སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
རྨོངས་སད་ཐོབ་པའི་མི་རབས་ཤིག་གི་འབོད་སྒྲ། ༡
སྤེལ་དུས། 2008-08-15   ཡོང་ཁུངས།    རྩོམ་པ་པོ།  

 ----རྩོམ་པ་པོ་ཨོ་རྒྱན་རྡོ་རྗེ་དང་ཁོའི་སྙན་དེབ་《མཐོ་སྒང་གི་རླུང་》དང་པོ། མིག་ཆུ་ལ་འཕྱར་བའི་ཁ་སང་གི་གོམ་འགྲོས་ལྕི་མོ།

ཨོ་རྒྱན་རྡོ་རྗེ། སྨྱུག་མིང་ལྗང་གཞོན། ༡༩༦༡ལོའི་བོད་ཟླ་༡༠པར་བོད་ལྗོངས་གྲ་ནང་རྫོང་ཞིང་གྲོང་ཞིག་ཏུ་སྐྱེས། ད་ལྟ་ལྷོ་ཁ་ས་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་གྱི་གཙོ་སྒྲིག་པ་སོགས་ཀྱི་འགན་ཁུར་ཡོད། ༡༩༨༤ལོ་ནས་རྩོམ་རིག་གསར་རྩོམ་གྱི་ལམ་དུ་ཞུགས་ཏེ་སྔ་རྗེས་སུ་སྙན་ངག་གཙོ་བྱས་པའི་བརྩམས་ཆོས་འབོར་ཆེན་ཞིག་བོད་ཁུལ་གྱི་དུས་དེབ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་སྦྲང་ཆར་སོགས་ཀྱི་སྟེང་དུ་སྤེལ་བ་མ་ཟད། སྙན་དེབ་མཐོ་སྒང་གི་རླུང་གིས་མཚོན་པའི་དཔེ་དེབ་གསུམ་དཔེ་སྐྲུན་བྱས་ནས་བོད་ཀྱི་ལོ་བཅུའི་རྩོམ་རིག་གྲུབ་འབྲས་ཀྱི་བྱ་དགའ་དང་། བོད་ཡིག་སྙན་ངག་གསར་རྩོམ་གྱི་དམིགས་བསལ་རིམ་པའི་བྱ་དགའ་སོགས་ཐོབ།

