ལྷུག་རྩོམ་པདྨའི་ཟེའུ་འབྲུ།
 
སྣར་ཐང་དགོན་པའི་མཐོང་ཐོས།
སྤེལ་དུས། 2011-12-21    ཡོང་ཁུངས་།    རྩོམ་པ་པོ།
   གནས་གང་ཞིག་ལ་ལྟ་སྐོར་བྱེད་པའི་དུས་སུ།  དེར་རང་ཉིད་ཀྱི་མྱོང་སྣང་འདྲ་མིན་སྣ་ཚོགས་ཡོདངེས་ལ། ལྟ་སྐོར་ལས་ཐོབ་པའི་བློ་སྐྱེད་དང་རྟོགས་པ་ནི། མི་རང་ཉིད་ལྟ་སྐོར་དུ་འགྲོ་བའི་དམིགས་ཡུལ་སོགས་ལ་རག་ལས་པ་ཡིན། ང་ལ་མཚོན་ན་ལོ་རྒྱུས་ཀྱི་གནའ་ཤུལ་དང་རིག་གནས་ཀྱི་མཁར་རྫོང་སོགས་ལ་ལྟ་སྐོར་དུ་འགྲོ་བར་མོས་ཤིང༌། དེ་དག་ལས་ཐོབ་པའི་བློ་སྐྱེད་དང་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་སྣ་ཚོགས་ཟིན་བྲིས་སུ་འདེབས་པར་སྤྲོ། 
    ༢༠༠༦
ལོའི་དབྱར་ཁར། ང་ཚོའི་འཛིན་གྲྭ་ཟི་ལིང་ནས་ལམ་ལ་ཆས་ཏེ་རང་སེམས་ཀྱི་དག་ཞིང་དབུས་གཙང་ཡུལ་ལ་རྟོག་དཔྱོད་དུ་ཕྱིན། ལྷ་ལྡན་གྲོང་ནས་ཐོག་མར་ལྷ་སའི་ཇོ་བོར་མཇལ་དུས། ནམ་ཡང་འཛུམ་དམུལ་ལེར་བཞུགས་པའི་ལྷ་སའི་ཇོ་བོས་ངའི་ཡིད་ལ་སྤྲོ་སྣང་བརྗོད་མི་ཤེས་པ་ཞིག་བྱིན་ལ། བརྗིད་ཆགས་ཡིད་དུ་འོང་བའི་ཕོ་བྲང་པོ་ཏཱ་ལ་མཐོང་མ་ཐག དགའ་སྐྱོ་འདྲེས་མའི་ཚོར་བ་སྣ་ཚོགས་སེམས་ཁོང་དུ་རླབས་བཞིན་འཁྲིགས། གྲོང་ཁྱེར་ལྷ་སའི་ལྟ་སྐོར་མཇུག་རྫོགས་རྗེས། ཟླ༨པའི་ཚེས༤ཉིན། ང་ཚོ་སྣར་ཐང་དགོན་པར་རྟོག་དཔྱོད་དུ་ཆས། སྣར་ཐང་དགོན་པ་ནི་གཙང་དུ་ཡོད་པའི་བཀའ་གདམས་པའི་གདན་ས་གྲགས་ཅན་ཞིག་ཡིན་པ་དང༌། བོད་ཀྱི་བཀའ་བསྟན་གྱི་བསྟན་བཅོས་ཐོག་མ་དག་སྒྲིག་གནང་སའང་ཡིན་པས། བོད་ཀྱི་རིག་གནས་འཕེལ་བའི་ལོ་རྒྱུས་སྟེང་གོ་གནས་གལ་ཆེན་བཟུང་ཡོད། 
    
