སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
ངག་གི་འགྱུར་ཁུག་རྫོགས་པ་ཡི།། དུས་རབས་གསར་བའི་སྙན་ངག་མཁན།།
སྤེལ་དུས། 2009-06-18   ཡོང་ཁུངས།  ༢ ༠༠༨ལོའི་དེབ་གཉིས་པ།    རྩོམ་པ་པོ།  རྣམ་སྲས།

  ----ལྷ་རྒྱལ་ཚེ་རིང་གི་སྙན་ངག་གཅེས་བསྡུསསྐྱ་རེངས་ལྷ་མོའི་འབོད་བརྡའལ་ཅུང་ཟད་དཔྱད་པ།
                
དང་པོ། རྩོམ་པ་པོའི་ལོ་རྒྱུས་དང་བརྩམས་ཆོས་སྤྱིར་བསྟན་པ།
  
སྙན་ངག་པ་ལྷ་རྒྱལ་ཚེ་རིང་ལགས་ནི༡༩༦༢ལོའི་ཟླ་དྲུག་པར་མཚོ་སྔོན་ཞིང་ཆེན་གྱི་ཁྲི་ཀ་རྫོང་དུ་སྐྱེས་ཤིང་། ༡༩༧༩ལོར་མཚོ་ལྷོ་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་གཞི་རིམ་སློབ་ཆུང་གི་དགེ་རྒན་བྱས་ལ། ༡༩༨༥ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས་དེ་རུ་དགེ་རྒན་གྱི་ཕྱག་ལས་གནངས། ༡༩༨༨ལོར་གཙོས་མི་རིགས་མཐོ་རིམ་དགེ་ཐོན་ཆེན་གཉེར་སློབ་གྲྭའི་བོད་ཡིག་སྡེ་ཁག་ཏུ་ལས་གནས་སྤོས། ༡༩༨༣ལོ་ནས་བཟུང་རྩོམ་རིག་གསར་རྩོམ་ལ་གཞོལ་བ་དང་། སྙན་ངག་དང་སྒྲུང་གཏམ་བཅུ་ཕྲག་ལྷག་ལ་ལྗོངས་ཞིང་ལྔའམ་ཞིང་ཆེན་རིམ་པའི་གཟེངས་བསྟོད་བྱ་དགའ་ཐོབ། སྙན་ངག་གཅེས་བསྡུསསྐྱ་རེངས་ལྷ་མོའི་འབོད་བརྡའཞེས་པ་ཀྲུང་དབྱང་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་རིག་འཛིན་བྱེ་བའི་རོལ་མཚོཞེས་པ་ཀྲུང་དབྱང་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས། ད་ལྟ་ཀན་སུའུ་ཞིང་ཆེན་གྱི་གྲས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ཀུན་སུའུ་ཞིང་ཆེན་གྱི་བོད་ཀྱི་ཤེས་རིག་མཐུན་ཚོགས་ཀྱི་རྒྱུན་ལས་པ། གཙོས་མི་རིགས་མཐོ་རིམ་དགེ་ཐོན་ཆེད་གཉེར་སློབ་གྲྭའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་དགེ་རྒན་ཆེན་མོ་བ་གཞོན་པ་བཅས་ཡིན།
    ཁོང་ཉིད་ཇི་ལྟར་སྙན་ངག་གསར་རྩོམ་གྱི་ལམ་དུ་ཞུགས་པའི་ཐད་ང་རང་དང་སྙན་ངགཅེས་པའི་ནང་དུ། བདག་གིས་སྙན་ངག་འབྲི་དོན་ནི། ༩༦༢ལོའི་ཟླ་དྲུག་པར་ང་རང་རྨ་འགྲམ་ཁྲི་ཀ་ནས་སྐྱེས་དུས། རང་རེའི་རྒྱལ་ཁབ་ལོ་གསུམ་རིང་གི་མུ་གེ་ལས་ཐར་མ་ཐག་པ་ཡིན་ཞིང་། མི་རྣམས་ཀྱི་འདྲེན་བྱེད་ལྗངས་མདོག་ལྡན་པའི་རི་ལུང་ལ་ཕྱོགས་ཙ་ ན་མེ་ཏོག་གསར་དུ་དགོ་པ་དང་། ཁོད་སྙོམས་ཞིང་ལ་སྐྱེས་པའི་གྲོ་ནས་སྲན་གསུམ་ལས་ངལ་རྩོལ་གྱི་གླུ་གཞས་རླབས་ལྟར་འཕྱོབར་བྱེད་པས་དབྱར་ཟླ་དྲུག་པའི་མཚར་སྡུག་དང་ལྷོད་བག ཞི་བདེ་དང་འདོད་འདུན་ཆེས་ཐོག་མར་བདག་ལ་བསྙད་པ་དང་། ཕྱོགས་སུ་འཁྱམས་ཤིང་བརྩེ་བས་ཁེངས་པའི་མཐིང་སྔོན་དྲི་བཞོན་ལྷ་མོས་བདག་གི་མཉེན་འཇམ་སྐྲ་ལོར་བྱིལ་བྱིལ་མཛད་ཀྱིན་ཅི་ཞིག་སྔོན་བརྡ་ཤུབ་བུར་ཟློས་པས་ཡིན། ཞེས་བརྗོད་འདུག་པ་དང་། བྱིས་པའི་དུས་སྐབས་ཀྱི་ལྷ་རྒྱལ་ཚེ་རིང་ནི་ཁོང་ཉིད་ཀྱི་ཨ་ཕྱིའི་འཆད་གྱེར་ཟུང་འབྲེལ་གྱི་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུངདང་། གངས་ཅན་བོད་ཀྱི་ཕུན་སུམ་ཚོགས་པའི་བྱིས་སྒྲུང་གི་རྒྱ་མཚོར་རྣམ་པར་རོལ་བས། ཁོ་རང་རྨི་ལམ་དང་འཕྲུལ་སྣང་། འཆར་ཡན་ལ་ཕྱོགས་པ་དང་། ཨ་སྔོན་མཁའ་མཐའ་ན་སྐྱོད་པའི་སྤྲིན་དཀར་གྱི་གར་སྟབས་དང་། ནམ་མཁའི་མཐའ་ལ་བསྲིངས་པའི་ཆུ་རྒྱུན་གྱི་བཞུར་འགྲོས་ཁོ་རང་ལ་ནམ་ཡང་རྟག་བརྟན་གྱི་ཆོས་ཉིད་ཅིག་གམ་སྔོན་མེད་ཀྱི་གསལ་འདེབས་ཤིག་སྐྱེས་སུ་བསྟབས་པས། མི་འགྱངས་པར་མི་དམངས་ཀྱི་བདེ་སྡུག་གླུ་རུ་ལེན་མཁས་པའི་སེམས་པ་ཆུང་ཆུང་དེ་འཆར་ཡན་དུ་རྒྱུ་བའི་ལམ་བུར་ཞུགས་སོང་བ་ཡིན།
    
