སྙན་རྩོམ་ཅོ་ཀའི་དྲུག་འགྱུར།
 
ཁྲི་སྲོང་ལྡེའུ་བཙན།
སྤེལ་དུས། 2011-12-22    ཡོང་ཁུངས་།    རྩོམ་པ་པོ།

 གནམ་སའི་བར་སྟོང་ཆེ་རུ་འབྱེད་མཁན་དེ་ཁྱེད་ཡིན་ནམ། 

ཉི་ཟླའི་འོད་སྣང་གང་སར་འགྲེམ་མཁན་དེ་ཁྱེད་ཡིན་ནམ། 

དུས་ཚོད་ཀྱི་གས་ཁ་ཞིག་ནས། 

གནའ་བོའི་ཡུལ་ལྗོངས་ལ་དྲན་པ་སྐོར་ཉེས་ཤིག་གིས། 

རྡོ་རིང་གི་ངོས་དང་ཡིག་རྙིང་གི་གསེབ་ནས། 

ངས་ཁྱེད་རྙེད་བྱུང༌། བདག་གི་མེས་པོ་ལགས། 

མདའ་གྲི་མདུང་གསུམ་དང་འབྲེལ་བའི་ལོ་ཟླ་འགའ། 

རླུང་འཚུབ་ཀྱིས་འཁུར་བའི་ཀི་སྒྲའི་ཀློང་ནས། 

རྟ་མཆོག་ཁྲི་ཕྲག་གི་རྨིག་སྒྲས་བསྐྱལ་དུས། 

ཟླུམ་གཟུགས་ཀྱི་གོ་ལ་འདི། ཅི་འདྲའི་ཆུང་ཨང༌། 

འདས་ཟིན་པའི་དུས་ཚོད་ལ་ཕྱིར་ལྡོག་མེད་ཀྱང༌། 

འོད་དུ་འཚེར་བའི་ལོ་རྒྱུས་ཀྱི་བདེན་པ་སུ་ལ་གསང༌། 

ཀྲོང་ངེར་འགྱིང་བའི་མི་ཡུལ་གྱི་པོ་ཏ་ལ། 

ནམ་ཡང་ཁེར་རྐྱང་ཡིན་ཡང༌། སྔར་བཞིན། 

བརྟན་བརླིང་གིས་འགྲེང་བ་ཁྱེད་ཀྱིས་མཐོང་ངམ། 

མདང་ནུབ། ས་སྲོད་ཀྱི་མཚམས་སྤྲིན་དམར་པོའི་འོག་ཏུ། 

ངས་རང་གི་གྲིབ་གཟུགས་ལ་བལྟས་ནས། 

ཁྱེད་ཀྱི་ཁོད་ཡངས་པའི་གསེར་མདོག་གི་ཞོགས་པར་འཁྲེང་དུས། 

རང་ཉིད་ཀྱི་ལུས་ན། ད་དུང་ཡང༌། 

དྲོད་མ་ཡལ་བའི་ཁྱེད་ཀྱི་ཁྲག་རྒྱུན་དྭངས་མོ་ཞིག་ཡོད་པ་ཚོར། 

དེ་རིང༌། ཚོར་བ་སྐྱེན་པོ་ཞིག་ཁྱེད་ཀྱི་བྲང་ཁོག་བརྒྱུད་དུས།  

མུ་མེད་པའི་ནམ་མཁའ་འདིས་ཁྱེད་ཀྱི་ཐུགས་དགོངས་དྲན་ཅིང༌། 

སྲ་མཁྲེགས་ཀྱི་ས་གཞི་འདིས་ཁྱེད་ཀྱི་མངའ་ཐང་གླེང་གིན། 

ངའི་བག་ཕེབས་དང་ཞེད་སྣང་ཡང་ཡང་དཀྲོགས་སོང༌། 

དོ་དགོང༌། ངའི་དྭངས་གཙང་གི་རྨི་ལམ་ཁྲོད་དུ། 

ཁྱེད་ཀྱི་རྟ་མཆོག་གི་རྨིག་སྒྲ་སྙན་མོས། 

སླར་ཡང་ངའི་རྩྭ་ཐང་དང་རི་ཀླུང་སྒུལ་གྱིན། 

མི་ཡུལ་ལ་མཚར་སྡུག་གི་གཏམ་རྒྱུད་ཅིག་བྲི་རོགས། 

སང་ཉིན། སྐྱ་རེངས་ཀྱི་འབོད་བརྡ་ལྷང་ལྷང་གྲག་དུས། 

ཉི་ཟེར་ལམ་ལམ་གྱི་ཀློང་ནས། 

ཁྱེད་ཀྱི་ཚ་བོ་ངས། རང་ཉིད་ཀྱི་གོམ་འགྲོས་རེ་རེ། 

ཁྱེད་ཀྱི་ཞབས་རྗེས་ཀྱི་ཕྱོགས་སུ་ཤུགས་ཀྱིས་སྤོ་བར་ངེས། 

རྩྭ་ཐང་གི་བརྩེ་བ་ཞིག

རྩྭ་ཐང་ནས་གན་རྐྱལ་དུ་ཉལ་ཏེ།

དབྱར་གཞུང་གི་མཛེས་པ་མྱོང་དུས། 

མེ་ཏོག་གི་ཁུད་དུ། 

རང་ཉིད་ཀྱང་མེ་ཏོག་ཅིག་ཡིན་སྣང་འཆར། 

ལུག་ཁྱུ་འདྲ་བའི་སྤྲིན་པའི་འོག་གི

སྤྲིན་པ་འདྲ་བའི་ལུག་ཁྱུ་དེ། 

སུ་ཞིག་གི་འཛུམ་དཀར་ཡིན་ནམ། 

སྐབས་དང་སྐབས་སུ། 

བསིལ་རླུང་ལ་འཁྱུད་པའི་གཞས་ཆུང་ཞིག

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060