སྣར་ཐང་དགོན་པ་ནི་རབ་བྱུང་གསུམ་པའི་ཆུ་བྱ་སྟེ་སྤྱི་ལོ༡༡༥༣ལོར་གཏུམ་སྟོན་བློ་གྲོས་གྲགས་པས་ཕྱག་བཏབ་པ་དང༌། རི་བོ་གླང་བོ་ཆེའི་སྣ་ཞགས་བརྐྱངས་འདྲའི་འདབས་སུ་ཡོད་པ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་སྣར་ཐང་དགོན་ཞེས་མིང་བྱུང་བར་གྲགས། སྣར་ཐང་དགོན་པར་ད་བར་དུ་མི་ལོ༨༥༠ལྷག་གི་ལོ་རྒྱུས་ཡོད་དེ། དུས་རབས༡༢པའི་དུས་མགོར། བཅོམ་ལྡན་རིག་པའི་རལ་གྲི་དང་དབུས་པ་བློ་གསལ་སངས་རྒྱས་འབུམ་སོགས་ཀྱིས། བོད་ཡུལ་ས་གནས་སུ་ཡོད་པའི་བཀའ་འགྱུར་དང་བསྟན་འགྱུར་གྱི་མ་དཔེ་ཡོད་ཚད་བསྡུས་ནས་ཕྱོགས་བསྒྲིགས་གནང་ཐོགབཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་གསར་བཞེངས་བྱས་པས། སྣར་ཐང་བཀའ་བསྟན་ཞེས་བོད་ཁམས་སུ་གྲགས་པ་དང༌། ཕོ་ལྷ་པས་དབུས་གཙང་དམག་འཁྲུག་གི་སྐབས་སུ་མི་མང་བོ་བསད་པའི་སྡིག་བཤགས་ཀྱི་ཆེད་དུ་བཞེངས་པའི་བཀའ་བསྟན་གྱི་པར་ཤིང་ཆ་ཚང་ཡང་སྣར་ཐང་དགོན་པར་ཕུལ། དེ་ནི་བོད་ཀྱི་བཀའ་བསྟན་གྱི་པར་ཤིང་སྔ་ཤོས་ཡིན། སྣར་ཐང་དགོན་པར་གྲྭ་ཚང་གཉིས་དང་མཆོད་ཁང་གཙོ་གྲས13ལྷག་ཡོད་ཅིང༌། གདུང་རྟེན་ལྷ་ཁང་དུ་གདན་རབས་རིམ་བྱོན་གྱི་སྐུ་གདུང་ལི་མ་ལས་གྲུབ་པའི་བཀའ་གདམས་མཆོད་རྟེན་ཆེ་བ་ཐོག་ཚད་མ་དང༌། ཆུང་བ་མཐོ་གང་ཙམ་བརྒྱ་ཕྲག་བརྒལ་པ་ཡོད། སྣར་ཐང་དུ་བཀའ་བསྟན་གྱི་པར་ཤིང་ལས་གཞན། རྗེ་ཙོང་ཁ་པའི་རྣམ་ཐར་ཆ་ཚང་གི་ཐང་ཀ་བཅོ་ལྔའི་པར་ཤིང་སོགས་པར་ཤིང་ཤིན་ཏུ་མང་བ་དང༌། ལག་བྲིས་དཔེ་ཆ་རྩ་ཆེའི་རིགས་ཀྱང་མང་བོ་ཡོད་པར་བཤད། 
     
ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞི་ཡས་མས་སུ།  ང་ཚོའི་རླངས་འཁོར་ཞིག་རལ་དུ་གྱུར་པའི་མཁར་ཆེན་པོ་ཞིག་གི་སྒོ་འགྲམ་དུ་བསླེབས། ང་ཚོ་མཁར་ཆག་དེའི་ནང་དུ་འགྲོ་དུས། སྒོ་འགྲམ་གྱི་རྡོ་བྱང་ལས་མིག་ལམ་དུ་ཡོད་པའི་མཁར་ཆག་འདི་ནི་སྣར་ཐང་དགོན་ཡིན་པའི་ངེས་ཤེས་གསལ་བོར་རྙེད། དགོན་པའི་ལྕགས་རི་ཁ་ཤོ་སྣ་རལ་དུ་གྱུར་འདུག་ལ། ནང་དུ་འདུ་ཁང་གཅིག་དང་འདུ་ཁང་དེའི་རྒྱབ་ཏུ་གྲྭ་ཤག་གཅིག   འདུ་ཁང་གི་འགྲམ་དུ་ཁང་ལེབ་གཅིག་མ་གཏོགས་ཅི་ཡང་མེད་པས། དད་པས་བསླངས་པའི་གནས་མཇལ་པ་ཞིག་ཡིན་ཚེ། དབུགས་ཐེངས་གཅིག་གིས་ཐོག་ཁང་ཉིས་རྩེག་ཅན་གྱི་འདུ་ཁང་དེར་མཇལ་རྗེས།  ཕངས་སེམས་དང་ཕྱིར་ལྟོས་མེད་པར་ལམ་དུ་ཆས་སྲིད་མོད། ང་ཚོར་མཚོན་ན་ཞིག་རལ་དུ་གྱུར་པའི་མཁར་ཆེན་པོ་དེ་ནི་རིག་གནས་ཤིག་གི་ཆགས་འཇིག་མཚོན་པའི་སེམས་ཀྱི་རྨ་ཁ་ཡིན་པས།   མཁར་དེར་བལྟས་ཀྱིན་བལྟས་ཀྱིན་སེམས་ཁོང་གི་ན་ཟུག་ཇེ་ཆེ་ནས་ཇེ་ཆེར་གྱུར། ང་ལ་འཕྲུལ་སྣང་བྱུང་བ་མིན་ན། སྣར་ཐང་དགོན་པའི་འཇིག་ཤུལ་དེ་ཧ་ལམ་བཀྲ་ཤིས་ལྷུན་པོ་དགོན་གྱི་ཆེ་ཆུང་དང་མཚུངས་ལ། བཤད་རྒྱུན་དུ་སྣར་ཐང་དགོན་པ་དར་བའི་སྐབས་སུ། སྒྲིག་ཞུགས་དགེ་འདུན་ཞལ་གྲངས༣༠༠༠ལྷག་ཙམ་ཡོད་པར་གྲགས་པས། སྣར་ཐང་དགོན་ནི་བཀྲ་ཤིས་ལྷུན་པོ་དགོན་གྱི་ཆེ་ཆུང་ཡོད་ཀྱང་སྲིད། འདི་ལྟ་བུའི་རིག་གནས་ཀྱི་མཁར་རྫོང་རྒྱ་ཆེན་པོ་མང་བོ་ཞིག་སྐད་ཅིག་ཙམ་ལ་འཇིག་དུས། བོད་ཡུལ་ན་དེའི་རིན་ཐང་རྟོགས་མཁན་ག་ཚོད་ཡོད་དམ། དུས་སྐབས་ཤིག་ལ་རྨས་ཤུལ་རྩོམ་རིག་ཅེས་པ་ཞིག་དར་ནའང༌། སྐུ་ཞབས་ཅི་ཞན་ལིན་གྱིསདེ་ནི་སྐྱི་བཤུས་ཙམ་གྱི་ན་ཟུག་བཤད་པ་ཡིན་ལ། དེར་སྨན་བསྐུས་པ་ཙམ་གྱིས་སོས་སླ།  