སྙན་རྩོམ་ཅོ་ཀའི་དྲུག་འགྱུར།
 
ཨ་ཕ་རྗེས་སུ་དྲན་པ།
སྤེལ་དུས། 2011-12-22    ཡོང་ཁུངས་།    རྩོམ་པ་པོ།

ཨ་ཕ་དྲན་ཐེངས་རེར། 

སྦྲ་ནག་དང་གུར་དཀར་འདྲེས་པའི་རུ་སྡེ་ཁྲ་མོ་ཞིག་དྲན་འོང་ལ། 

ལྷུག་ལྷུག་ཀི་དགོད་སྒྲས་ཁེངས་པའི་གཞིས་ཁྱིམ་དྲོན་མོའི་གོ་ཁ་རུ། 

བྱིས་པ་གཅེར་བུ་འགའ་རྩེད་མཚར་ངང་པང་དཀྱིལ་དུ་ཉར་བཞིན། 

ལུག་ལྤགས་མཐུག་པོའི་དགུན་སློག་གི་རུམ་ཕུག་དེ།   

གཅེས་ཕྲུག་ཚོའི་དྲོད་སྐྱིད་ཀྱི་ཚང་མལ་དུ་སྦྱིན་པས། 

ངོ་གདོང་འཛུམ་གྱིས་ཕྱུག་པའི་འབྲོག་མི་ཕལ་བ་ཞིག་གི་བྱམས་བརྩེ། 

ཤིན་ནས་ཤིན་ཏུ་དྲན། 

ཨ་ཕ་དྲན་ཐེངས་རེར། 

མུ་མཐའ་བྲལ་པའི་རྩྭ་ཐང་གི་ཡུལ་ལྗོངས་ཤིག་ལྷང་ངེར་དྲན་འོང་ལ།

ལུག་ཁྱི་གོར་མ་གོར་མ་བྱས་ནས་སྤྲིན་དཀར་གྱི་འོག་ཏུ་རྒྱུ་ཞིང་། 

རས་གུར་ཆུང་ཆུང་ཁེར་ཁྱིམ་དུ་བབས་པའི་ཉེ་འགྲམ་ན། 

ཐག་རྟོད་བྱས་པའི་བཞོན་གཡག་རོག་པོའི་ངུར་སྒྲ་ལྷང་ལྷང་དང༌། 

ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱི་འགྲོ་འདུག་བྲེལ་མོའི་ཁྲོད། 