སྙན་ངག་པ་ཨོ་རྒྱན་རྡོ་རྗེའི་བརྩམས་ཆོས་ཁྲོད། ཁོང་ཉིད་ཀྱིས་དངོས་སུ་མྱངས་པའི་བོད་མི་རིགས་ཀྱི་ཞུམ་མེད་ཀྱི་དཔའ་ངར་དང་། འགྱུར་མེད་ཀྱིས་སྤོབས་པ། བག་ཡངས་ཀྱི་ལྟ་སྤྱོད། གཤིས་བཟང་གི་ཀུན་སྤྱོད་བཅས་ཀྱིས་ཁོའི་མི་ཚེ་ལ་ཤན་ཤུགས་གཏིང་ཟབ་ཐེབས་པ་དང་། བོད་ལྗོངས་ནས་སྐྱེས་ཤིང་ཡུལ་དེར་ནར་སོན་པའི་རང་ཅག་གི་སྙན་ངག་པར་མཚོན་ན། ལྷ་སྒྲུང་མང་བོའི་འཇའ་ཚོན་གྱི་ཀློང་ན་འགྲོ་བ་ཐམས་ཅད་ཀྱི་དཀའ་སྤྱད་དེ་ཇི་ལྟར་ལྷིང་འཇགས་ཀྱི་ཉི་གཞོན་ངོགས་ནས་མཚར་སྡུག་གི་གཏམ་རྒྱུད་མང་པོར་གྲུབ་པར་སྨོན་པ་དང་།ཉི་འོད་དང་བར་ཐག་ཉེ་བའི་དག་གཙང་གི་ས་གཞི་དེས་བྱིས་བློ་བཞིན་ལྷད་མེད་པར་སྔར་ལྟར་མིའི་རིགས་ཀྱི་ཟོལ་མེད་དང་། ཡིད་གཞུངས། བློ་སྤོབས་དག་ཉར་ཚགས་བྱས་ཡོད་པར་དངོས་སུ་མྱོང་སྣང་ཤར་ཞིང་། བྱེད་སྟངས་གཞན་ཞིག་དང་ཡང་ན་ཚོར་འདུ་མི་འདྲ་བ་ཞིག་གིས་ཁྱོད་དང་ཁྱོད་ཀྱི་སེམས་རྒྱུད་བརླན་ཏེ་ངེས་པར་དུ་རང་ཉིད་བདེན་པ་ལ་བསྐུལ་བའི་དུས་མཉམ་དུ་ས་གཞི་འདི་ཡི་བདེན་དོན་འཚོལ་སྙེག་ལའང་བསྐུལ་བར་བྱེད། བོད་ལྗོངས་ཀྱི་མཚར་སྡུགདང་དྲག་ཏུ་འགྱེད་པའི་ཉི་འོད་ལ་རོལ་བའི་སྐབས་སུ་མིག་དབང་མཚར་སྣང་དང་རྨོངས་འཕྲུལ་གྱིས་མ་ཁྱེར་ལ་ཤིན་ཏུ་བསྐལ་ཞིང་གནའ་བོའི་དུས་ནས་གྲངས་ལ་འཕྱ་ཞིང་དམར་ལང་ལང་ངང་གཟིམ་མེད་དུ་སྦར་བའི་མར་མེ་དང་། ལྷོད་ཆགས་ལ་བརྗིད་ཉམས་ལྡན་པའི་ཆོས་དུང་གི་གདངས་དབྱངས་སྦོམ་པོ་ཞི་དུལ་རྒྱུན་རིང་དང་འབྲུ་མི་གསལ་བའི་ཆོས་འདོན་སྒྲ་དབྱངས་སོགས་ཁོའི་ཚེ་སྲོག་གི་འགོ་བརྩམས་དུས་འགྱུར་མེད་དུ་བསླངས་པའི་སེམས་འདུན་དེ་དང་བསྟུན་རྒྱུ་ལས། རྩོམ་མཁན་རང་ཉིད་ཀྱི་སྣང་ཚུལ་འདི་དག་ལ་མཚར་སྣང་སྐྱེས་ཏེ་སེམས་པ་འཁྱོལ་ཞིང་གཡོ་བར་མི་བྱེད་པར། ཏན་ཏིག་བབ་བརླིང་གི་གོམ་པ་རྡོག་སྣེ་ནས་བསྒྱུར་ཞིང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོར་བརྒལ་བའི་ཚེ་ན། རང་ཉིད་གསོ་སྐྱོང་བྱས་ཤིང་འགྱུར་ལྡོག་ཇི་སྙེད་བརྒྱུད་པའི་གངས་ཅན་པའི་ལོ་རྒྱུས་ལ་གདོང་ཕྱོགས་དགོས་པ་བྱུང་།