དོན་ངོ་མའི་རྨ་ཁ་ནི་མི་མང་བོ་ཞིག་གི་སེམས་ཀྱི་གཏིང་ན་ཡོད་པས། ད་བར་དུ་སུས་ཀྱང་བཤད་ཐུབ་ཀྱིན་མེདཅེས་གསུངས་པ་ནང་བཞིན། ང་ཚོར་ཡང་སེམས་གཏིང་གི་ན་ཟུག་དང་ཡིད་སེམས་ཀྱི་འཇིགས་སྣང་ངོ་མ་དེ་འཛེམ་མེད་དུ་བཤད་ཕོད་མཁན་ཡོད་དམ། ང་ཚོས་རང་ཉིད་ཀྱི་འདོད་མོས་ལྟར་ཞིག་རལ་དུ་གྱུར་པའི་མཁར་ཤུལ་དེ་དག་པར་དུ་བརྒྱབ། ང་མཁར་ཆག་དེ་དག་ལ་དུངས་པ་མིན་མོད། འོན་ཀྱང་དེ་ནི་སྔོན་ཆད་གཟི་འོད་ལམ་མེར་འཕྲོས་མྱོང་བའི་རིག་གནས་ཤིག་གི་རྗེས་ཤུལ་ཡིན་པས། ང་ཚོས་པར་དུ་བརྒྱབ་པ་ནི་ལོ་རྒྱུས་ཀྱི་ཆགས་འཇིག་དེ་དུངས་ཞེན་གྱི་ཚོར་བ་ཟབ་པའི་ང་ཚོར་དྲན་རྟེན་དུ་བླངས་པ་ཙམ་ཡིན། ཞིག་རལ་དུ་གྱུར་པའི་ལྕགས་རི་དང་གཟི་མདངས་ཉམས་པའི་མཁར་ཤུལ་དེ་དག་ནི། རིག་གནས་གསར་བརདུངས་པའི་སྔོན་ཐོན་པ་ཚོས་རིག་གནས་གསར་བ་དར་སྤེལ་བྱ་ཆེདརིག་གནས་རྙིང་བརྡུལ་དུ་བརླགས་ཤུལ་ཡིན་ལ། དེ་ནི་གསར་བརྗེའི་དཔའ་བོ་དཔའ་མོ་ཚོའི་རྣམ་དག་གི་སེམས་པ་མཚོན་བྱེད་ཀྱི་བདེན་དཔང་གི་རྗེས་ཤུལ་ཡང་ཡིན། སྐྱོ་ཉམས་ཀྱིས་ཁེངས་པའི་མཁར་ཤུལ་དེར་གསོན་ཤུགས་ཀྱིས་བརྟས་པ་ནི་མཁར་ཆག་ཅིག་གི་འགྲམ་དུ་ཡོད་པའི་ལབ་ཙེ་དེ་རེད། ལབ་ཙེ་དེའི་སྟེང་དུ་བསྐྱོན་པའི་དར་ཚོན་སྣ་ལྔ་ནི་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་ཞིང༌། དེ་ནི་སུན་སྣང་མེད་པར་ཕྱོགས་ཡོང་གི་གནས་མཇལ་པར་སྣར་ཐང་གི་ཆགས་འཇིག་ལྷུག་པོར་བརྗོད་པ་དང་མཚུངས། 
     
ཨ་གསར་ལ་དགའ་ཞིང་གཞུང་རྒྱུད་དྲང་བའི་མི་རིགས་འདི། དགེ་བའི་ལམ་དུ་འདྲེན་སླ་ཞིང་སྡིག་པའི་ལམ་དུའང་འཁྲིད་སྐྱེན་པས། གསར་བརྗེའི་དཔའ་བོ་དང་དཔའ་མོ་ཚོས་མཐོ་གཞོངས་འདིར་ལྷ་འདྲེ་གདོན་བགེགས་གཙང་ཕྱགས་བྱ་ཆེད། ལྷ་སྐུའི་སྐེ་ལ་ཐག་ནག་བསྐོན་ནས་དྲུད་ཅིང༌། ལྷ་སྐུའི་ཕྱག་ཞབས་སྟ་རེས་བསིལ། བཀའ་བསྟན་གྱི་གསུང་རྟེན་རྣམས་ལུད་རྫས་ཀྱི་རྒྱུ་ཆར་བེད་སྤྱོད་བྱས་ཞིང