སྙན་རྩོམ་ཅོ་ཀའི་དྲུག་འགྱུར།
 
སྙིང་གཏམ།
སྤེལ་དུས། 2011-12-21    ཡོང་ཁུངས་།    རྩོམ་པ་པོ། སྐྱུར་རའི་བསམ་གཏན་རྣམ་རྒྱལ། 〈ཡུལ་ཤུལ〉
 

 གང་གི་མཚན་ཙམ་ཡིད་ལ་དྲན་པས་ཀྱང་། ། 
འཇིགས་ཆེན་འཆི་བདག་གདུག་པའི་མཚོན་ཆ་ལས། །  

སྐྱོབ་པའི་ཡ་ལད་བཙན་པའི་དཀོན་མཆོག་གསུམ།    ། 

ཡང་ཡང་ཡིད་ཆེས་དད་པས་སྐྱབས་སུ་མཆི།    ། 

རང་ཡུལ་ཆོས་ལུང་དཀར་པོའི་ས་ཆ་ལ། ། 

 གནས་པའི་སེམས་ཅན་རྒན་གཞོན་ཕོ་མོ་རྣམས།    ། 

ང་ཡི་སྙིང་དབུས་བྱུ་རུའི་ཁང་ཆུང་ནས། ། 

བྱུང་བའི་སྙིང་གཏམ་ཚིག་འགར་གསན་རོགས་ཞུ།    ། 

ལྷ་སྲིན་སྡེ་བརྒྱད་འཁྲུགས་པའི་ཆོ་འཕྲུལ་དང༌།    ། 

ཡང་ན་བཙན་པོ་འབྱུང་བཞིའི་བཀའ་ཆད་དམ།    ། 

སྤྱི་མཐུན་ལས་ཀྱི་རྣམ་སྨིན་ཡིན་ཡང་རུང༌།    ། 

སྒ་ཡུལ་ཆོས་ཕྱུག་ནོར་བུའི་གླིང་མཆོག་འདིར།    ། 

ས་ཡི་དུག་མདའ་དྲག་པོ་གཡོས་པ་ཡི།    ། 

ལོ་ཟླ་ཚེས་གྲངས་དུས་ཚོད་གཅིག་གི་ནང༌།    ། 

ཉེས་མེད་སྐྱེ་བོ་སྟོང་ཕྲག་དུ་མ་ཡི།    ། 

ཚེ་སྲོག་གཤིན་རྗེའི་ཁྲམ་ལ་བཏབ་པ་དང༌།    ། 

བརྩེགས་པའི་མཁར་རྫོང་སྲོག་གཅོད་རྦབ་རྒོད་འདྲ།    ། 

བསགས་པའི་རྒྱུ་ནོར་ཆོམ་པོས་འཕྲོག་པ་བཞིན།    ། 

གཡས་གཡོན་ཁྱིམ་མཚེས་ཕ་མ་བུ་ཚ་སོགས།    ། 

བྲལ་བའི་སྡུག་བསྔལ་རི་བོའི་མནན་འདྲ་བྱུང༌།    ། 

དེ་དུས་ངོ་ཚ་ཁྲེལ་མེད་ཉུང་ཤས་ཤིག། 

ཁྱི་སྤྱང་ཧམ་རྒྱུག་བྱེད་པ་ཐོས་ན་ཡང༌།    ། 

དེ་དག་ས་ཆ་ཡུལ་ཕྱོགས་མི་རིགས་སོགས།    ། 

གང་ཡིན་མེད་པའི་འདྲེ་འཁྱམ་ཡིན་ཡང་སྲིད།    ། 

ཨ་མའི་ལག་ཟས་ནང་དུ་སྦྱར་དུག་མེད།    ། 

ལྷ་སྡེ་དཀར་པོའི་ནང་ལ་ཟ་འདྲེ་མེད།    ། 

དེ་ཕྱིར་ཆོས་ལྡན་རང་གི་མི་རིགས་ལ། ། 

རང་གིས་བརྙས་སྨོད་མ་བྱེད་སྙིང་གཏམ་ཡིན།    ། 

སྟོན་དུས་ལོ་ཐོག་འབབ་སྒོ་ཆེ་ཆུང་དེ།    ། 

དཔྱིད་དུས་རྨོ་འདེབས་སོ་ནམ་བཟང་ངན་ཡིན།    ། 

ཚེ་འདིའི་ཕྱུག་སྤྲང་བདེ་སྡུག་སྣང་བ་ཡང༌།    ། 

སྔར་བྱས་ལས་ཀྱི་རྣམ་སྨིན་རྒྱལ་བས་གསུངས།    ། 

རྟེན་འབྲེལ་གཤིས་ཀྱི་བབ་ལུགས་ཟབ་མོ་འདི།   

 མཁས་ཀྱང་གཞནདུ་བསྒྱུར་པར་མི་ནུས་བཞིན།   ། 

སྔོན་བསགས་ལས་ཀྱི་རྣམ་སྨིན་ཐོག་བབས་འདི།    ། 

སངས་རྒྱས་སྟོང་གིས་བཟློག་ཐབས་མ་མཆིས་ཏེ།    ། 

དཔེར་ན་རྫུ་འཕྲུལ་ཅན་མཆོག་མོའུ་འགལ་བུ།    ། 

མུ་སྟེགས་ཀུན་ཏུ་རྒྱུ་ཡི་དཔུང་ཚོགས་ཀྱིས།    ། 

སྐུ་ལུས་འདམ་བུའི་ཚལ་བཞིན་བཅོམ་པའི་དུས།    ། 

བརྫུ་བར་མ་དྲན་འཕྲུལ་བར་མ་ནུས་བཞིན།    ། 

