སྙན་རྩོམ་ཅོ་ཀའི་དྲུག་འགྱུར།
 
སེམས་ཚེགས་ཁྲོད་ཀྱི་མངའ་རིས།
སྤེལ་དུས། 2011-12-21    ཡོང་ཁུངས་།    རྩོམ་པ་པོ།
ང་ད་ལྟ་མངའ་རིས་སུ་ཡོད་ཀྱང༌། 

ང་ལ། སེམས་ཁོང་གི་མངའ་རིས་དང་རྒྱང་ཐག་རིང་བའི་ཚོར་བ་ཞིག་སྐྱེ་བཞིན་འདུག

བྱེ་མའི་ཀློང་གི་མངའ་རིས་དང་མངའ་རིས་པ་ཚོ། 

ད་དུང་ལྗང་མདོག་སྐྱོར་མཁན་གྱི་ཤིང་སྡོང་ཐར་ཐོར་དེ་དག་སྙིང་རེ་རྗེ་ཨང༌། 

མངའ་རིས་དང་ད་ལྟའི་མངའ་རིས་པ་ཚོའི་བར་དུ་གཅོད་མི་ཐུབ་པའི་ཕྱི་ཐག་ཅི་ཞིག་ཡོད་དམ། 

ཡང་ན། སྲད་བུ་གཅིག་གི་སྟེང་ལ་བརྒྱུས་པའི་ཕྲེང་རྡོག་དེ་ཡིན་ནམ། 

ང་ཚོད་ཚོད་ལ་སྨྲེང་སེམས་ཤིག་སྐྱེས་འོངས། 

ང་ལ་ཚོད་ཚོད་མེད་པར་སྡུག་བསྔལ་ཞིག་བསྩལ་འོངས། 

ཁྱོད་དངོས་གནས་འོད་སྲུང་གི་རྒྱུད་ལས་མཆེད་པའི་ཤ་ཁྲག་དེ་ཡིན་ནམ། 

ཁྱོད་དངོས་གནས་བཀའ་ཁྲིམས་ཀྱིས་རིས་སུ་བཀུག་པའི་འབངས་མི་སེར་དེ་ཡིན་ནམ།    

ཁྱེད་ཅག་གི་གཤིས་སུ་དཔའ་བོ་དང་དཔའ་མོ་ཚོའི། 

དཔའ་སྤོབས་ལྷབ་ལྷུབ་ཏུ་འབར་གྱིན་མེད་པའི་རྒྱུ་མཚན་ཅི་ཡིན་ནམ། 

ཁྱེད་ཅག་གི་ངག་ན་བཙན་པོའི་གཟི་བརྗིད་ལྷུང་ལྷུང་གིས་འབབ་ཀྱིས་མེད་པའི་རྒྱུ་མཚན་ཅི་ཡིན་ནམ།

ཁྱེད་ཅག་གི་སེམས་སུ་མེས་པོའི་མཛད་འཕྲིན་ལྷང་ལྷང་གིས་འཕྲོ་བ་མེད་པའི་རྒྱུ་མཚན་ཅི་ཡིན་ནམ།

ཁྱེད་ལ་བལྟས་ཀྱིན་བལྟས་ཀྱིན། ཁྱེད་ལ་ཉན་གྱིན་ཉན་གྱིན། 

ང་ཐེ་ཚོམ་གྱི་ཞགས་ཐག་གིས་དམ་པོར་བསྡམས་འོངས་ལ། 

ང་ཡི་ཆད་ཀྱི་སྨྲེ་ངག་གིས་དུམ་བུར་གཏུབ་འོངས། 

ལོ་རྒྱུས་ཀྱི་སྐྱི་ལྤགས་གྱོན་པའི་མངའ་རིས་པ། 

མིང་ཡིག་བརྗིད་པོ་ཞིག་བསྣམས་ཡོད་པའི་མངའ་རིས་པ། 

ཁྱེད་ཀྱིས། མི་གཙང་བའི་ལྗན་ལྗིན་ཁུར་ནས་ལོ་ཟླ་ག་ཚོད་འགོར་ཡོད་དམ། 

ཁྱེད་ཤིན་ཏུ་ནས་ཨ་ཐང་མི་ཆད་དམ། 

ཁྱེད་ཤིན་ཏུ་ནས་སེམས་ཚེགས་མི་འཁོར་རམ། 

མངའ་རིས་ཡ། ང་ལ་འཚེར་སྣང་སྐྱེ་བཞིན་འདུག

ང་ལ་འཚེར་སྣང་སྐྱེ་བཞིན་འདུག

ང་ལ་འཚེར་སྣང་སྐྱེ་བཞིན་འདུག

ཁྱེད་སྟོང་བར་གྱུར་པའི་དུས་ཡུན་ནི་ས་ལ་ཟགས་ཀྱིན་པའི་སྐར་མདའ་དེ་མིན་པར་སྨོན། 

ངས། མངའ་རིས་པ་ཁྱེད་ཚོ་ལ་བལྟས་ནས། 

དེབ་ཐེར་གྱི་གསེང་དུ་ལྷན་ནེར་གནས་པའི་མངའ་རིས་དང་མངའ་རིས་པ་དྲན་གྱིན་འདུག་ཨང༌། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060