ཁོ་རང་སྐྱོད་བཞིན་པའི་ལམ་བུ་དེའི་སྟེང་ནས་སྙན་ངག་པས་བསམ་གཞིག་གི་གོམ་སྟབས་ཀྱང་སྣ་ཚོགས་བསྒྱུར་འགོ་བརྩམས་པ་དང་། ཁོས་རང་གི་ཚོར་སྣང་དང་རྟོག་འཆ་གླེང་སྐབས། ཐང་སྨུག་སྦྲ་ཁྱིམ་ལས་ཉི་འོད་ཀྱི་བརྩེ་ཞེན་དང་ལྷགས་རླུང་གི་གདུག་རྩུབ་རེས་མོས་སུ་མྱངས་པ་དང་། གནའ་བོའི་ཤིང་ཁང་ལས་ལོ་ཟླའི་ཞབས་རྗེས་དང་མེས་པོའི་བློ་གྲོས་རྙེད་བྱུང་བར་མ་ཟད། ཆུ་ལེན་བུ་མོའི་བགྲོད་བསྐྱོད་ལས་དེ་དག་གི་གཟུགས་བྱད་ཀྱི་རོལ་སྒེག་དང་བསླུ་བྲིད་མཐོང་ལ། སྟག་ཤར་གཞོན་ནུའི་དཔུང་ཤ་ལས་དེ་དག་གི་རྩལ་ཤུགས་དང་དཔའ་གདེང་མཐོང་བ་དང་། རི་རབ་ཀྱི་འགྱིང་སྟབས་ལས། ཕོ་རྒོད་ཀྱི་བརྟན་བརླིང་མཐོང་། ཆུ་རྒྱུན་གྱི་བཞུར་འགྲོས་ལས་སྒེག་འཆིང་མའི་ཞི་དུལ་རྙེད་པ་ཡིན་ཞེས་པས། ང་ཚོས་ལྷ་རྒྱལ་ཚེ་རིང་ལ་སྙན་ངག་པ་ཞིག་ལ་ཡོད་འོས་པའི་ཚོར་རྟོགས་དང་བརྩེ་སེམས་ལྡན་པ་མ་ཟད། འོད་འཚེར་བར་བྱེད་པ་ཐམས་ཅད་རིན་ཆེན་མིན་པ་དང་། སོ་སྟོན་པ་ཐམས་ཅད་གྲོགས་པོ་མིན་པ་རྟོགས་ཤིང་། ནག་ཉེས་ཀྱིས་ཞི་བདེ་ལ་མཆེ་བ་བཙུགས་པ་དང་། ལོག་སྤྱོད་ཀྱིས་དགེ་ལེགས་ལ་སྡེར་མོ་བགྲད་པ་མཐོང་བས། ཞེས་པ་དག་ལས་ཁོང་ཉིད་ལ་སྙན་ངག་པ་ཞིག་ལ་མཁོ་བའི་སྤོབས་པ་དང་ཆགས་སྡང་གི་ཚོར་བ་གསལ་ཞིང་མི་འཆོར་བ་ཞིག་ཡོད་པའང་ཤེས་ཐུབ། ༡༩༧༩ལོའི་ཟླ་དྲུག་པར་ཁོ་རང་མཚོ་ལྷོ་མི་རིགས་དགེ་ཐོན་ཆེ་གཉེར་སློབ་གྲྭ་ནས་མཐར་ཕྱིན་པ་དང་། གནས་དེ་རུ་ཁོས་བློས་ཐུབ་སྡོངས་གྲོགས་ཏེ་ཤེས་བརྩོན་རྙེད་བྱུང་བར་མ་ཟད། ལམ་སྟོན་སྒྲོན་མེ་སྟེ་ཕུགས་བསམ་རྙེད་བྱུང་ཞེས་ལབ་ཀྱིན་ཡོད་དེ། རང་ཉིད་ཀྱི་སྐྱོ་སྣང་ནམ་ཡང་སྤྲོ་སྣང་ལས་རྒྱལ་བར་བྱེད་པ་དང་། ཤེས་རྟོགས་ཀྱང་རྨོངས་མུན་ལས་རྒྱལ་བར་བྱས་པ་ཡིན་ཟེར། ༡༩༨༥ལོའི་ཟླ་བདུན་པར་ཁོང་ཉིད་ནུབ་བྱང་མི་རིགས་སློབ་གླིང་ནས་མཐར་ཕྱིན་པ་དང་། གནས་དེ་རུ་ཁོས་དབྱིན་ཇིའི་ཧྲ་ཧྲི་པིས་ཡ་དང་ཧྥ་རན་སིའི་བྷོ་ཏི་ལེར། ཨ་མེ་རེ་ཀའི་ཧོས་ཐི་མན། རྒྱ་གར་གྱི་ཐེ་གོར། དབྱི་ཏ་ལིའི་ཁ་ཞི་མོ་ཏོ་སོགས་ཀྱི་སྙན་ངག་རོལ་མྱོང་གི་སྐལ་བ་ལྡན་ཞིང་ཆུ་འཛིན་གྱིས་མཆི་མ་འདོན་པའི་དབྱར་དུས་ཤིག་ལ་བདག་གིས་ཅི་བྷོ་ལོང་གིམཆི་མ་དང་དགོད་འཛུམབཀླགས་པས་སྙན་ངག་གི་ཟས་མཆོག་འདིར་རོལ་ཞིང་དེའི་ཆེད་དུ་རང་གི་བློ་རིག་དང་བརྩེ་སེམས་ཡོད་ཚད་དུ་བུལ་རྒྱུའི་སེམས་ཐག་བཅད་དེ། གནས་དང་དུས་གང་དུ་སོང་ནའང་། ངས་གངས་རྒྱན་པདྨའི་བསུང་ངད་པང་དུ་ཁྱེར་ནས། གཙང་པོའི་ཕ་མཐར་བརྒྱུགས་ཏེ། ཆུ་ལེན་བུ་མོའི་གདོང་དུ་བཏབ། རི་བོའི་ཕ་རོལ་བརྒལ་ཏེ། ཐང་སྨུག་སྦྲ་ཁྱིམ་ནང་ལ་བསྐྱིལ་བ་དང་། འཇིག་རྟེན་གྱི་མི་རྣམས་ནི་རང་བཞིན་གྱིས་སྡུག་གི་མུན་པ་དྭངས་ཤིང་བདེ་བའི་མཚོ་མོ་འཁྱིལ་བར་དགའ་བའི་ཆོས་ཉིད་དེ། རྩོམ་པ་པོས་ཚོར་སྣང་དངོས་མ་དང་མྱོང་སྣང་རྣལ་མའི་གཟུགས་སུ་འཕོས་པ་དང་། འབངས་ཕལ་བའི་བདེ་སྡུག་གི་སེམས་ཁམས་དེ་དངོས་སུ་ཚོར་བ་དང་། རྙེད་པ། ཟིན་པ་ལྟ་བུས་མི་སེམས་མྱོས་པའི་གླུ་དབྱངས་ཚན་པ་གཅིག་སྙན་པའི་ངག་ཏུ་ལྷང་ལྷང་གྱེར་བ་རེད།

