སྙན་རྩོམ་ཅོ་ཀའི་དྲུག་འགྱུར།
 
ཁྱོད་ཀྱི་འདྲེན་བྱེད།
སྤེལ་དུས། 2011-12-21    ཡོང་ཁུངས་།    རྩོམ་པ་པོ། ལྷ་རྒྱལ་ཚེ་རིང་། ཀན་ལྷོ།
ཁྱོད་ཉིད་སྔོན་མེད་རོལ་སྒེག་དཔལ་གྱིས་ཚོགས་ཀྱི་དབུས་སུ་བགྲོད་པའི་ཚེ།    ། 

རྣམ་པར་འཁྲེང་བའི་དཀྱུས་རིང་ཟུར་མིག་བདག་གི་དཔྱིད་དུ་མངོན་པར་འཕངས།    ། 

སྐེ་མགུལ་རིང་ཞིང་རྐེད་སྐབས་ཕྲ་ཡང་བྲང་སྐྱེས་ཟུང་ལ་ཁེངས་ཉམས་རྒྱས།    ། 

བྱིན་པའི་འགྲོས་ལ་ཡང་ཟོར་ལྡན་ཡང་སྟ་ཟུར་འཕོངས་ཚོས་ལྡེམ་ལྡེམ་བྱེད།    ། 

ལྗོན་ཤིང་ཡལ་འདབ་ཕན་ཚུན་འཁྱུད་པའི་ལུང་མདོར་སྤྲོ་བ་བསང་བའི་སྐབས།    ། 

དྭངས་བསིལ་གཙང་བོས་རླབས་ཕྲེང་རྩེན་བཞིན་གླུ་སྒྲ་སྙན་མོ་ལྷང་ལྷང་སྒྲོག། 

ཁྱོད་ཉིད་བདག་གི་མི་མངོན་རྒྱབ་ནས་རྐང་འཇབ་ལག་འཇབ་ཀྱིས་ལྷགས་ཏེ།    ། 

མཉེན་འཇམ་སྤར་མོས་ལྟ་བྱེད་བསྒྲིབས་ཏེ་སུ་ཡིན་ཅི་ཁེད་བགམ་པར་བྱེད།    ། 

དཀར་ནག་མཛེས་པའི་མིག་གི་ཆགས་འཛུམ་བདག་གི་ཕང་བར་གཏད་པ་ན།    ། 

བདག་གིས་ཁྱོད་ཀྱི་གནག་སྣུམ་སྐྲ་ལོར་གཅེས་པའི་སེམས་ཀྱིས་བྱིལ་བྱིལ་བྱས།    ། 

ཕྲག་སྟོད་སིལ་བུར་ཁེབས་པའི་མགོ་སྐྱེས་ཞི་འཇམ་རླུང་ལ་སྐྱོན་བཞིན་དུ།    ། 

སྲབ་ཡང་ཐང་ཤམ་ལྷབ་ལྷུབ་སྐྱོད་ཀྱིན༌ཁྱོད་ཉིད་བདག་ལ་ཕྱོགས་ནས་འོང༌།    ། 

ཀྱེ་ཀྱེ་སྙིང་སྡུག་ཉིད་ཀྱི་ཕྲ་ལྕུག་ལྡེམ་པའི་ཡིད་འོང་རྐང་སྟབས་འདི།    ། 

ནམ་ཡང་བདག་ཡིད་མེ་ཏོག་བཞད་པའི་ནེའུ་གསིང་ཚལ་དུ་དགའ་བདེར་བསྒྱུར།    ། 

སྤང་ལྗོངས་གདན་སྟེང་གན་རྐྱལ་ཚུལ་གྱིས་སྤྲིན་དཀར་གར་སྟབས་འཚོ་བའི་དུས།    ། 

བར་སྣང་དབྱིངས་ནས་འདབ་སྟོང་བསུང་ངད་སྐར་ཚོམ་འོད་སྣང་ཁྱོད་ཀྱིས་བསྙིལ།    ། 

གླིང་གའི་བཀོད་ལེགས་ལྡིང་ཁང་སྙེག་པའི་དཀན་གཟར་རྡོ་སྐས་བརྒྱུད་དུས་སུ།    ། 

བདག་གི་ལྟག་པར་སྟོད་གོས་འདབས་ཀྱི་སྣེ་མོར་འཇུས་ནས་རྩེད་འཇོར་རོལ།    །  

ཉིན་བྱེད་ས་སྲོས་དྲི་བཞོན་དང་བཅས་ཆུ་ལྷའི་ཕང་བར་བཞུད་པས་ན།    ། 

བདག་ནི་ཁྱོད་ཀྱི་སྔོ་མེར་འཁྱིལ་བའི་མཛེས་སྡུག་འདྲེན་བྱེད་མཚོ་ལ་ནུབ།  

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060