མེས་པོ་རྣམས་ཀྱི་མྱོང་བརྒྱུད་ལས་འཕྲོས་པའི་སེམས་ཀྱི་འགྱུར་བ་སྣ་ཚོགས་སྔོག་འདོན་བྱེད་པ་ནི། ཨོ་རྒྱན་རྡོ་རྗེ་ཐོག་མར་ཁ་འཁོར་ས་དང་མིག་གཏོད་དགོས་པའི་སྙན་ངག་གི་ཟུར་སྣེ་ཞིག་ཏུ་ངེས། ༡༩༩༡ལོར་གསར་རྩོམ་མཛད་པའི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་བཞི་བཅུ་འཁོར་བའི་སྐྱེས་སུ་ཕུལ་བའི་རྨི་ལམནི་སྐྱ་རེངས་ཤར་ལ་ཉེ་སྐབས་ཀྱི་ལྡེབས་རིས་ཆེན་མོ་ཞིག་ཡིན། སྲོལ་རྒྱུན་གྱི་ཐབས་རྩལ་སྤྱད་དེ་དུས་རབས་གསར་པ་དང་རྙིང་པ་གཉིས་ཞིབ་བསྡུར་བྱེད་པའི་ལྟ་བའི་ཐད་ནས་བལྟས་ན། སྙན་རྩོམ་འདི་ནི་བོད་ལྗོངས་གསར་རྙིང་གཉིས་གཅིག་ཚབ་གཅིག་གིས་བྱེད་སྐབས་ཀྱི་ནམ་མཁའ་ཡར་ལངས་ཀྱི་རྣམ་པ་ཞིག་ཡིན། ལོ་རྒྱུས་རྒན་པོའི་རི་ལྟར་ལྕི་བའི་གོམ་འགྲོས་ཀྱིས་དུས་ནམ་ཡང་ཁོ་ལ་གདོང་ཕྱོགས་པའི་མི་རེ་རེའི་སྙིང་ཁོང་སྒུལ་བསྐྱོམ་བྱེད་པ་དང་། དེ་ནི་དུས་ཡུན་རིང་ཞི་སྐྱོ་སྡུག་གིས་ཁེངས་པའི་རྨི་ལམ་ཞིག་ཡིན། རྨི་ལམ་གྱིས་བཞག་པའི་འགྱུར་བ་མེད་པ་རྡོ་རྗེ་ཕ་ལམ་ལྟ་བུའི་རྗེས་ཤུལ་རེ་རེ་བདེན་དྲང་གི་གོམ་འགྲོས་བསྒྱུར་ཞིང་འོང་བའི་དུས་ཀྱི་རྒན་པོའི་ལུས་སྟེང་དུ་རི་མོ་བཞིན་གསལ་བོར་བཀོད་འདུག་པ་དང་། ང་ཚོའི་མིག་ལམ་དུ་མངོན་པ་ནི།