དེ་ཕྱིར་ལས་འབྲས་བསླུ་མེད་ཤེས་པ་ཡིས།    ། 

དཀོན་མཆོག་གསུམ་ལ་འཁང་ར་མ་བྱེད་ཅིག། 

དམ་པའི་ཆོས་ལ་ལོག་ལྟ་མ་བྱེད་ཅིག། 

ཕ་ཆོས་བུ་ཆོས་མ་བརླག་སྙིང་གཏམ་ཡིན།    ། 

དེ་ཚེ་འཛམ་གླིང་སྤྱི་དང་རང་རྒྱལ་གྱི།    ། 

མི་རིགས་ཡོངས་ཀྱི་རོགས་སྐྱོར་རྒྱ་ཆེན་གནང༌།    ། 

དེ་ཡང་འགྲོ་བ་སེམས་ཅན་ཐམས་ཅད་ལ།    ། 

བྱང་ཆུབ་སེམས་ཀྱི་ས་བོན་ཡོད་པའི་རྟགས།    ། 

ཁྱད་པར་མདོ་དབུས་ཁམས་གསུམ་གནས་བཅས་པའི།    ། 

ཁ་བ་ཅན་གྱི་ཕུ་ནུ་མིང་སྲིང་རྣམས།    ། 

སྐྱིད་ན་རྟ་ཕོའི་བང་ཁ་མཉམ་དུ་གཤིབ།    ། 

སྡུག་ན་ཁྲེས་པོའི་ཁུར་ཐག་མཉམ་དུ་སྒྲོག། 

ན་ཟུག་ཆེ་ན་ཁ་ཕོ་མཉམ་དུ་བཅངས།    ། 

ཁོག་པ་ལྟོགས་ན་སྐ་རགས་མཉམ་དུ་བསྡམས།    ། 

དཀའ་ངལ་བྱུང་ན་དཔུང་གདང་མཉམ་དུ་བསྒྲིལ།    ། 

སྡུག་གིས་ནོན་ཀྱང་མགོ་བོ་མཉམ་དུ་དགྱེ།    ། 

གདོང་དམར་བོད་ཀྱི་མི་རིགས་ངོ་མཚར་ཆེ།    ། 

འཛམ་གླིང་མི་རིགས་ཁྲོད་ན་ངོ་གནོང་མེད།    ། 

གངས་དཀར་རི་བོའི་ཁ་དོག་འགྱུར་བ་མེད།    ། 

དེ་ཕྱིར་མི་རིགས་འདི་ཡི་བསམ་བློ་དང༌།    ། 

ཆོས་དང་རིག་གཞུང་སྐད་དང་ཡུལ་སྲོལ་སོགས།  

 མི་ཉམས་ཡུན་དུ་གནས་པའི་འདུ་ཤེས་ཀྱིས།    ། 

མཐུན་སྒྲིལ་དམ་པོར་མཛོད་ཅིག་སྙིང་གཏམ་ཡིན།    ། 

ཁ་དྲི་སུ་འཇམ་དྭ་ཕྲུག་རྣམས་ཀྱིས་ཤེས།    ། 

ས་ཆ་གར་སྤྲོ་ལྡོམ་པོ་རྣམས་ཀྱིས་རྟོགས།    ། 

ཟས་ཀྱི་མངར་སྐྱུར་ལྐུགས་པའི་ཡིད་དུ་སྣང༌།    ། 

དྲིན་ཆེན་སུ་ཡིན་རང་རང་སེམས་ལ་གསལ།    ། 

ཕན་བཏགས་ལན་ལྡོན་བྱེད་པ་གང་ཡིན་པའི།    ། 

མི་ལ་དཔལ་མགོན་ཉེ་བར་གནས་ཞེས་གྲགས།    ། 

དྲིན་ཆེན་དྲིན་ཤེས་ཡང་ཡང་དྲིན་དྲན་པ།    ། 

ཡ་རབས་དམ་པའི་ཚུལ་ལ་སྤྱོད་པར་མཛོད།    ། 

ང་ནི་རང་གི་རིགས་ལ་ཤ་ཞེན་ཆེ།    ། 

ཁྱད་པར་རང་ཡུལ་ལྷ་སྡེ་དཀར་པོ་ཡི།    ། 

ཕུ་ནུ་མིང་སྲིང་བུ་ཚ་འཁོར་བཅས་ལ།    ། 

བརྩེ་དུངས་འོ་མའི་མཚོ་ལས་ཟབ་པའི་ཕྱིར།    ། 

ནུས་པ་མེད་ཀྱང་བསམ་པ་དཀར་པོ་དང༌།    ། 

ཤེས་རྒྱ་ཆུང་ཡང་སྙིང་གཏམ་དྲོན་མོ་ཕུལ།    ། 

གནས་ལུགས་ཡོད་མེད་རིགས་པས་ཡང་ཡང་དཔྱོད།    ། 

འཐད་དང་མི་འཐད་མནོ་བསམ་ཡང་ཡང་མཛོད།    ། 

དེ་སྐད་སྙིང་གཏམ་ཚིག་གསུམ་ཞུ་རྒྱུ་འདི།    ། 

བརྒྱད་ཅུ་ལོ་ལོན་མི་རྒན་མགོ་སེས་བྲིས།    ། 

ཉེས་འགལ་ཅི་མཆིས་ཡུལ་མི་རྣམས་ལ་བཤགས།    ། 

ལེགས་ཆ་མཆིས་ཚེ་ཡུལ་ལ་ཕན་པར་ཤོག། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060