༌། སྐུ་ཐང་དང་དཔེ་ཆ་མང་བོ་ལྷམ་མཐིལ་བཟོ་བའི་རྒྱུ་ཆར་བཀོལ་སྤྱོད་བྱས། དེ་ལྟར་བྱེད་མཁན་ལཡར་ཐོན་པདངཧུར་བརྩོན་པའིགཟི་བརྗིད་ཀྱི་མིང་དང་དམིགས་བསལ་གྱི་ལྟ་རྟོག་སོགས་ཐོབ་པས། ཧུར་བརྩོན་ཅནམང་བོ་ཞིག་གི་ངར་སེམས་དང་བརྩོན་སེམས་ཇེ་ཆེར་གྱུར། ཁོ་ཚོར་མཚོན་ན་དཔེ་ཆ་རྣམས་ལུད་རྫས་ཀྱི་རྒྱུ་ཆར་བཀོལ་བ་དང་ལྷམ་མཐིལ་དུ་བཟོས་པ་ནི། དཔེ་ཆ་དེ་དག་གི་རིན་ཐང་ཆུད་ཟོས་མ་བཏང་བར། རིན་ཐང་མེད་པའི་རིག་དངོས་དེ་དག་གི་རིན་ཐང་ཕྱིར་མངོན་དུ་བཅུག་པར་སྙམ་བཞིན་ཡོད། 
    
ང་མཁར་ཆག་གི་སྟེང་དུ་འགྲེང་དུས། གློ་བུར་མིག་ལམ་དུ་སྣར་ཐང་དགོན་པར་ཆགས་འཇིག་ཅི་ཡང་བྱུང་མེད་པར། ལྷ་ཁང་དང་འདུ་ཁང་སོགས་ཀྱི་རྒྱ་ཕིབས་ཀྱི་གསེར་འོད་ལམ་མེར་འཕྲོ་ཞིང༌། བཀའ་གདམས་པའི་དགེ་བཤེས་ཚོས་ཉིན་རེའི་དགེ་སྡིག་གི་ལས་འབྲས་གསོག་པའི་རྡེའུ་དཀར་ནག་སྒེའུ་ཁུང་ཁར་སྤུངས་པ་དང༌། པར་ཁང་དུ་ལས་ལ་བྲེལ་བའི་གྲྭ་པ་ཚོས། ལ་ལས་ཤོག་བུ་བཟོ་ཞིང་ལ་ལས་བཀའ་བསྟན་པར་དུ་འདེབས་པར་བྲེལ། བཀའ་བསྟན་བླུ་རུ་འོངས་པའི་དད་ལྡན་ཆོས་ཁལ་མ་སྐོར་དང་སྐོར་བྱས་ནས་དེད་ཡོང་བས། སྣར་ཐང་དགོན་པར་ཟང་ཟིང་གི་འདུ་འགོད་འཁྲིགས་པའི་མོད་ལ། དཔུང་རྟགས་དམར་པོ་བཏགས་ཤིང་ལྭ་བ་ལྗང་ཁུ་གྱོན་པའི་མི་སྐོར་ཞིག་གིས། མི་ཚོགས་རླུང་ནག་འཚུབ་མ་བཞིན་ཁྲིད་ཡོང་སྟེང་ཚོས་ལྷ་འདྲེ་གདོན་བགེགས་རྩ་མེད་དུ་གཏང་དགོསཞེས་བསྒྲགས་པའི་གསར་བརྗེའི་ཁ་གཡང་ཁྲོད། སྣར་ཐང་དགོན་པའི་ལྷ་ཁང་དང་འདུ་ཁང་མང་བོ་རྡུལ་འཚུབ་ཉིལ་ལེར་བཏང་ཞིང༌། བཀའ་བསྟན་གྱི་གླེགས་བམ་རྣམས་ལ་ལ་མེར་བསྲེགས། ལ་ལ་དགོན་པའི་གླིང་བར་གྱི་ཕྱོགས་བཞི་མཚམས་བརྒྱད་དུ་གཏོར་བས། དགོན་པའི