ཁྱོད་ཀྱིས།

འབུད་མི་ཐུབ་པའི་སྤྲིན་ནག་ཆེན་པོ་ཞིག་མལ་ཆས་སུ་གྱོན།
ཁྱོད་ཀྱིས།

བལྟ་མི་ནུས་པའི་ལྷ་སྒྲུང་རིང་པོ་ཞིག་སྔས་སུ་བྱས།

སྐྱུར་སིལ་སིལ་གྱི་སེམས་པ་དེ།

སྐྱུར་སིལ་སིལ་གྱི་སེམས་དེ་གྲང་ཅང་ཅང་གི་ཁོག་ཏུ་བཅུག་སྟེ།

གདོད་མའི་གདན་སྟེང་དུ་འགྲེ་ལོག་ཡང་ཡང་བརྒྱབ་

ཅེས་པས་ཀློག་མཁན་གྱི་དྲན་ཤེས་དེ་ལོ་རྒྱུས་ཀྱི་མཁའ་དབྱིངས་སུ་ཁྲིད་ཅིང་འཆར་རྟོ་ནི་རང་དབང་ཐོབ་པའི་གཤོག་ཟུང་བཞིན་དུས་དང་གནས་ཀྱི་བཀག་རྒྱ་ལས་བརྒལ་བ་ཡིན། འདིར་རྨི་ལམ་དེའང་མི་རྣམས་ནུབ་མོར་མལ་ལ་ཉལ་ཞིང་གཉིད་དུ་ཞུགས་སྐབས་རྨིས་པའི་སྒྱུ་མའི་ཞིང་ཁམས་ཀྱི་རྨི་ལམ་སྟོང་བ་དེ་སྔོན་པ་མ་ཡིན་པར། མི་རིགས་ཤིག་གིས་ཤིན་ཏུ་བསྐལ་ཞིང་དུས་ཡུན་རིང་བའི་ནང་ཚེ་སྲོག་གི་རྒྱུན་མཐུད་པའི་གོ་རིམ་ཁྲོད་ལོ་རྒྱུས་རྒན་པོའི་གདོ་བྲིས་པའི་རྒྱལ་ཁ་དང་ཡང་ན་ཕམ་པའི་སྐྱི་གཉེར་གཏིང་ཟབ་པ་དག་ཡིནལ། སྟོབས་ལྡན་དང་ཉམ་ཆུང་འཕྲད་སྐབས་ཀྱི་སྐད་ཅིག་མའི་རྨི་ལམ་དེ་ཡང་ཡིན་སྲིད། དེ་ནི་སྙན་ངག་པས་རང་ཉིད་ཀྱི་མི་རིགས་འདིའི་ལོ་རྒྱུས་ལ་ཕྱིར་མིག་དང་བསམ་གཞིག་ཐེངས་ཤིག་བྱས་པ་ཡིན། བོད་ལྗོངས་ཀྱི་འདས་སོང་དེར་ཕྱིར་ལྟ་བྱེད་པར་ཟུར་སྣེ་མང་ཞིང་ནང་དོན་ཡང་མི་འདྲ་བ་རེ་ཡོད། སྙན་ངག་པ་ཞིག་ལ་མཚོན་ན། ཁོས་མཐོང་ཆེན་བྱེད་པ་ནི་ལོ་རྒྱུས་ཀྱི་འདས་ཟིན་པའི་དངོས་ཡོད་ཀྱི་མྱོང་རོལ་ཞིག་དང་། བརྩེ་དུང་གི་རླབས་རྒྱུན་ཐེངས་ཤིག་བསྐྱོམས་རྒྱུ་དེ་ཡིན། ད་དུང་དངོས་ཡོད་སྤྱི་ཚོགས་འདིའི་ནང་ལྟོས་བཅས་ཀྱིས་དངོས་པོའི་ལོངས་སྤྱོད་ཞན་ནའང་། བསམ་བློའི་འཇིག་རྟེན་ཁྲོད་ཀྱི་བརྟན་ཚུགས་དང་། གསར་གཏོད་ཀྱི་འདོད་འདུན་མཁྲེགས་ལ་འཁྱེར་ཞིང་། རིག་གནས་ཕུན་སུམ་ཚོགས་པའི་སྣང་ཚུལ་དེར་དོ་སྣང་བྱེད་ཀྱིན་ཡོད། དུས་ཚོད་ཀྱི་བཞུར་རྒྱུན་རིང་མོའི་ནང་། ལོ་ངོ་བཞི་བཅུ་དེ་སེ་གོལ་གཏོག་ལྟར་འདས་ཤིང་། བྱ་དངོས་ཇི་སྙེད་ཀྱིས་རང་གི་ངོ་བོ་དེ་རང་བཞིན་གཞན་ཞིག་ལ་བསྟིམས། ཡིན་ནའང་མི་རེ་རེའི་ཚེ་སྲོག་གི་ངོས་ཐད་ནས་བཤད་ན། ཚེ་སྲོག་གི་གོ་རིམ་ནི་ཉིན་ཞག་གི་བརྗེ་རེས་ནང་རྒྱུད་ཆད་མེད་པར་ལུས་པོའི་གཟུགས་གཞི་དེ་རྒྱ་བསྐྱེད་ཐོབ་པ་དང་། དེ་བཞིན་དུ་བསམ་བློའི་འཇིག་རྟེན་ཡང་རྒྱུན་ཆད་མེད་པར་ཡར་བསྐྱེད་དང་ཕུན་ཚོགས་སུ་འགྲོ་བའི་གོ་རིམ་ཞིག་ཡིན། འདས་ཟིན་པའི་ལོ་འཁོར་ལ་ཁ་གཏོད་དུས། དེས་རྨོས་པའི་ས་གཞིའི་སྟེང་དཀའ་སྡུག་དང་། རྔུལ་ཆུ། ཁྲག་ཐིགས་ཀྱི་རྗེས་ཤུལ་ཕབ་ཡོད་པའི་དུས་མཚུངས་སུ། རྩོམ་མཁན་རང་ཉིད་ཀྱི་རྡོག་སྣེ་རུ་གསར་སྦོལ་བྱེད་པའི་བགྲོད་ལམ་དེ་གསར་དུ་ཕྱེ་བ་ཡིན་པས། མ་འོང་བར་རེ་སྙེག་བྱེད་པའི་འོད་ཕྲན་ཞིག་ལམ་ལམ་དུ་འཕྲོ།