                                                 གཉིས་པ། གནའ་དེང་སྙན་ངག་གི་རྒྱུད་སྐུད་ལས་འཕོས་པའི་སྙན་འགྱུར་རོལ་དབྱངས།
     
སྤྱིར་རྩོམ་རིག་བརྩམས་ཆོས་ལ་བརྗོད་བྱའི་དོན་གྱི་ཉམས་གལ་ཆེ་བ་བཞིན་དུ་རྗོད་བྱེད་ཚིག་གི་ཉམས་ཀྱང་གལ་ཆེ་སྟེ། རྗེ་ཙོང་ཁ་པ་ཆེན་པོས། དོན་བཟང་བ་ལ་ཡིད་འཕྲོག་ཚིག་སྦྱོར་གྱིས། སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར། ཞེས་གསུངས་པ་དང་། སྙན་ངག་མེ་ལོངདུ། སྙན་པ་ཉམས་ལྡན་ཚིག་དང་ནི།། དངོས་པོ་ལའང་ཉམས་གནས་པ།། གང་ཞིག་བློ་ལྡན་དགའ་བྱེད་པའོ།། ཞེས་པ་ལྟར། སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པས། ཕྱི་ནང་སྙན་ངག་གང་ཞིག་གི་སྒྱུ་རྩལ་ཞིབ་དབྱེའི་གོམ་པ་དང་པོ་ནི་སྐད་ཆའི་ཞིབ་དབྱེ་ཡིན་པ་དང་། སྙན་ངག་གི་དབྱངས་ཀྱི་མཛེས་པ་དང་ཡིད་ཡུལ་མཛེས་པ་སོགས་གྱ་ནོམ་པའི་མཛེས་ཆས་གང་ཡིན་ཡང་ཚང་མ་ཡིག་འབྲུ་དང་སྐད་ཆའི་བར་གནས་ཡོད་པ་རེད། སྙན་ངག་པས་སྒྱུ་རྩལ་གྱི་ཐབས་རྩལ་དུ་མ་བསྲེས་སྦྱོར་གྱིས་ཡིད་བརྙན་བཞེངས་བསྐྲུན་མཛད་དེ། སྙིང་ཁོངས་ཀྱི་དོན་དམ་བརྩེ་དུང་ཉིང་བསྡུས་ཀྱིས་གླུ་རུ་ལེན་བཞིན་ཡོད། ལྷ་རྒྱལ་ཚེ་རིང་གི་སྙན་ངག་ལ་མཚུངས་མེད་སྡེབ་སྦྱོར་དང་སྙན་འགྱུར་རྫོགས་པའི་གདངས་དབྱངས་ཀྱི་མཛེས་པ་མངོན་པར་ཐོན་འདུག་གོ།

སྙན་ངག་མེ་ལོངནང་བསྟན་པའི་ཕུན་སུམ་ཚོགས་པའི་རྒྱན་གྱི་སྦྱོར་སྟངས་ལྟར་ཚིག་དང་ཐ་སྙད་ཀྱི་བསྡེབས་ལྷག་པར་འགྲིག་ཅིང་འཕྲོད་པར་སྤེལ་ཡོད་པ་མ་ཟད། དེང་རབས་ཀྱི་གདངས་མཚམས་དང་གྲིམ་ལྷོད། འདེགས་འཇོག་སོགས་འདྲེས་མར་སྤེལ་བས་ཁུ་བྱུག་སྔོན་མོས་གསུང་དབྱངས་སྒྲོག་པ་བཞིན་རྣ་བར་སྙན་ཞིང་ཤིན་ཏུ་མཛེས་པའི་དབྱངས་འགྲོས་ཞིག་ཐོན་ཡོད་པ་དང་། སྐད་ཆའི་ཤོང་ཚད་དང་ལྡེམ་ཤུགས་བཅས་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད། བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་མཚོན་ན། སྙན་ངག་གི་རྩ་བའི་རང་གཤིས་དེ་ཚིག་གི་མཛེས་པ་ལྷུར་ལེན་པའི་སྟེང་ན་ཡོད། ཚིག་དེ་སྙན་པར་བྱ་བའམ་རྒྱན་གྱིས་བརྒྱན་པར་བྱ་བ་གཙོ་བོ་ཡིན། ལྷ་རྒྱལ་ཚེ་རིང་གི་སྙན་ངག་ལའང་ཚིག་རྒྱན་གྱིས་བརྒྱན་པའི་ཁྱད་ཆོས་མངོན་གསལ་དུ་ཡོད། ཁོའི་སྙན་རྩོམ་དུ་གཞན་གྱི་སྙན་ངག་གསར་བར་བཀོལ་ཉུང་བའི་སྲོལ་རྒྱུན་སྙན་ངག་གི་མིང་སྦྱོར་བ་སྡིངས་ཁང་ཟེར་བའམ། ཉིན་བྱེད་ཀྱི་འོད་ཟེར་ལ་འཐུང་བཞིན་ཟེར་བའམ། ཐ་ན་ཆུ་སྲིན་རྒྱལ་མཚན་ལྟ་བུའི་མངོན་བརྗོད་ཀྱང་ཁ་ཤས་བྱུང་ཡོད་པ་འདི་དག་ལས་སྲོལ་རྒྱུན་སྙན་ངག་གི་རྗེས་ཤུལ་གསལ་བོར་མངོན་ཡོད་པ་མཚོན་ཐུབ། ཚིགས་སུ་གཅོད་སྟངས་ལ་གོང་ནས་བསྟན་པ་ལྟར་རང་མོས་པའི་ཚིགས་སུ་བཅད་པ་ལའང་སྲོལ་རྒྱུན་གྱི་ཚིགས་སུ་གཅོད་སྟངས་ཀྱི་ཤན་ཞུགས་ཡོད་པ་དང་། དེ་ལས་གཞན་བསྐོར་བའི་རྒྱན་གྱི་རྣམ་པ་ཅན་ཡང་མི་ཉུང་བ་ཡོད་པ་དཔེར་ན་ཁོང་ཉིད་ཀྱིས་མཛད་པའི་སྙན་ངགཁྱོད་ལ་བརྗོད་འདོད་ཀྱི་འོད་ལམ་ལམ་གྱི་སྐད་ཆ་དེདངདེ་ནི་ཁྱོད་ཡིན་ནམལྟ་བུ་ཡིན་ཞིང་། དེ་དག་གི་ཚིག་འགྲོས་ལྷོད་པ་དེ་ཡང་དོན་གྱིས་བོད་ཀྱི་དམངས་གླུའི་ཤན་ཐེབས་པ་འདྲའོ།།
               
