སྙན་རྩོམ་ཅོ་ཀའི་དྲུག་འགྱུར།
 
བདག་གི་རྨི་ལམ།
སྤེལ་དུས། 2011-12-21    ཡོང་ཁུངས་།    རྩོམ་པ་པོ། ལྷ་རྒྱལ་ཚེ་རིང་། ཀན་ལྷོ།
(ཞར་བཀོད་ཚན་པ་གཅིག)

ཁ་བ་བུ་ཡུག་ཕྱོགས་སུ་འཚུབ་ཀྱིན་ངུ་ངག་འདོན་པའི་མཚན་མོ་དེར།    ། 

བདག་གིས་སྙིང་སྡུག་སྒེག་འཆང་ཁྱོད་ཉིད་ཡིད་ལ་ཉར་གྱིན་གཉིད་དུ་ཡུར། ། 

དུད་སྨུག་ཀློང་དུ་འཁྱིལ་བའི་རྨི་ལམ་ཞིང་ཁམས་དེ་ཡི་ཕ་རོལ་གྱི།    ། 

འབྱམས་སུ་ཀླས་པའི་ལྗང་མཛེས་ནེའུ་གསིང་འདབ་སྟོང་ཁྲོད་དུ་ཁྱོད་ཉིད་མཐོང། 

འཁྲེང་ཞེན་མཚར་སྡུག་མེ་ཏོག་ཁྱོད་ཞལ་སྐྱེད་མོས་ཚལ་དུ་རྣམ་པར་བཞད།    ། 

མི་ཕྱེདའདོད་དུངས་བསུང་ཞིམ་ཁྱོད་མཆུའི་སྨྲ་བརྗོད་སྙན་མོར་ཀུན་ནས་ལྡང༌།    ། 

ཁྱོད་ཀྱི་དཀྱུས་རིང་དཀར་ནག་མཛེས་དགུར་ཕྱེད་པའི་མིག་ཟུང་བརྩེ་འདང་གིས།    ། 

བདག་གི་འདོད་ཞེན་སེམས་པ་ཉིད་ལ་སྔོན་མེད་སྒོ་འཕར་ཡངས་པོར་ཕྱེ།    ། 

ཁྱོད་ཀྱི་དཀར་འཇམ་གཞོན་ཤ་ཆགས་པའི་ལག་པའི་གཉིས་འཐུང་སྣ་ཞགས་མཆོག། 

བདག་གི་མགུལ་བར་དམ་པོར་འཁྱུད་དེ་གནག་སྣུམ་སྐྲ་ལོར་བྱིལ་བྱིལ་བགྱིད།    ། 

བདག་གི་སྙན་ངག་ཚིག་ཏུ་བྱས་པའི་སྙན་འགྱུར་བརྩེ་ཆེན་གླུ་དབྱངས་དེ།    ། 

བདག་གི་དཔུང་བར་ལྷོད་མེད་འཁྲིལ་གྱིན་མགྲིན་པའི་དབྱངས་སུ་སྤྲོ་བས་འགུགས།    ། 

ཁྱོད་ཀྱི་བིམ་པའི་དམར་མདངས་འཛིན་པའི་ཡིད་འོང་མཆུ་སྒྲོས་འདབ་མའི་སྟེང༌།    ། 

མངོན་འདོད་གསར་བའི་ཆགས་ཞེན་འབར་བཞིན་བདག་གི་དཔལ་དུ་ཉེ་བར་གཏད།    ། 

དེ་ལ་བདག་གིས་ཁྱོད་ལ་འཁྱུད་ཕྱིར་ནམ་མཁར་ལག་པ་སྟོང་གཡུག་བྱས།    ། 

ལྷན་ཅིག་འཛོམས་པའི་རྨི་ལམ་དཀྲོགས་ཕྱིར་རླུང་བུས་སྐད་ངན་བར་མེད་འབྱིན།    ། 

 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060