འུར་ཆ་ཐོགས་པའི་རྫི་བོ་ཁོམ་མེད་ཅིག་གི་རྒྱབ་གཟུགས་རྟག་ནས་རྟག་ཏུ་དྲན། 

ཨ་ཕ་དྲན་ཐེངས་རེར། 

སྐྱི་བསེར་རླུང་བུ་ཞིག་གི་མགྱོགས་ཚད་ངང་གིས་དྲན་འོང་ལ། 

རི་ངོས་ལ་ཐུར་མེད་པར་བང་རྩལ་གྱིས་ཞོགས་པའི་རྟ་ཁྱུ་རྒོད་པོ་ཞིག

ཐག་ཉེ་ནས་ཐག་རིང་དང་ཐག་རིང་ནས་ཐག་ཉེ་ལ་ཕྱིན་ཚེ། 

སྲབ་མདས་བསྡམས་པའི་སྒྲོག་ཆས་མང་བོ་གཉའ་སྟེང་དུ་ཁུར་ཏེ། 

རྟ་རྡང་ནང་ནས་ཉིན་རེར་གཏོང་འདོགས་ཀྱི་ལས་ཀ་བགྱི་བཞིན་པའི། 

ཨ་ཐང་ཆད་པའི་རྟ་རྫི་རྒན་པོ་ཞིག་གི་དགྱེ་སྒུར་ལྷག་ནས་ལྷག་ཏུ་དྲན། 

ཨ་ཕ་དྲན་ཐེངས་རེར། 

བྲག་དམར་པོའི་ལམ་ཆེན་སྙེག་པའི་རྡུལ་འཚུབ་ཁེར་ཆད་ཅིག་དྲན་འོང་ལ། 

སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་མཐོ་རླབས་ལང་ལོང་ཁྲོད། 

རྟ་གསུམ་ཤིང་རྟའི་སྐྱེལ་འདྲེན་ལ་ཁ་ལོ་སྒྱུར་མཁས་ཤིང༌། 

ས་རྡུལ་གྱིས་ཁེངས་པའི་སྟོད་གོས་ཧྲལ་ཧྲུལ་གྱི་ཨམ་ཕྲག་ལས། 

རྒྱ་གར་སིལ་ཏོག་དང་འོ་མའི་ཀ་ར་ཕྱི་རུ་བླངས་ཡོང་སྟེ། 

བྱིས་པའི་རེ་སྒུག་ལ་ཞིམ་མངར་དང་གཅེས་བྱིལ་གྲངས་མེད་སྩོལ་བའི། 

ངལ་རྩོལ་པ་ཕྱག་ལག་གྱོང་བོ་ཞིག་གི་རེག་བྱ་ཡུན་ནས་ཡུན་དུ་དྲན། 

ཨ་ཕ་དྲན་ཐེངས་རེར། 

སྐར་མའི་གྲང་འདར་ལམ་ལམ་འཕྲོ་བའི་མཚན་མོའི་མཁའ་དབྱིངས་ཤིག་དྲན་འོང་ལ། 

སྤྱང་རྒན་གྱི་གཡོ་སྒྱུའི་མཆེ་སྡེར་ལ་ཐད་ཀར་དམར་འཛིང་བྱེད་ཕོད་པ་དང༌། 

ཐག་རིང་མཚེར་སྤོར་ལམ་གྱི་ཁལ་གཡག་ཆུས་འཁྱེར་བ་ཡང༌། 

ཆུ་ནང་ཉ་མོའི་འཁྱུག་རྩལ་གྱིས་མྱུར་སྐྱོབ་བྱེད་ནུས་ཤིང༌། 

རང་བྱུང་སྣང་ཚུལ་གྱི་གདུག་རྩུབ་ཅི་རིགས་ལ་ནམ་ཡང་གཉའ་མི་སྒུར་བའི། 

མཐོ་གཞོངས་དཔའ་བོའི་སྣང་བརྙན་གསོན་པོ་ཞིག་གི་གཤིས་རྒྱུད་ཡང་ནས་ཡང་དུ་དྲན། 

ཨ་ཕ་དྲན་ཐེངས་རེར། 

སློབ་གྲྭར་བསྐྱོད་པའི་སྐྱ་མི་ཁེར་འགྲོ་ཞིག་གི་རྟ་ཡི་དྲུག་ཁ་དྲན་འོང་ལ། 

ལུག་བལ་ཉག་འགའ་ཙམ་ཡང་ཐང་ནས་རྒུམ་དགོས་པའི་འཚོ་བ་དམར་ཁྲིད་བྱེད་ཞོར། 

མི་ཚེ་གཅིག་ལ་རིག་གནས་མེད་དུ་མི་རུང་བའི་གོ་བརྡ་གང་མང་དུ་སྤྲད་ཅིང༌། 

གཏན་ནས་རྫུན་མི་སྨྲ་ཞིང་མ་བྱིན་པའི་དངོས་པོའང་མི་ལེན་པ་དང༌། 

རང་ནུས་གང་ཡོད་ཀྱིས་གཉོམ་ཆུང་དག་ལ་རོགས་རེས་གཏོང་ཕོད་མཛད་དགོས་ཞེས། 

ལམ་ཐག་རིང་བོའི་ཞལ་གསུང་ཞིག་གི་ཚིག་འབྲུ་རེ་རེ་གཏན་ནས་གཏན་དུ་དྲན། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060