ང་ཚོས་ཚིག་བརྒྱ་བཤད་པའི་སྙིང་བོ་དང་འོ་བརྒྱ་དཀྲོགས་པའི་མར་ལོ་ནི། ལྷ་རྒྱལ་ཚེ་རིང་ལགས་ཀྱི་སྙན་ངག་གི་དབྱངས་ཀྱི་མཛེས་པ་གྲུབ་པའི་རྩ་གནད་ནི་ཚིག་གི་གཅོད་མཚམས་དང་། སྙན་ཆའི་སྡེབ་སྦྱོར། ཡི་གེའི་འཇམ་རྩུབ། ཚིག་གི་གྲིམ་ལྷོད་སོགས་ལ་མཉམ་སྣང་ཆེན་པོ་འཇོག་པའི་ཐུན་མིན་གྱི་གསར་རྩོམ་གཤིས་ཀ་ལ་རགས་ལས་པར་མ་ཟད། ཁོ་རང་ཆུང་དུས་ནས་དམངས་ཁྲོད་གླུ་གཞས་དང་གླིང་སྒྲུང་གི་འཆད་གྱེར་དང་རོལ་དབྱངས་ཞབས་བྲོ་སོགས་ལ་མོས་ཤིང་གོམས་པའི་འདེགས་འཇོག་གིས་ཀྱང་རྣམ་པར་གྲུབ་པ་ཡིན་སྙམ། ཁོང་གི་སྲོལ་རྒྱུན་དང་དེང་རབས་གང་གི་རྩོམ་སྟངས་ལྟར་མཛད་པའི་སྙན་རྩོམ་གང་ཡིན་ཡང་རི་མོའི་སྒྱུ་རྩལ་དང་དབྱངས་ཀྱི་སྒྱུ་རྩལ་གཉིས་ལྷན་འཛོམས་སུ་རྫོགས་ལ། ཁོའི་སྙན་ངག་གི་ངང་རྒྱུད་ལྷོད་ཅིང་གཤིས་ཀ་འཇམ་པ་དང་། ཞི་ཞིང་དུལ་བའི་ཡི་བརྙན་གྱི་ཆ་དེ་དག་གཙོ་བོ་སྙན་རྩོམ་གྱི་ཚིག་འགྲོས་ལྷོད་པ་ཅན་དུ་སྣང་བ་ལས་མངོན་པར་བྱུང་བ་དང་། ཁྱད་ཆོས་འདི་དག་ནི་རྩོམ་པ་པོས་ཡུན་རིང་དུ་སྲོལ་རྒྱུན་སྙན་ངག་ལས་རྒྱུན་འཛིན་བྱས་པའི་རྨད་བྱུང་ལེགས་ཆ་དང་ཉམས་མྱོང་གི་རྩལ་ལས་ཐོན་པ་ཞིག་རེད། དེ་ལམཉེས་གཤིན་འཆར་ཡན་གྱི་སྙན་ངགཅེས་པའི་ནང་དུའང་མཉེས་གཤིན་འཇམ་མཉེན་གྱི་མཛེས་པ་དང་དང་འཆར་ཡན་གྱི་ངང་ཚུལ་དེ་ཁོའི་སྙན་ངག་གི་རྩ་བའི་ཁྱད་ཆོས་ཡིན་པ་གཤམ་གྱི་དོན་འགའ་ལས་གསལ་ཏེ། སྙན་ངག་ནི་སྤྱིར་གླུ་གར་རོལ་མོ་གསུམ་གྱི་བདག་ཉིད་ཅིག་ཡིན་པ་ལ། ཚིགས་སུ་གཅོད་སྟངས་འདི་སྙན་ངག་ལ་མཚོན་ན་ནང་གི་དབྱངས་འགྲོས་ཕྱིའི་གཟུགས་སུ་ཤར་བའི་རྣམ་པ་ཞིག་ཡིན་པས། སྙན་ངག་གི་རོལ་དབྱངས་ཀྱི་གྲུབ་ཆ་དང་ནང་གི་དབྱངས་འགྲོས་ཕྱིའི་ཚིགས་སུ་བཅད་པ་གསུམ་པོ་དོན་གཅིག་པའི་ཚུལ་གྱིས་སྙན་ངག་གི་མཚོན་བྱ་དང་རྟེན་འབྲེལ་གྱི་ཚུལ་གྱིས་ཡོད། དེ་གཉིས་ཀྱི་འབྲེལ་བ་ནི་ཞབས་འདེགས་ཙམ་གྱིས་མི་ཚད་པས། སྙན་ངག་གི་དབྱངས་འགྲོས་སམ་ཚིགས་སུ་གཅོད་སྟབས་བདག་གཞིའི་﹙本体﹚སྟེང་གི་དོན་སྙིང་ཡོད། དཔེར་ན་རོལ་དབྱངས་སྣ་ཚོགས་བཞིན་དུ་དེ་ལ་ཚིག་འབྲུ་མེད་ཀྱང་ཁོའི་སྒྱུ་རྩལ་གྱི་སིམ་ཚོར་ནི་ཚིག་འབྲུ་ཡོད་པ་ཅན་ལས་གཏན་ནས་མི་དམན་པ་བཞིན་དང་། ཡང་ན་བོད་ཀྱི་དམངས་གླུ་སྣ་ཚོགས་བཞིན་དུ། དེའི་འགོ་ལེན་སྐབས་ཀྱི་ཨོ་ཡེ་ལ་ཚིག་འབྲུ་མེད་ཀྱང་། དེ་གཅིག་པུའི་སྟེང་ནས་ཀྱང་སྒྱུ་རྩལ་གྱི་སིམ་ཚོར་རྫོགས་པར་མྱོང་བར་འགྱུར་བ་བཞིན་ནོ།།
       
