང་བོར་སྨྲ་རྣམས་གཅིག་མཐུན་ཡང་།།

མགར་ཚང་དབང་ཐང་བཙན་པོར་མཉམ་པས་བཙན་པོའི་བློ་ཡིད་མ་བདེ་བར།།

རྗེ་བློན་བར་དུ་ཐེ་ཚོམས་འགལ་བ་ཛ་དྲག་རང་བཞིན་རིམ་ཆགས་ཏེ།།

 

ཐང་གིས་བཙན་པོའི་ཁྱིམ་གཞིས་གཏོར་བར་གསང་རྐྱེན་ཕྲ་མ་བཅུག་པ་དང་།།

ཁྲི་མ་ལོད་ཀྱིས་ཆབ་སྲིད་སྟེགས་དབང་བཟུང་ཡང་མྱོང་གོམས་མེད་པ་སོགས།།

མཐུན་རྐྱེན་ཚོགས་པས་མགར་ཚང་བཙན་པོའི་ཕོག་ཐུག་གཏོང་ཡུལ་གྱུར་པ་ནས།།

མགར་ཚང་རྫོང་ལ་བཀྱོན་ཆེན་འབེབས་པའི་ལས་དབང་འདི་དང་གཡོལ་མ་བྱུང་།།

 

དེ་ནས་བཟུང་སྟེ་མགར་ཚང་རུས་སོགས་ཚར་གཅོད་ཚོགས་པ་བཙུགས་པ་དང་།།

བཙན་ཉེན་གུང་རྟོན་གློ་བ་རིངས་ཞེས་ཞྭ་མོ་བཀབ་སྟེ་ཁྲིམས་ནས་བཀུམ།།

དབུས་སྟོད་ཕྱོགས་ཀྱི་མགར་ཚང་རུས་སོགས་སྟོང་ཕྲག་དུ་མ་ཉིན་རེར་བསད།།

རྗེ་ལ་བློ་དཀར་གསལ་བཤད་ཆེད་དུ་ཁྲི་འབྲིང་མགར་གྱིས་རང་སྲོག་བླངས།།

 

དེ་བས་བློས་ཐུབ་དམག་དཔོན་བརྒྱ་ཡིས་རང་སྲོག་བཅད་དེ་མྱ་ངན་བྱས།།

སྤུན་འབྲིང་དང་ནི་བྲན་ཁྱིམ་བདུན་སྟོང་ཐང་ལ་བསྙེགས་ནས་སྐྱབས་བཅོལ་ཏེ།།

ཐང་གི་གཡས་རུའི་སྐུ་སྲུང་དམག་དཔོན་ཆེན་པོའི་ཆོ་ལོ་ཡོད་ཀྱང་རུང་།།

བཙན་པོར་ངོ་རྒོལ་ཅི་ཡང་མ་སྤེལ་རྗེ་བློན་དམ་ཚིག་ཁོ་བོས་བསྲུངས།།

 

མདོར་ན་བློན་ཆེན་དབང་ཐང་ཆེ་དྲགས་རྨང་གཞིས་རྗེ་ལ་ཐེ་ཚོམ་བསྐྱེད།།

ཕྱི་ནང་སྐུལ་འདེགས་ཕྲ་མ་ཟུང་གིས་མགར་ཚང་ཁྱིམ་ལ་སྐྱོ་འབྲས་བསྟར།།

དོན་དུ་བདེན་རྫུན་དབྱེ་འབྱེད་དེ་ནི་སྐྱེས་བུ་དམ་པར་མཁོ་མོད་ཀྱང་།།

ཕྲ་མ་སོགས་ཀྱི་རྒྱ་རུ་ཚུད་ན་རྗེ་བློན་འགལ་བ་སེལ་ཐབས་དབེན།།

 

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060