རྨི་ལམ་ལས་འདས་པའི་རྨི་ལམ་གྱི་ཡུལ་འདི་ན

རི་བོ་ཐམས་ཅད་བུ་ཡུག་གིས་བཏུམས་ཤིང་།

ཆུ་མོ་ཐམས་ཅད་ཁ་བ་ཡིས་བསྣུབས་ཏེ།

ཀེང་རུས་ཀྱི་ལུས་ཕུང་དེ་གྲང་ངར་གྱིས་གདུངས།

སྟོང་ཉིད་ཀྱི་སེམས་པ་དེ་ལྷགས་པ་ཡིས་ཁྱེར།

རྫོགས་མཐའ་མེད་པའི་སྲིན་བྱའི་སྐད་སྒྲས།

རི་ཀླུང་ལ་དབང་བསྒྱུར་པས།

མཚམས་ཚིགས་མེད་པའི་སྙིང་ཁ་དེས་རྡིག་སྒྲ་དང་འགྲོགས་ཏེ།

དམིགས་པ་མེད་པའི་རྣམ་ཤེས་དེས་རླུང་བུ་དང་འགྲོགས་ཏེ།

རྨི་ལམ་ལས་འདས་པའི་རྨི་ལམ་གྱི་ཡུལ་དུ།

གཏམ་རྒྱུད་ནང་གི་དཔྱིད་དཔལ་དེ་འཚོལ་བར་སོང་

ཞེས་པ་དང་། འཇལ་ཐབས་བྲལ་བའི་སྐྱོ་ཤས་ཀྱིས་ཁེངས་པའི་ཕྱི་ཡུལ་གྱི་བཀོད་པ་ལས་ནང་སེམས་ཀྱི་ཚོར་འདུ་དེ་བསྟན་པར་མ་ཟད། སྐབས་དེའི་སྤྱི་ཚོགས་ཀྱི་མུན་ནག་དེར་རྒོལ་སེམས་ཀྱི་སྟོང་བའི་ཐབས་མེད་འུ་ཐུག་གི་སེམས་འདུན་ནམ། ཕྱི་མའི་བདེ་བ་འཚོལ་བའི་བོད་མིའི་སྒྱིད་ལུག་གི་སེམས་ཁམས་དེའང་ཤུགས་སུ་རྟོགས་ཐུབ་པ་ཡིན། ལྷ་སྒྲུང་གི་ཐོག་མའི་འབྱུང་རྐྱེན་ནི་མིའི་རིགས་རང་བྱུང་ཁམས་ཀྱི་གནོད་འཚེ་ཅི་རིགས་ལ་རྒོལ་ཐབས་བྲལ་བའི་འུ་ཐུག་གི་སེམས་འདུན་ལས་བྱུང་བར་མངོན། དེར་བརྟེན་རྩོམ་མཁན་གྱི་སྐབས་དེའི་སྤྱི་ཚོགས་ཀྱི་གདུག་རྩུབ་དང་དབང་བསྒྱུར་པའི་རང་མདངས་དེ་ངེས་གཏན་གྱི་སྤྱོད་ཚུལ་ཙམ་མམ་རྣམ་པ་ཙམ་ལས་མ་བསྟན་པར་ཕྱི་ཡུལ་གྱི་བཀོད་པ་དང་བོད་མི་སྤྱིའི་སེམས་ཁམས་ཤིག་ལས་ཕྱིར་ཕུད་པས། ཀློག་མཁན་གྱི་སྣང་ངོར་འཆར་བ་ནི་སྤྱི་ཚོགས་ཀྱི་རྣམ་པ་ཙམ་མིན་པར་རང་གི་ཡབ་མེས་ཡང་མེས་རྣམས་ཀྱི་ཕྱི་ནང་གཉིས་ཀའི་སྙིང་རྗེ་བའི་ཉམས་སྣང་དེ་རང་ནུས་ཅི་ལྕོག་ཏུ་སློང་སྐྲུན་བྱེད་པའི་བར་སྟོང་བཟོས་ཡོད་པར་སྣང་དེར་མཐུད་དེ་རྩོམ་མཁན་གྱིས་བརྗོད་བྱ་གཏིང་ཇེ་ཟབ་ཏུ་གཏོང་སླད། དེའི་འཚོ་གནས་ཀྱི་ཁོར་ཡུག་ལས་ཕར་བརྒ་ཏེ་གངས་ཅན་པའི་རིག་གནས་ངང་གཤིས་ལས་གྲུབ་པའི་སེམས་ཁམས་དེའང་རང་གི་ཚོར་སྣེས་དྲངས་ཏེ། ང་ཚོའི་སྣང་ངོར་བོད་རྙིང་བའི་སྐབས་ཀྱི་ཡ་ང་བའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་། གནས་དེ་རུ་འཚོ་སྡོད་བྱེད་པའི་ཉམ་ཆུང་འགྲོ་བ་རྣམས་ཀྱི་དཀའ་སྡུག་གི་འཚོ་བ་ཕྱི་ཡུལ་གྱི་སྙིང་ལ་གཟེས་ཤིང་མིག་ཏུ་གཙེས་པའི་གདུག་རྩུབ་ལས་རོལ་མྱོང་བྱ་ཐུབ་པ་ཡིན།