སྐྱ་རེངས་ལྷ་མོའི་འབོད་བརྡསཀྱང་ཐོག་མར་རང་གི་ཚིགས་སུ་གཅོད་སྟངས་ཀྱིས་རང་ལ་འཆར་ཡན་གྱི་ངང་ཚུལ་གྲུབ་པར་བྱས་ཏེ་ཡོད། སྙན་དེབ་ཡོངས་སུ་རྫོགས་པའི་ཚིགས་སུ་གཅོད་སྟངས་ལ་སྤྱིར་ཚེག་ཁྱིམ་མཉམ་པ་དང་མི་མཉམ་པ་གཉིས་ཀ་ཡོད་ཀྱང་། མི་མཉམ་པ་མང་བོ་ཞིག་གི་ཚིགས་སུ་གཅོད་སྟངས་ལའང་སྤྱིར་ཚིགས་སུ་བཅད་པའི་ཚུལ་ཡོད་ལ། དེ་དག་ལས་ང་ཚོ་ནི་སློབ་དཔོན་ནག་མོ་ཁོལ་གྱི་སྙན་རྩོམསྤྲིན་གྱི་ཕ་ཉཀློག་པ་དང་འདྲ་བ་རེད། སྤྲིན་གྱི་ཕ་ཉནི་འཆར་ཡན་རིང་ལུགས་པའི་འཐུས་ཚབ་ཏུ་རུང་བ་སྨོས་མ་དགོས་པ་ཞིག་རེད། ཅེས་བརྗོད་འདུག་པ་དང་། ལྷ་རྒྱལ་ཚེ་རིང་ལགས་ཀྱི་སྲོལ་རྒྱུན་དང་དེང་རབས་ཀྱི་མཚོན་ཐབས་གང་རུང་ལ་བརྟེན་ནས་བརྩམས་པའི་སྙན་རྩོམ་གང་ཡིན་ཡང་སྙན་འཇེབས་དབྱངས་ཀྱི་ཉམས་འགྱུར་དུ་མས་ཕྱུག་པའི་ཚིག་རྐང་ཆུ་འཛིན་དཀར་པོའི་ཁྲོད་དུ་དལ་བར་སྐྱོད་པའི་ཡིད་བརྙན་ཆུ་ཤེལ་དབང་བོ་ལས་འཆར་བརྙན་འབྲེལ་རྟོག་དང་རྣམ་པར་འགྱུར་བ་ལ་སོགས་པའི་སེམས་བྱུང་གི་ཟེར་ཕྲེང་ཕྱོགས་བཞིར་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་རྣམ་པར་ཆགས་པ་ནི་ཞིབ་མོར་སེམས་ན་དབྱངས་ཀྱི་མཛེས་པ་དང་འབྲལ་ཐབས་མེད་དོ།།

                                                    གསུམ་པ། མགོ་རྨོངས་སྙན་ངག་པ་སྐོར་ཞིག་ལ་སྔོན་མེད་འབོད་བརྡ་བཏང་བ།
   
ལྷ་རྒྱལ་ཚེ་རིང་གིསྐྱ་རེངས་ལྷ་མོའི་འབོད་བརྡའཞེས་པའི་སྙན་ངག་གཅེས་བསྡུས་འདི་ཉིད་ཕྲན་གྱིས་ཀློག་འཕྱིས་པ་ནི་ཡིད་ཤིན་ཏུ་ཕངས་པའི་གནས་འབའ་ཞིག་ཏུ་བསམས་པ་མ་ཟད། ད་རེས་ཀྱི་རྩོམ་ཡི་འདིའི་ལེགས་གྲུབ་ལའང་གནོད་པ་ཕྲན་ཙམ་ཕོག་ཡོད་ཀྱང་སྲིད། དེ་ལྟ་མོད་ཀྱང་སྟབས་ལེགས་པ་ཞིག་ལ། དེ་སྔསྦྲང་ཆརསོགས་ཀྱི་སྟེང་སྤེལ་བའི་སྙན་རྩོམ་སྐོར་ཞིག་ལག་ཏུ་འབྱོར་བ་ལས་གཞན། དཔྱད་གཏམ་པ་བདུ་ལྷ་རྒྱལ་སོགས་ཀྱིས་སྐྱ་རེངས་ལྷ་མོའི་འབོད་བརྡརགནང་བའི་དཔྱད་གཏམ་རྩོམ་ཡིག་ཀྱང་མིག་གི་དགའ་སྟོན་དུ་ཤར་བས་མཐུན་རྐྱེན་ཅུང་ཙམ་འཛོམས་སོང་བར་སྙམ་པ་གཞིར་བྱས། སྙན་དེབ་དེ་ལ་སྒྲོ་འདོགས་དང་དཔྱད་བརྗོད་ཅུང་ཟད་སྤེལ་བའི་སྤོབས་པ་དང་སྤྲོ་བ་དང་ངམ་ཤུགས་ཀྱིས་སྐྱེས་བྱུང་ངོ་།།
     
