ལྷུག་རྩོམ་པདྨའི་ཟེའུ་འབྲུ།
 
དུས་གསུམ་སྙིང་གི་རུས་པ།
སྤེལ་དུས། 2011-12-22    ཡོང་ཁུངས་།    རྩོམ་པ་པོ།

  ཁ་སང༌། 


   
སྔོན་བསགས་བསོད་ནམས་སྟོང་གི་མཐུ་ཡིས་དྲིན་ཆེན་སྐྱེད་མའི་མངལ་བཟང་དུ་འཚེ་མེད་བདེ་བར་ཞུགས་ནས་དུས་ཀྱི་ཆ་རྫོགས་པས་ན། གངས་རི་དཀར་པོའི་ཞིང་གི་ས་གཞི་ཆེན་མོ་འདི་རུ་རྐང་སེན་གྱི་རི་མོ་དལ་གྱིས་འཛུམ་པའི་ང་ཚོ་ནི། ཇི་སྐད་དུ། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌།    ། མོས་པ་དང་ནི་བཟོད་པ་དང༌།    ། དགེ་བ་ཡང་དག་སྤྱོད་པ་ནི།    ། རིགས་ཀྱི་རྟགས་སུ་ཤེས་པར་བྱ།    ། ཞེས་པ་བཞིན་དུ། དལ་བརྒྱད་འབྱོར་བཅུ་ལྡན་པའི་མི་ལུས་རིན་པོ་ཆེའི་བདག་ཉིད་ཡིན་ཅེས་རང་གིས་རང་ལ་ཆེ་བསྟོད་དང་ཡིད་འགུལ་ཚད་མེད་ངང་དུ་བསྡད་ཡོད། དེ་ཡང་ནམ་ཞིག་གི་ཚེ་ན། འགའ་རེས་འཛམ་གླིང་ཧྲིལ་གྱིས་འགྱུར་བས་འབྱུང་བཞིའི་གནོད་པ་མང་དུ་འཕེལ་ཞིང་དུས་ངན་སྙིགས་མའི་རང་མདོག་བསྟན་པ་རེད་ཟེར་ལ། འགའ་རེས་ཕུ་ཡི་གངས་རི་དཀར་པོ་ལ་མནོལ་གྲིབ་ཕོག་ཅིང་མདའ་ཡི་གཙང་ཆབ་སྔོན་མོ་ལ་བཙོག་གྲིབ་ཐེབས་པ་ཡིན་ཟེར་ཞིང༌། ཡང་འགའ་རེས་ས་ཆེན་འདི་ཉིད་སྐུ་ན་གཞོན་པས་ཁྲོས་འཁྲུག་རྔམ་པའི་སྒང་ལ་ཐུག་པས་འདི་དག་ཐམས་ཅད་རང་བྱུང་ཁམས་ཀྱི་ཆོས་ཉིད་ཡིན་ཟེར་བ་སོགས། མདོར་ན་རྐྱེན་གང་རུང་ཞིག་གིས4.14ཞེས་པའི་ས་ཆེན་དྲག་ཏུ་གཡོས་པའི་འཇིགས་པ་ཞིག་གིས་ཆོལ་གསུམ་འཛིན་མའི་ནང་གསེས། ཁམས་ཕྱོགས་སྐྱེ་དགུ་མདོའི་ཡུལ་དེ་ན་རག་གྲོང་དུ་སྐད་ཅིག་ཉིད་ལ་བསྒྱུར་བྱུང༌། འོན་ཏེ་བདག་ཅག་ལ་མཁས་མཛངས་ལྡན་པའི་ཆོས་རྒྱལ་འཕྲུལ་བློན་ཚོགས་དང་བདེ་བར་གཤེགས་པའི་མཁས་གྲུབ་ལོ་པཎ་རྣམས་ནས། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཞེས་བྱམས་བརྩེའི་རིག་གནས་ཤིག་ཤུལ་ནོར་དུ་བཞག་ཡོད་པར་མ་ཟད། བསྐལ་པ་སྟོང་ལ་མདོ་དབུས་མཐོ་གཞོངས་སུ་རྣམ་ཤེས་བཅོལ་བའི་ཕ་མེས་རྣམ་པས་མི་ཚེའི་འགྲོ་སྟངས་ཤིག་བསླབས་པ་ནི། སྐྱིད་ན་མགོ་འཕང་མ་མཐོ་ཞིང༌། སྡུག་ན་སེམས་འཕང་མ་དམའ་ཞེས་པའི་མི་ཚེ་འགྲོ་སྟངས་ཀྱི་བྱིན་མཐུ་ཞིག་ལས། ང་ཚོས་གདོང་གི་མཆི་མ་ཕྱིས་ཏེ་ཕུ་ནུ་སྤུན་མཆེད་ཀྱི་སྐྱོ་གདུང་ལས་ཐེག་པ་ཆེན་པོའི་ཡ་རབས་ལུགས་སྲོལ་དང་མཐུན་པར་བྱས་ཏེ་ཁྱིམ་གཞི་བསྐྱར་འཛུགས་ལ་གོམ་སྟབས་བསྒྱུར་ཡོད། རེད་དེ། འདི་ནི་ང་ཚོའི་ལས་ཀྱི་བསྐོས་ཐང་རེད་ལ། འདི་ནི་ང་ཚོའི་བྱམས་དང་སྙིང་རྗེ་ཡང་མ་ཡིན་ནམ། 