དེ་ལྟ་བུའི་མུན་ནག་གི་སྤྱི་ཚོགས་ཤིག་ཐེར་འདོན་བྱེད་པ་ལ། མང་མང་ཞིག་གིས་ཐད་ཀར་དུ་སྤྱི་ཚོགས་ཀྱི་ཕྱི་ཚུལ་གྱི་གནས་བབ་རེ་སྟོན་པ་དང་ལྷན་དུ་རང་སེམས་ཀྱི་ཁོང་ཁྲོ་དེའང་ཁ་གཡང་ཙམ་དུ་སྒྲོག་པར་དགའ་བ་བཅས་ཀྱིས་བརྗོད་བྱ་འདི་རིགས་སྟོན་པའི་སྙན་རྩོམ་མང་ཤས་ཤིག་རང་དབང་མེད་པར་སྤྱི་འགྲོས་འབའ་ཞིག་གི་འདམ་དུ་མི་བྱིང་རང་བྱིང་དུ་གྱུར་ཕྱིར། སྐབས་དེའི་བརྗོད་བྱའང་སྤྱི་བམ་པ་ཙམ་དང་ཚུལ་འཆོས་ཀྱི་ཉམས་སྣང་འབྱུང་སླ་བ་ཡིན། སྙན་རྩོམ་འདིས་སྐྱོན་དེ་དག་སེལ་སླད། རྩོམ་མཁན་རང་གི་ཚོར་འདུ་དེ་ཕྱི་ཡུལ་གྱི་འཕེལ་འགྱུར་དང་སྣང་ཚུལ་སོགས་འོ་ཆུ་བཞིན་དུ་སྦྱར་པས་ལྷད་

མེད་ཀྱི་མྱོང་སྣང་སྟེར་བར་མ་ཟད། ཤུགས་སུ་རྩོམ་མཁན་རང་གི་སེམས་བྱུང་ཅི་རིགས་ཀྱང་གཏན་ཆགས་ཀྱི་དངོས་པོའམ་ཡང་ན་ཡུལ་དུས་བར་ཐག་ལས་བཅལ་བའི་རིང་ཐུང་དང་། གྲངས་ཀའི་མང་ཉུང་ཅི་རིགས་ཀྱིས་ཚད་འཇལ་མི་དགོས་པར་ཀློག་མཁན་རང་རང་གི་མྱོང་རོལ་དུ་ངལ་མེད་ལྷུན་གྲུབ་ཏུ་རྫོགས་པར་བྱས་འདུག་སྙན་རྩོམ་གྱི་མཇུག་ཏུའང་།

