སྙན་རྩོམ་ཅོ་ཀའི་དྲུག་འགྱུར།
 
དྲན་སྐྱོ་མཆི་མའི་གདུང་དབྱངས།
སྤེལ་དུས། 2011-12-21    ཡོང་ཁུངས་།    རྩོམ་པ་པོ། གངས་ཤར། མཚོ་ཤར།
ཡིད་འཐད་ན་ཆུང་དྲན་པའི་འཁྱག་ཀླུང་གི་སེམས་འདི།    ། 

རེ་འཛོམས་དཔལ་གྱིས་དྲོས་པའི་ཐབས་ཇུས་ཤིག་བྱུང་ན།    ། 

ཤ་རུས་གཏིང་ལ་བཏབ་པའི་ཟུག་རྒོད་ཀྱི་རྨ་ཤུལ།    ། 

བཟོད་བསྲན་སྟོང་བ་ཟབ་མོའི་གཞི་དབྱིངས་སུ་བསྐུར་ཆོག ། 

མི་ཚོགས་རབ་ཏུ་འཁྲིགས་པའི་འདུ་འགོད་ཀྱི་གསེབ་ནས།    ། 

ལྕུག་ཕྲན་གར་གྱིས་སྒེག་པའི་འཁྲི་ཤིང་གི་སྐུ་ལ།    ། 

མཛེས་ལྡན་ཞལ་རས་མེ་ཏོག་དབུ་རྒྱན་དུ་བཅིངས་ཏེ།    ། 

འཛུམ་དཀར་གཡུ་ལོ་ལྡེམ་པའི་གཞོན་ཚུགས་དེ་མཛེས་པ།    ། 

དྲུག་འགྱུར་དབྱངས་ལྡན་ལྷ་བྱ་གོང་མོ་དང་ངེད་གཉིས།    ། 

རྫ་ལུང་སྤང་ཁུད་གཅིག་ནས་གཤོག་ཟུང་འདི་སྦྲེལ་ཏེ།    ། 

འཇམ་མཉེན་སྤུ་སྡུག་ཡངས་པའི་སྒྲོ་པད་ཀྱི་ངོས་ལ།    ། 

མི་འཇིག་བདེན་ཚིག་དག་མོའི་གཟུངས་སྔགས་ཤིག་བྲིས་ཡོད།    ། 

འཁུར་དུ་དཀའ་བའི་དྲན་པའི་ལྗིད་ཤུགས་འདིའི་འོག་ནས།    ། 

འབྲལ་རྟགས་ལག་ཟུང་སྤྲད་པའི་བྲེལ་ཟིང་དང་མཉམ་དུ།    ། 

སྨིན་མདུད་ཐེངས་གསུམ་བརྒྱབ་པའི་ཡ་ཆུང་གི་ན་བུན།    ། 

གང་གི་མཐར་ཐུག་ཡིན་པ་གསལ་དག་ཅིག་ཤེས་སོང༌།    ། 

འཇིག་རྟེན་སྣང་བའི་སེམས་མདུད་ལྷོད་གྲོལ་དུ་སོང་ན།    ། 

ཡིད་ཆད་སྙིང་རླུང་ལྡང་བའི་མྱ་ངན་ལ་གཟན་ཀྱང༌།    ། 

མི་འགྱུར་བརྩེ་བའི་བདག་མོ་རྒྱང་ཆད་དུ་གྱུར་ཚེ། 

རུས་རྐང་གཏིང་གཟེར་བསླངས་པའི་ན་ཟུག་ཀྱང་མི་ཐུབ།    ། 

ལྡོག་མེད་གནམ་གྱིས་བཞག་པའི་བཀའ་ཆེམས་ནི་མ་ཡིན།    ། 

འཛད་མེད་ནོར་གྱིས་བསླུས་པའི་ངོ་སོ་དང་མ་འདྲེས།    ། 

ཕར་དགའ་ཚུར་ཕྱོགས་བྱས་པའི་ངང་ཚུལ་ལ་བསམས་ན།    ། 

སྣང་འཁྲུལ་འཁོར་བའི་གནས་ལ་དུངས་དུངས་ཤིག་སྐྱེས་འོང༌།    ། 

འཁྱོག་འགྲོས་མིག་ཟུར་འཕེན་པའི་ཕྱི་ལྟོས་ཀྱི་ངང་ཚུལ།    ། 

མ་བཅོས་དུངས་བརྩེ་ཕུལ་པའི་ལྷག་བསམ་གྱི་རང་བཞིན།    ། 

མཛའ་བརྩེ་གླུ་གཞས་གཏོང་བའི་སྐད་གདངས་ཀྱི་སྙན་འགྱུར།    ། 

རྟོག་བཏགས་སེམས་ཀྱི་དབྱིངས་ལ་གསལ་རིག་ཏུ་འཛུལ་ཡོང༌།    ། 

འཇིག་རྟེན་སྣང་བ་བརྟན་མེད་ཉི་གདུགས་ཀྱི་འཇའ་ཚོན།    ། 

ཅུང་ཙམ་སྡོད་པའི་རྩ་བ་གཞི་མེད་དུ་གྱུར་ཀྱང༌།    ། 

ཆུང་འདྲིས་གྲོགས་ལ་བཞག་པའི་ཞེན་སྣང་གི་ཆར་སྤྲིན།    ། 

མི་ཚེ་སྤང་རི་ལྷུན་པོའི་མགུལ་རྒྱན་དུ་ཆགས་སོང༌།    ། 

རི་ཐང་ལུང་གསུམ་བརྒྱུད་པའི་མངོན་མེད་ཀྱི་ལྗོངས་ནས།    ། 

བརྩེ་དུངས་རྡོ་རྗེ་མདུད་པ་བསྐྱར་བསྣན་དུ་བརྒྱབ་ཀྱང༌།    ། 

དྲན་སྐྱོ་རྫིང་བུའི་འོག་གི་རྒས་ལུགས་ལ་བསམས་ན།    ། 

རེ་སྒུག་སྒྲོ་མཐིལ་ཉག་མ་རླུང་ཁ་རུ་གཡེངས་འགྲོ།    ། 

མཛེས་རྒྱན་ལང་ཚོའི་ཕྲེང་ཐག་རང་འཐོར་དུ་སོང་ནས།    ། 

སྐྱི་ལྤགས་རྒས་མདོག་རི་མོ་འབུར་ཚུགས་སུ་ཆགས་ཀྱང༌།    ། 

མཐའ་བཞི་རྩ་བྲལ་དབྱིངས་ཀྱི་སྟོང་བ་དང་བསྲེས་པའི།    ། 

གསལ་རྟོག་སེམས་ཀྱི་གཏན་ཚུགས་དེ་ཙམ་གྱིས་མི་འགྱུར།  

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060