་གླིང་བར་ཧྲིལ་བོ་ཁ་བ་བབས་འདྲར་བཟོས། གསེར་འོད་ལམ་ལམ་འཕྲོ་བའི་འབག་སྐུ་ཡོད་ཚད་རྐང་རྡུམ་ལག་རྡུམ་དུ་གྱུར་པ་དང༌། ལྷ་ཆས་མཆོད་ཆས་ཆུང་ངུའི་རིགས་བྱིས་པ་ཚོའི་རྩེད་ཆས་སུ་གྱུར། སྤྲོ་སྣང་གིས་ཁེངས་པའི་གསར་བརྗེ་པ་ཚོས། ལྷ་ཁང་རེ་རེ་བཞིན་བཤིག་ཅིང་བསྟན་བཅོས་ཀྱི་གླེགས་བམ་རེ་རེ་མེ་ལ་བསྲེགས་ཤིང་རླུང་ལ་སྐུར་དུས། ངས་རང་གི་རྐང་འོག་ཏུ་ཡང་གླེགས་བམ་གྱི་ཤོག་ཧྲུལ་རེ་ཡོད་ངེས་སྙམ་ནས་མྱུར་དུ་རྐང་བ་ཡར་འགྱོག་དུས། ང་ནི་སྔར་གྱི་མཁར་ཆག་དེའི་ཁ་རུ་ལངས་འདུག
   
སངས་རྒྱས་ཆོས་ལུགས་ལྟར་ན། དད་པ་ལ་དང་བའི་དད་པ་དང་ཡིད་ཆེས་ཀྱི་དད་པ། མངོན་པར་འདོད་པའི་དད་པ་བཅས་གསུམ་ཡོད་དེ། ང་ཚོ་བོད་མི་རྣམས་ཀྱི་དད་པ་དེ་དད་པ་གང་ཡིན་ནམ། དད་པའི་སྟོབས་ཀྱིས་ཅི་ཡང་བསྒྲུབ་ཕོད་ཅེས་པ་དེ་ཅིས་མ་བདེན། གསར་བརྗེ་པ་ཚོསདད་པའིསྟོབས་ཀྱིས་རྩ་བའི་བླ་མར་ལྷམ་གྱིས་གཞུ་ཕོད་ཅིང༌། སྔོན་ཐོན་པ་ཚོསདད་པའིསྟོབས་ཀྱིས་སྐུ་གསུང་ཐུགས་རྟེན་རྐང་འོག་ཏུ་བརྫི་ཕོད། གསར་བརྗེའི་དཔའ་བོ་དཔའ་མོ་ཚོར་མཚོན་ན། ཆོས་ལུགས་ཀྱི་བསྟན་བཅོས་དེ་དག་ནི་ཤོག་བུ་དཀར་པོའི་སྟེང་དུ་ཡི་གེ་ནག་པོ་ཙམ་བྲིས་ཡོད་པ་དང༌། ལྷ་སྐུ་དེ་དག་ནི་ས་དང་ལི་ལས་གྲུབ་པའི་སྐུ་བརྙན་ཙམ་ཡིན་ལ། གྱན་ཐང་མང་བོ་ནི་རས་གཞི་ལ་ཚོན་གྱི་མདངས་བྱུགས་པ་ཙམ་ཡིན། ཁོ་ཚོར་ཁྱོད་ཚོས་རླག་བཞིན་པ་དག་ནི། བོད་མིའི་བློ་གྲོས་ཀྱི་རྩལ་དང་ཤེས་རབ་ཀྱི་རྣོ་ལས་གྲུབ་པ་ཡིན་པས། དེ་དག་གི་རིན་ཐང་ཚད་ཀྱིས་གཞལ་ཐབས་མེད་ཅེ་ན་ཁོང་དགོད་བྱ་སྲིད། 
     
དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིསབོད་ཁམས་ཡོངས་ན་ད་ལྟ་ལྷག་ལུས་བྱུང་ཡོད་པའི་བསྟན་བཅོས་དེ་ཚོས། རིག་གནས་གསར་བརྗེ་ཆེན་མོའི་ནང་གཏོར་བཤིག་བྱས་པའི་གྲངས་འབོར་གྱི་སུམ་ཆའི་གཅིག་ཀྱང་མི་ལོངས་པ་རེད་ཅེས་པ་ལས། ང་ཚོའི་རིག་གནས་ལ་གཏོར་བརླག་ཐེབས་པའི་ཚབས་ཅི་འདྲ་ཆེ་བ་ཤེས་ཐུབ། མཁར་ཤུལ་རེ་རེར་དུངས་པ་ཟབ་མོ་མངོན་པའི་ང་ཚོའི་རྣམ་པ་དེ་དཀོར་གཉེར་གྱིས་མཐོང་སྟེ་རྒྱུ་མཚན་དྲིས་བྱུང་བ་ལ། ང་ཚོ་ཨ་མདོ་ནས་ཆེད་དུ་དབུས་གཙང་ལ་ལྟ་སྐོར་དུ་ཡོང་ཚུལ་བཤད་པར། ཁོས་ང་ཚོ་ཁང་ལེབ་ཅིག་གི་ནང་དུ་ཁྲིད་སོང༌། ཁང་ལེབ་དེ་ནི་རང་བཞིན་གྱི་ཁང་ལེབ་དཀྱུས་མ་ཞིག་ཡིན་ནའང༌། ཞིག་རལ་དུ་གྱུར་པའི་སྣར་ཐང་ལ་མཚོན་ན། དེ་ནི་རང་བཞིན་གྱི་ཁང་བ་དཀྱུས་མ་ཞིག་ག་ལ་ཡིན། དེའི་ནང་རིག་གསར་གྱི་རླུང་འཚུབ་ཁྲོད་དུ་ལྷག་ལུས་བྱུང་བའི་པར་ཤིང་རྣམས་བསྒྲིགས་ནས་བཞག་འདུག རིག་གསར་སྐབས་སུ། དད་ལྡན་མང་ཚོགས་ཀྱིས་གཙུག་ཏུ་བཀུར་བའི་པར་ཤིང་དེ་དག་གསར་བརྗེ་པ་ཚོས་ལ་ལ་མེ་ལ་བསྲེགས་ཤིང་ལ་ལ་ཆུ་ལ་བསྐྱུར་བ་དང༌། ལ་ལ་ཞིང་པའི་ཡོ་ཆས་སྣ་ཚོགས་བཟོ་བྱེད་ཀྱི་རྒྱུ་ཆར་བཀོལ། དཔེར་ན། པར་ཤིང་ལ་ལ་རྩིག་པའི་ངོས་ལ་ཞལ་བ་རྒྱག་བྱེད་ཀྱི་ཡོ་བྱད་དུ་བཟོས་ཡོད་པ་དང༌། ལ་ལའི་དཀྱིལ་དུ་བུ་ག་ཕུག་ནས་འདེད་མ་བཅོས་ཟིན་ལ། ལྷ་རིས་ཀྱི་པར་ཤིང་ཆེ་བའི་སྐོར་སྔོ་ཚལ་གཏུབ་བྱེད་ཀྱི་གཙབ་གདན་བྱས་པའང་ད་ལྟ་ལྷག་ལུས་བྱུང་བའི་པར་ཤིང་ཁྲོད་དུ་མཐོང་ཐུབ། བོད་ཀྱི་དད་ལྡན་སེར་སྐྱ་ཡོངས་ཀྱིས་ཆོས་དང་རིག་གནས་ནི་དད་པའི་ཞིང་དུ་བཀུར་ཅིང་ཐར་བའི་རྒྱུ་རུ་བསྒོམས་པས། སེར་སྐྱ་མང་ཚོགས་ཀྱི་ཁྲོད་དུའང་རང་སྲོག་འབེན་ལ་བཞག་ནས་ཆོས་དང་རིག་དངོས་སྦས་སྐུང་བྱ་མཁན་གང་མང་བྱུང་བ་ནའང༌། གདུག་རྩུབ་ཆེ་བའི་གསར་བརྗེའི་