ལྷ་རྒྱལ་ཚེ་རིང་གི་སྙན་རྩོམ་ལ་བལྟས་ན། ཕངས་པའི་མཆིས་མ་དབང་མེད་བཞུརཞེས་པ་ནས། བདག་གིས་བསིལ་ལྗོངས་ལོ་རྒྱུས་ལ་འདྲི་གཅོད་ལན་གཉིས་བྱས་རྗེས། ཆེས་མཐོ་བའི་གནས་དེ་རུ་དཔྲལ་བ་ཐལ་མོས་བཀབ་ནས་རྒྱང་ལྟ་བྱས་པ་ཡིན། ཞེས་པ་ལྟར། ཁོའི་སྙན་རྩོམ་གྱི་བསམ་བློར་འགྱུར་ལྡོག་བྱུང་ཞིང་མི་རིགས་ལ་སེམས་ཁྲལ་བྱེད་ཀྱིན་གཏན་འདུལ་བསྙེགས། དེ་ནས་བཟུང་ཁོས་རྩོམ་འབྲི་བའི་དམིགས་ཡུལ་དང་རང་གི་འགན་འཁྲི་ཡོངས་སུ་ཤེས་རྟོགས་བྱུང་བ་དང་། གུ་དོག་པའི་བསྟོད་ཚོགས་ཀྱི་སྦུབས་རྒྱ་ལས་སྨྱུག་རྩེ་ཐོག་མར་དགའ་སྐྱོ་ཆགས་སྡང་གི་དངོས་ཡོད་འཚོ་བར་བསྒྱུར་ཅིང་། སྙིང་གཏམ་ཡོད་ཀྱང་བཤད་མི་ཕོད་པ་དང་མིག་ཆུ་མཆིས་ཀྱང་བཞུར་མི་ཕོད་པའི་ལས་དབང་ལ་བསམ་གཞིགས་བྱེད་འགོ་བརྩམས་ཏེ། བརྗོད་འདོད་པ་ཞིག་བློས་ཐུབ་རྣམས་ལ་ལྷུག་པོར་སྨྲས་པ་དང་། ལེན་འདོད་པ་ཞིག་བརྩེ་བ་ཆེན་པོས་གསེང་མཐོར་བླངས་ནས་སྙིང་ནས་བརྗོད་འདོད་ཀྱི་སྐད་ཆ་རྣམས་གྱ་གྱུ་དང་བྲལ་བའི་སེམས་དང་གོ་བདེ་འཇམ་མཉེན་གྱི་ངག་གི་ཀློག་པ་པོའི་སྙན་ལམ་དུ་སྒྲོག་གིན་ཡོད།
     
སྤྱིར་བོད་ཀྱི་ངག་རིག་གི་མཛེས་དཔྱོད་ཁྱད་ཆོས་དེ་ཞི་འཇམ་ལྷོད་མཉེན་གྱི་སྟེང་ཡོད་པ་ཞིག་ཡིན། གདོད་མའི་གཞི་ལས་བྱུང་ཞིང་གཉུག་མའི་རང་ཆས་རྫོགས་པའི་བོད་ཀྱི་དམངས་གླུར་མཚོན་ན། ལེན་མཁན་པའི་སྐད་ཇི་ལྟར་མཐོ་བའམ་ཇི་ལྟར་འཛེར་ཡང་ནང་སྙིང་དམ་པ་དེ་འཛིན་པ་ཡོངས་སུ་བྲལ་བའི་ལྷོད་བག་གི་ཆ་དེ་ཡིན། སྐད་ཆ་ལ་སྙན་ཆ་ཐོན་དགོས་ན་ཚིག་གི་གཅོད་མཚམས་དང་ཆ་ཡའི་སྡེབ་ལུགས་ལ་མཉམ་འཇོག་དགོས་པར་མ་ཟད། སྙན་རྩོམ་དུ་བཀོལ་བའི་བྱ་དངོས་ཀྱི་མིང་དང་ཐ་སྙད་ལའང་འདེམ་གསེས་ཡོད་དགོས་པ་རེ་དེ། ཚངས་སྲས་བཞད་སྒྲལས། ཁྲོ་བོ་དང་། དམག་དཔུང་། གཡུལ་ཐབས་ཀྱི་ལས་སོགས་ལ་བསྟོད་བསྔགས་བྱས་ན། དོན་དུ་དྲག་ཤུལ་གྱི་ཉམས་འབྱུང་དགོས་པས་སྒྲ་གདངས་རྩུབ་པ་ཤས་ཆེ་ན་ཚིག་བརྗིད་པ་འབྱུང་བའི་རྐྱེན་གྱིས་ཚིག་ལ་བརྗིད་ཉམས་ཆེ། བསྟན་བཅོས་ཀྱི་བརྗོད་བྱ་དང་། ཡུལ་དང་གནས་ལ་བསྟོད་པ། སྤྲིངས་ཡིག་ལྟ་བུ་སོགས་ལ་སྒྲ་གདངས་འཇམ་ཞིང་ལྷོད་པ་ཤས་ཆེར་སྦྱར་ན་ཚིག་སྦྱོར་སྙན་པའི་ཉམས་སུ་འགྱུར་བས་ན། ཚིག་ཧ་ཅང་མཛེས་པའི་ཁྱད་ཆོས་སོགས་ཡོད། ཅེས་གསུངས་པ་བཞིན། ལྷ་རྒྱལ་ཚེ་རིང་ལགས་ཀྱིས་རྒྱུན་པར་རང་གི་མཐོང་ཡུལ་དུ་གྱུར་པའི་རྩྭ་ནགས་ཤིང་གསུམ་དང་། མེ་ཆུ་རླུང་གསུམ། ཉི་ཟླ་སྐར་གསུམ། རྟ་ནོར་ལུག་གསུམ། དབྱར་དགུན་སྟོན་དཔྱིད། ས་རྡོ་རི་བྲག་སོགས་མི་དམངས་མང་ཚོགས་དང་འབྲེལ་འདྲིས་དང་གསལ་ཆ་ཆེ་བའི་བྱ་དངོས་ཀྱི་མིང་སྙན་ངག་ཏུ་འདྲེན་བཞིན་ཡོད་ལ། ཆེས་འདྲིས་ལོབས་སུ་སོང་ཡོད་པའི་ཐ་སྙད་སྟེང་རྩོམ་པོ་པོའི་ཞེན་དོན་ལྷུག་པོར་ཞུགས་པ་བགྱིས་ཤིང་། མིང་དང་ཐ་སྙད་ཡོངས་རྫོགས་མཛེས་པའི་ཆོས་སུ་བྱེད་པའི་རྩོམ་ཚུལ་འདིས་གཤིས་འཇམ་གྱི་མཛེས་པའི་སྟེང་ལ་ཡིད་ཡུལ་གྱི་མཛེས་པ་བསྣན་པར་བྱས་ཏེ། ཡིད་ཡུལ་གྱི་མཛེས་པའི་ཁྱད་ཆོས་དེའང་གྲུབ་པར་མཛད་ཡོད། ཀློག་པ་པོར་གསལ་ཆ་ཡོད་པའི་བྱ་དངོས་ཀྱི་མིང་དང་ཐ་སྙད་བཀོལ་བ་དེས་ཀློག་མཁན་རྣམས་རང་དབང་མེད་པར་སྙན་རྩོམ་ནང་བརྗོད་ཡུལ་དེར་བཀྲི་བར་བྱེད་པ་དང་། གནས་དེ་ནས་རྩོམ་པ་པོ་དང་མཉམ་དུ་དགའ་སྐྱོ་ཆགས་སྡང་གི་སེམས་ཁམས་ཤིག་མྱོང་བར་བྱེད་པ་དེ་དོན་དུ་སྙན་ངག་གི་ཡིད་ཡུལ་ཡིན། དེ་ལ་ཕྱི་ནང་སྙན་ངག་རིག་པ་སྨྲ་བ་རྣམས་ཀྱི་བཞེད་ཚུལ་ལྟར་ན། ཡིད་ཡུལ་ནི་རྩོམ་པ་པོ་རང་ངོས་ཀྱི་བརྩེ་དུང་དང་ཕྱི་ཡུལ་གྱི་དངོས་པོའི་འཇིག་རྟེན་གཉིས་ཆུ་དང་འོ་མ་བཞིན་ཕན་ཚུན་འདྲེས་པ་ལས་བྱུང་ཞིང་གྲུབ་པའི་སྒྱུ་རྩལ་ཞིང་ཁམས་ཤིག་ཡིན་པ་དང་། གསར་དུ་བྱུང་བའི་མཛེས་དཔྱོད་རིག་པའི་གཞུང་ལུགས་འདིས་དུས་ཡུན་རིང་པོའི་གསར་རྩོམ་ལག་ལེན་ཁྲོད་ཀྱི་ཉམས་མྱོང་དང་འབྲས་བུ་ཕྱོགས་བསྡོམས་ལྟ་བུ་བྱས་ཡོད་དོ། འཇིག་རྟེན་གྱི་མཛེས་པ་ཡོད་ཚད་ཀྱི་ཟེར་མའི་ཕྲེང་བ་ནི་སེམས་རྒྱུད་ཀྱི་ཆུ་ཤེལ་དབང་བོ་ལས་སྤྲོས་པས་ན། སེམས་རྒྱུད་ཀྱི་འཕྲོས་པ་མེད་ཚེ་མཛེས་པའང་ཡོད་མི་སྲིད་དེ། རེས་སིའི་བསམ་བློ་པ་ཆེན་མོ་ཨར་མེ་ཡིས་རང་བྱུང་གི་ཡུལ་ལྗོངས་ལེབ་མོ་ཞིག་ནི་སེམས་རྒྱུད་གཅིག་གི་ཞིང་ཁམས་ཡིན། ཞེས་གསུངས་པ་དང་། ན་གཞོན་སྙན་ངག་པ་ལྷ་རྒྱལ་ཚེ་རིང་ལགས་ཀྱིས་མཛད་པའི་སྐྱ་རེངས་ལྷ་མོའི་འབོད་བརྡའིནང་ཀློག་པ་པོ་རྣམས་དང་ཤིན་ཏུ་གསལ་ཆ་ཆེ་བའི་རང་བྱུང་ཁམས་ཀྱི་བྱ་དངོས་ཚང་མ་ཁོའི་སེམས་རྒྱུད་ཀྱི་དགའ་སྐྱོ་མཚོན་བྱེད་ཀྱི་ཞིང་ཁམས་རེ་རེ་ཡིན།
        
