སྙན་རྩོམ་ཅོ་ཀའི་དྲུག་འགྱུར།
 
ཆ་མི་སྙོམས་པའི་གྲྭ་རྐྱང་གི་འཚོ་བ།
སྤེལ་དུས། 2011-12-21    ཡོང་ཁུངས་།    རྩོམ་པ་པོ། ལྕང་སྐྱ་དགེ་འདུན་བཀྲ་ཤིས། [རྨ་ལྷོ]

མི་སྲུན་བདུདགིས་སྒྱོགས་རྡོའཕངས་ཀྱང་བྱམས་དང་བརྩེ་བའི་གོ་ཆ་གྱོན། ། 

ཟང་ཟིང་འཁོར་བའི་སྐྱིད་ཆས་མ་འབྱོར་གཅིག་པུ་དབེན་པའི་རི་ལ་བྲོས།    ། 

མདོར་ན་འབངས་དང་ཕོ་བྲང་ལྟ་ཅི་ལྟོ་རྒྱབ་ཙམ་ཡང་ཕྱིད་དཀའ་བ།    ། 

འུ་ཅག་གྲྭ་རྐྱང་སྐྱོང་བའི་སྟོན་པ་འབྱོར་ལྡན་མིག་ཞགས་ག་ལ་གཡོར།    །   

འདི་ན་སུ་དང་གང་གི་མིག་ན་ཧ་ཅང་སྙོམས་པའི་གྲྭ་རྐྱང་དག། 

དུས་རབས་གསར་བའི་ཁུགས་སོ་འདི་རུ་འཇོན་ཐང་ཁེ་དབང་ཆུང་ན་ཡང༌།    ། 

ཐོས་བསམ་འོ་མའི་མངར་རྒྱུན་ལ་རོལ་ལྷག་བསམ་གསེར་ལྟར་ལྷད་མེད་པས།    ། 

ལྔ་བདོའི་དུག་མཚོ་ཁོལ་བའི་དུས་འདིར་སྟོན་པའི་རྗེས་འཇུག་རྣལ་མ་ཡིན།    །   

འདོད་ཡོན་སླུ་བྱེད་མཚོ་ལྟར་ཁོལ་ཡང་ཕྱག་ན་སྒོར་རྡོག་གཅིག་ཀྱང་མེད།    ། 

རྩམ་རྐྱང་ཆུ་རྐྱང་འཚོ་བ་ཙམ་གྱིས་མི་ཚེ་ཕྱིད་པའི་མགོ་རིལ་བ།  

 རྡོ་གཅལ་བཀྲམས་པའི་ཆོས་གྲྭ་དག་ཏུ་རྩོད་པའི་བརྡར་ཤ་ཆོད་ན་ཡང༌།    ། 

ཤ་དང་རུས་པ་འཁྱག་ཐག་ཆོད་དེ་སྐམ་རིད་ལུས་ཕུང་འདར་སིག་སིག།   

ཕྱི་ནས་བཙག་དང་བསེར་བུས་བདས་ཏེ་ཁང་ཧྲུལ་དོག་པོའི་ནང་དུ་བརྫངས།    ། 

ནང་ན་གོ་ཁ་དྲོན་པོ་ལྟ་ཅི་ལུས་ལ་རན་པའི་གོས་ཀྱང་མེད།    ། 

ཙོག་པུར་འཁུམས་ནས་གང་དུ་བསྡད་ཀྱང་དྲོད་ཐིག་ཙམ་ཡང་རྙེད་པར་དཀའ།    ། 

ཡིན་ཀྱང་སེམས་པ་སྐྱིད་ཀྱིས་ཁེངས་པ་གྲྭ་རྐྱང་ཕལ་མོ་ཆེ་ལ་ཡོད།    །   

གཏོང་ཕོད་ཅན་གྱི་སྦྱིན་བདག་མཐོང་ན་འབྱོར་དམན་སློང་མོ་པ་ལྟར་འཚོ།    ། 

གུང་ཚིགས་སྣུམ་པོ་ཧེབ་ཀྱིས་བཞེས་ཏེ་ཉིན་ཞག་འགའ་ཡི་ཟ་སྐལ་ལེན།    ། 

ཅུང་ཟད་ཐོབ་པའི་འགྱེད་སྐལ་ཁྱེར་ཏེ་ཟ་ཁང་ཚོང་ཁང་ནང་དུ་འགྲིམ།    །  

ལག་ཏུ་དངུལ་ལོ་མང་བོ་མི་འཐོབ་ཐོབ་ཀྱང་སྐད་ཅིག་ག་ལ་རྟག།   

སྐབས་རེར་སྡུག་གཉེར་ཐོད་དུ་བལྟབས་ཏེ་རྩམ་རྡོག་སོར་རྩེས་གཅོད་ཀྱིན་ཟ།    ། 

ལན་རེར་དགའ་སྤྲོའི་རྐན་སྒྲ་ཐག་གེར་གྲོང་ཆོག་སྣུམ་པོའི་ཟས་ལ་རོལ།    ། 

མཚམས་རེར་ཆད་མ་མཐུད་ཀྱི་འཚོ་དུས་གོ་སྐམ་བདུད་རྩིའི་རོ་ལས་ཞིམ།    ། 

རེས་སྐྱིད་རེས་སྡུག་འཚོ་བ་དེ་ཡིས་ཟླ་རེར་ལུས་མཚག་མང་དུ་བརྗེ།    །   

རིད་རྗུད་དཔུང་ཤ་འཁྱག་འདར་བརྒྱབ་ཀྱང་ཕུ་ཐུང་གྱོན་ཚེ་བསྟན་བཤིག་ཟེར།    ། 

ལྷགས་རླུང་རྩུབ་མོ་སྨད་ནས་རྒྱུ་ཡང་དོར་མ་གྱོན་པའི་གནང་བ་མེད།    ། 

ལྷུང་བཟེད་ཐོགས་ཏེ་སློང་མོའི་ཆས་སུ་ཞལ་ངོའི་གདོང་གི་དཀར་ནག་འཆོལ།    ། 

ཕྲ་ལ་སྐམ་པའི་ཉ་སུག་དེ་ཡང་བཙག་དང་བསེར་བུས་འདར་ར་ར།    །   

འོན་ཏེ་གྲྭ་རྐྱང་སེམས་ཀྱི་སྤྲོ་སྣང་དངུལ་དང་ནོམ་པས་ཁུགས་པ་ཅི།    ། 

སྐུ་ཚེ་སྙོམས་པའི་ཐོས་བསམ་དེ་ཡང་སྐྱེས་རབས་སྟོང་གི་བག་ཆགས་ཏེ།    ། 

ལྔ་བདོའི་དུག་མཚོ་མཁའ་ལ་འཕྱུར་ཡང་ད་དུང་རང་གཤིས་མི་གཏོང་བ།    ། 

ཨེ་མ་གྲྭ་རྐྱང་མཛད་རྣམ་འདི་ཀོ་ཕྱག་བྱ་ཐལ་མོ་སྦྱར་བའི་གནས། 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060