རླུང་འཚུབ་དེས་མི་རྣམས་སྤ་བཀོང་དུ་བཅུག་པས། ཁོ་ཚོ་ཆོས་དང་རིག་གནས་ལ་དུངས་པ་ཤིན་ཏུ་ཆེ་ནའང༌། རང་སྲོག་འཚོ་ཕྱིར་གསར་བརྗེའི་དཔའ་བོ་དཔའ་མོ་ཚོའི་རྗེས་སུ་མི་འབྲངས་ཀ་མེད་དུ་གྱུར། དཀོར་གཉེར་གྱིས་བཤད་པ་ལྟར་ན། རིག་གསར་ཡར་སྔོན་དུ་སྣར་ཐང་དགོན་པར་པར་ཤིང་ཤིན་ཏུ་མང་བོ་ཡོད་པ་དང༌། བཀའ་བསྟན་ལག་བྲིས་མ་སོགས་དཔེ་རྙིང་རྩ་ཆེན་ཡང་ཤིན་ཏུ་མང་མོད། རིག་གསར་གྱི་སྐབས་སུ་དེ་དག་མང་བོ་ཞིག་ས་ཆུ་མེ་རླུང་གི་འབྱུང་བར་འཐིམ་ཞིང༌། ཁང་ལེབ་འདིའི་ནང་གི་པར་ཤིང་འདི་དག་ནི་རིག་གསར་གྱི་རླུང་འཚུབ་ཁྲོད་ནས་ལྷག་ལུས་བྱུང་བ་ཡིན་ལ། ད་ལྟ་ཁང་ལེབ་འདིའི་ནང་དུ་པར་ཤིང་ཁྲི་གཅིག་ལྷག་ཡོད་པ་དང༌། པར་ཤིང་སྐོར་ཞིག་ད་ལྟ་བཀྲ་ཤིས་ལྷུན་པོ་དགོན་པར་ཡོད།  དེ་དག་ནི་ལོ་རྒྱུས་ཀྱི་ཆགས་འཇིག་མཚོན་པའི་དཔང་བོར་དྲན་རྟེན་དུ་འཇོག་པ་ལས། ཕྱིར་དག་སྒྲིག་བྱེད་ཐབས་མེད་ལ་བྱེད་ཀྱང་མི་ཐུབ་ཟེར། དགོད་བྲོ་བ་ཞིག་ལ། དེ་སྔ་ཆོས་ལུགས་སྣུབ་མཁན་གྱི་གཏེ་བོར་གྱུར་པ་དེ་དག ད་ལྟ་དད་ལྡན་པའི་དྭངས་མར་གྱུར་ཡོད་པས། སྐྱེ་བ་གཅིག་ལ་ལུས་རྟེན་དུ་མ་བརྗེ་བའི་ཁོ་པ་ཚོས་ལོ་རྒྱུས་ཀྱི་རྩེད་མཚར་ལ་ཇི་ལྟར་གདེང་འཇོག་དང༌། སྐྱིད་ལ་སྡུག་པའི་མི་ཚེ་འདིར་ཇི་ལྟར་ངོས་འཛིན་བྱེད་བཞིན་ཡོད་དམ། མ་འོངས་པའི་སྐབས་སུ་འབྱོར་བ་ཀླུ་ཡུལ་ལྟར་རྒྱས་ཤིང་ལག་རྩལ་བློ་ཡུལ་ལས་འགོངས་པའི་དུས་འདྲ་ཤར་ཚེ། སྣར་ཐང་དགོན་པའི་ཕྱིའི་ར་བ་ཁང་ཁྱིམ་ནི་ཉིན་ཞག་གཅིག་གི་རིང་ལ་འགྲུབ་ཀྱང་སྲིད་མོད། སྣར་ཐང་དགོན་པའི་སེམས་ཁོང་ལ་བཞག་པའི་རྨ་ཁ་དེ་དུས་ནམ་ཡང་སོས་དཀའ་འོ། །
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060