དེང་སྐབས་ཀྱི་བོད་ཀྱི་སྙན་ངག་པ་སྐོར་ཞིག་གིས་སྲོལ་རྒྱུན་རྩོམ་རིག་དང་དམངས་ཁྲོད་རྩོམ་རིག་གི་ལེགས་ཆ་རྣམས་བརྩིས་མེད་བོར་ནས། བསམ་བློ་ལྐོག་གྱུར་དང་ཚིག་འགྲོས་ཁ་དམ་པའི་ལམ་བུར་བསྙེགས་ཏེ་སྙན་ངག་རང་ཀོ་གྱོང་སྐམ་པོ་ལྟར་གྱུར་ཡོད་པ་དང་། ཡིད་བརྙན་དང་མཚོན་དོན་གྱི་ཆོས་ལ་མདངས་མེད་སྐྱ་ཤུར་བའི་ཉམས་ཀྱིས་སྙན་ངག་རང་རྡུལ་རླུང་འཚུབ་འདྲར་གྱུར་པ་དང་། སྙན་ངག་གི་རོལ་དབྱངས་ཀྱི་ཉམས་ཤོར་ཏེ་སྙན་ངག་རང་སྟ་རེས་བཟོས་འདྲ་ལ་ལྷུག་པ་ཅན་དུ་ཀློག་དགོས་པའི་སྣང་ཚུལ་གྱིས་ཁྱབ་ཡོད་པ་དང་། ལྷག་དོན་གསར་སློབ་པ་འགའ་ཞིག་གིས་སྙན་ངག་རྩོམ་དུས་མ་བཅོས་ཤུགས་དྲག་གི་བརྩེ་དུང་དང་བྲལ་བར་ཐ་སྙད་མཁྲེགས་པོ་དང་འོས་མིན་གསར་བཟོའི་ཚིག་སྦྱོར་སྤྱད་དེ་སྒྲིབ་གཡོགས་མཐུག་པོ་རེ་འགེབས་པར་སྤྲོ་ཞིང་། ཀློག་མཁ་གྱིས་ཇི་ལྟར་དཔྱད་ཀྱང་གོ་བ་མ་ལོན་ཚེ་ད་གཟོད་སྙན་ངག་ལེགས་པོར་འཁྱོངས་འདུག་སྙམ་ནས་སྒྲོབ་ཉམས་བརྗིད་པོ་སྟོན་པ་དང་། ཡང་འགའ་རེས་ཕོ་མོའི་བར་གྱི་བརྩེ་དུངས་འཁྲལ་འཁྲུལ་དེ་རྒྱབ་ལྗོངས་བྱས་ཏེ་བློས་བསླངས་པའི་སྙན་རྩོམ་གྱི་བསྟན་དོན་དང་ཡིད་བརྙན། སྒྱུ་རྩལ་ཐབས་རྩལ་སོགས་ཤིན་ཏུ་དམན་བཞིན་དུ། ད་དུང་ཡང་བསྟན་དོན་དང་སྒྱུ་རྩལ་གྱི་རིན་ཐང་རྔམ་ཆེ་མདོག་བསྟན་ནས་སྙན་ངག་ལ་འགྲེལ་རྒྱག་མི་རུང་ཟེར་བས་ཧ་ཅང་དགོད་བྲོ་བ་ཞིག་རེད། ཕྱི་གླིང་དང་རྒྱ་ནག་གི་སྙན་ངག་མང་པོར་དཔྱད་བརྗོད་པས་སྐྱོན་བརྗོད་དང་འགྲེལ་བཤད་བགྲང་གིས་མི་ལངས་པ་མཛད་ཡོད་ལ། དེས་སྤྱི་ཚོགས་དང་མིའི་སེམས་རྒྱུད་ལ་ཞབས་འདེགས་གནད་སྨིན་བསྒྲུབ་ཡོད་པ་ཤེས་བཞིན་དུ། སྙན་ངག་གི་རིན་ཐང་ཤོར་འགྲོ་བར་དོགས་ནས་དོན་དངོས་ལ་བསྙོན་འདིང་བ་མ་ཡིན་ནམ།
     