ཁྱོད་ཀྱིས། ཐེ་ཚོམ་ཅི་ཡང་མེད་པར་འོད་ཟེར་དེར་དམ་པོར་འཐམས་ཤིང་།

དེ་ནས་བཟུང་། ཁྱོད་ཀྱི་ངོ་གདོང་ནས……ནམ་ཡང་ནུབ་པ་མེད་པའི་འཛུམ་མདངས་ཤིག་ཕྱུང་།

དེ་ནས་བཟུང་། ཁྱོད་ཀྱི་ཡིད་ཁམས་སུ……

ནམ་ཡང་རྫོགས་མཐའ་མེད་པའི་དྲོ་སྐྱིད་ཀྱི་རླུང་བུ་ཞིག་ལྡང་

སྙན་ངག་པ་ཨོ་རྒྱན་རྡོ་རྗེའི་སེམས་པས་མེས་པོ་དག་གི་མཆི་མས་མེར་བའི་མིག་ཟུང་བརྒྱུད་ནས་ཁོང་ཚོས་རྨི་ལམ་ཁྲོད་འཚོལ་སྙེག་བྱེད་པའིནམ་ཡང་ནུབ་པ་མེད་པའི་འཛུམ་མདངས་དང་རྫོགས་མཐའ་མེད་པའི་དྲོ་སྐྱིད་དེ་མཐོང་བ་དང་། དེ་བས་གཞི་ཁྱོན་ཡངས་པའི་འཚོ་བ་གསར་བ་ཞིག་གི་རྒྱབ་ལྗོངས་ཉེར་ཏེ་གནས་འདི་ལ་ཉེ་བར་གཏུག་པ་དང་། ད་ལྟར་སླེབས་རག་ཏུ་དེའི་དོན་དུ་ཕུལ་ཟིན་པ་ཚེ་སྲོག་ཁོ་ན་ག་ལ་ཡིན་སྲིད།

སྙན་ངག་ཧྲིལ་བོས་མགོ་ནས་མཇུག་བར་ཏུ་ལབ་གླེང་བྱེད་པ་ལྟ་བུའི་མཁའ་དབུགས་ཤིག་གིས་གཏིབས་པ་དང་། འདས་དོན་དང་འདྲ་མཉམ་སྒོས་ཕན་ཚུན་འགྲེང་ཚུགས་སུ་བལྟས་ཤིང་། ཕན་ཚུན་གྱི་སྣང་ངོར་ཕ་རོལ་པོ་ཁེར་རྐྱང་དུ་གནས་པའི་མྱོང་ཚོར་བདེན་པ་ཞིག་སྐྱིལ་བར་བྱས། རྟོག་བཏགས་དང་སྒྲོ་འདོགས་ཐམས་ཅད་ཡར་ཀླུང་གཙང་བོར་ཧྲིལ་གྱིས་བསྐྱུར་བ་དང་། དངོས་ཡོད་ཀྱི་ཡོལ་རས་ཆེན་པོའི་ངོས་སུ་བསམ་བློའི་དཔལ་ཡོན་སྙེག་པ་ལས་དངོས་པོའི་དཔལ་ཡོན་དེ་བས་ཀྱང་མཁོ་ཞིང་འགངས་རྩ་ཆེ་བའི་བརྙན་རིས་ཤིག་གསལ་ཤ་ལེར་མངོན་ཡོད། སྙན་རྩོམ་གྱིས་སྐྱ་རེངས་གསར་བའི་སྔ་རྗེས་དེ་ཇི་ལྟར་བརྒལ་རྒྱུ་དང་། གང་ལྟར་བྱས་ཏེ་འཚོ་བ་གསར་པའི་ཁྲོད་ཀྱི་ནུབ་པ་མེད་པའི་འཛུམ་མདངས་དེ་འཚོལ་སྙེག་བྱེད་པ་བཅས་སུ་ཀུན་རྟོག་གི་ཤུགས་བསྐྱེད་སའི་བར་སྟོང་ཞིག་ཀྱང་བཞག་ཡོད།

ལོ་ཟླ་ཕྲག་ཕྲིག་འདས་ཤིང་། དཀའ་སྡུག་གི་ཆར་རླུང་མང་པོ་བརྒྱུད་པའི་བོད་ལྗོངས་ཀྱི་ལོ་ངོ་བཞི་བཅུ་འདི་ལྟར་བརྒྱུད་ཟིན་པའི་མི་རེ་རེའི་དྲན་པའི་རྩིག་ལྡེབས་སུ་དུས་གཏན་དུ་བརྐོས་ཡོད། ཁོང་གིས་མ་འོང་བའི་ལོ་རྒྱུས་ལ་ཚོན་མདངས་སྣུམ་པའི་སྨྱུག་ཁ་ཐེངས་ཤིག་བསྐོར་བ་ནི། སྙན་ངག་པས་གནོད་ཐབས་བྲལ་བའི་བརྩེ་དུང་གི་ཚོར་སྐྱོམ་ལས་འཕོས་པའི་སྙན་ངག་གི་རྟོགས་ཁམས་གསར་བ་ཞིག་བཞེངས་བསྐྲུན་བགྱིས་པ་ཡིན།

 

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060