སྙན་རྩོམ་གྱི་ཚིག་གི་སྦྱོར་བ་དང་དོན་གྱི་སྒྲིག་གཞི་སོགས་ལས་སྙན་ངག་གི་གོ་དཀའ་སླའི་དབྱེ་ཁྱད་བྱུང་བས། ཁ་དམ་པའི་ཚིག་སྦྱོར་དང་བསམ་གཞིག་བྱེད་སྟངས་ཀྱིས་སྤེལ་ཏེ་གོ་དཀའ་བར་བྱས་ན་སྙན་ངག་གི་ཆེས་ཁྱད་འཕགས་ཀྱི་ཡོན་ཏན་ཚང་བར་བརྗོད་པའི་སྐབས་འདིར། སྐྱ་རེངས་ལྷ་མོའི་འབོད་བརྡའའདིས་ལྷོད་བག་དང་འཇམ་མཉེན་གྱི་ངག་སྦྱོར་སྤྱད་དེ་ཀློག་ན་བདེ་ཞིང་ཡིད་ལ་འབབ་པའི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་བཞེངས་བསྐྲུན་གནང་བ་འདིས། དངོས་གནས་ང་ཚོ་ལ་དབུགས་དབྱུང་ཅུང་ཟད་མཛད་དེ། འདུ་འཛིའི་ཀློང་ནས་ཐར་ཏེ་དབེན་སུལ་དུ་སླེབས་པ་དང་འདྲ་ལ། རླུང་འཚུབ་ལས་ཐར་ཏེ་ཁང་བཟང་དུ་སླེབས་འདྲ་དང་། བྱེ་ཐང་ལས་སྤང་ལྗོངས་སུ་ཐོན་འདྲའི་སྣང་བ་སྦྱིན་ཡོད། སྐྱ་རེངས་ལྷ་མོའི་འབོད་བརྡའིཁྲོད་ནས་ང་ཚོས་རང་སེམས་ལྷོད་ལ་ཕབ་སྟེ་སྒྱུ་རྩལ་གྱི་མྱོང་བའི་ཁྲོད་ཤ་ཅུང་ཟད་ལྷོད་པས་ཆོག ཉིན་གང་བོའི་ཙག་ཙིག་བྱ་བའི་སུན་སྣང་གིས་རང་རྒྱུད་བསྡམས་པའང་འདིའི་ཁྲོད་ནས་ཅུང་ཟད་ལྷོད་པས་ཆོག དེང་རབས་སྙན་ངག་པ་ལྷ་རྒྱལ་ཚེ་རིང་ལགས་ཀྱིས་དེ་ལྟར་སྙན་ངག་གི་ཁ་གཏོད་ཡུལ་དང་། རྣམ་པར་རྟོག་སྟངས། འབྲི་ཐབས་སོགས་རྩ་བའི་སྟེང་ནས་སྙན་ངག་གསར་བར་རྐང་བ་བཙུགས་ཤིང་། རྗོད་བྱེད་དང་སྒྲིག་གཞི་དབྱངས་འགྲོས་སོགས་རྣམ་པའི་སྟེང་ནས་སྲོལ་རྒྱུན་སྙན་ངག་གི་ཉིང་བཅུད་བླངས་ཏེ། སྐྱ་རེངས་ལྷ་མོའི་འབོད་བརྡའིནང་སྙན་ངག་གསར་རྙིང་གཉིས་པོའི་དགེ་མཚན་ཟུང་འཇུག་ལེགས་པར་མཛད་ཡོད། རྩོམ་པ་པོས་བོད་སྤྱི་ཚོག་ཁྲོད་རྒྱུན་ཆགས་སུ་གྱུར་པའི་བསམ་བློའི་རིགས་དེ་ཧ་ཅང་སྤྱིར་བཏང་གི་བརྗོད་བྱ་ས་རྡོ་དང་ནོར་ལུག་ལྟ་བུའི་སྟེང་བཞག་སྟེ། བརྗོད་བདེ་དབྱངས་ཀྱི་འགྱུར་ཁུགས་རོལ་མོ་ལྟར་སྙན་ཞིང་འཇེབས་པའི་སྒོ་ནས་རང་ཉིད་དམ་རང་གི་གྲོགས་པོ་ཚོར་གསོང་བོར་བརྗོད་པ་དང་། བོད་སྤྱི་ཚོགས་ཁྲོད་བག་ལ་ཉལ་བའི་གསང་བ་དེ་སྐད་ཤུགས་དྲག་པོས་བརྗོད་པ་ནི། སྙན་ངག་པ་ཁོ་རང་གི་ང་རང་ཐམས་ཅད་ཁོང་དུ་སྦེད་ལ་མི་མོས་པར་ཡོད་ཚད་ངག་ཏུ་འཁྲོལ་ལ་དགའ་བ་ཡིན། ཞེས་པ་དེས་ཕལ་ཆེར་ན་ཚོད་ཕྲ་མའི་དུས་ནས་བོད་སྤྱི་ཚོགས་ཀྱི་ཡར་ཐོན་དང་། མི་དམངས་ཀྱི་བདེ་སྡུག་སོགས་ལ་སེམས་ཁུར་གནང་གིན་ཡོད་པ་མངོན་པར་མཚོན་ནོ།།

                                                                                                                        འབྲུག་མོས་ཞུ་དག་བྱས།

 

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060