                       དེ་རིང༌། 

ཨ་མའི་བུ་གཅེས་ཚོ། ཇོ་བོ་སྒྱོགས་ཆེན་གདོང་ར་དང་རྡོ་ཏི་གངས་དཀར་མཆེད་བརྒྱད་ཀྱི་སྐུ་ཡི་གཟུགས་བྱད། ཞལ་གྱི་དཀྱིལ་འཁོར་ལུང་བ་ཆུང་ཆུང་འདི་ཡི་མཛེས་རྒྱན་དུ་བཞུགས་ཤིང༌། འབྲི་ཀླུང་སྔོན་མོའི་རླབས་རྒྱུན། ཟླ་ཆུ་རིང་མོའིཟེགས་མ་ཡུལ་གྲུ་འདིའི་མཁའ་ཀློང་དུ་འཕྱོ་ཞིང༌། སྔོ་ལྗང་གཡུ་ལོ་ཐགས་སུ་བཀྲ་བའི་དཔལ་ཐང་དང༌། ཕྱུགས་རིགས་དཀར་ནག་ལྷས་སུ་བརྡལ་བའི་འཇའཐང་ནི་ཡུལ་ཕྱོགས་འདིའི་བྲང་ཁོག་བཞིན་དུ་ཡངས་པར་མ་ཟད། ལུ་གུ་མེ་ཏོག་བཞད་པའི་རྩྭ་ཐང་ནི།    ། ང་རང་སྐྱེས་སའི་ཕ་ས་ཕ་ཡུལ་ཡིན།    ། ཨ་མའི་དྲོད་འཇམ་ལྡན་པའི་པགས་ཚར་དེས།    ། མཚན་མོ་རེ་རེར་བདག་གི་རྨི་ལམ་བསྲུངསཞེསཔའང་མཐོ་གཞོངས་སུ་འཚོ་བའི་ཡུལ་ཤུལ་པའི་ལོ་རྒྱུས་རྣལ་མ་ཡིན་པ་རྒྱལ་ཁམས་ཀུན་ལ་གསལ་ལོ།    ། རེད་དེ། ལོ་རྒྱུས་ཡུན་རིང་ལྡན་ཞིང༌། རིགགནས་ཕུན་སུམ་ཚོགས་པ། སྤྱི་ཚོགས་འཆམ་མཐུན་ཡིན་ཅིང༌། ཟས་གོས་ལོངས་སྤྱོད་འཛོམས་པའི་ཁམས་སྐྱེ་དགུ་མདོ་ཆེན་ཞིག་བཞེང་སྐྲུན་བྱེད་པའི་ལས་ཀྱི་སྐལ་བ་དེ་ད་ནི་ང་ཚོའི་ཕྲག་ཏུ་བབས་པས། མི་འཇིགས་པའི་རྡོ་རིང་ནར་མོ། བསྐལ་པ་བརྒྱ་ལ་གྲགས་པའི་ལས་ཀ་འདིའི་ཁྲོད་དུ། རིགས་མཐུན་མིན་ཡང་བསམ་པ་མཐུན་པ། ཕེབས་ཕྱོགས་མི་གཅིག་འཛོམས་ས་གཅིག་པ། ལས་ཀ་མི་འདྲ་ངོ་བོ་གཅིག་མཚུངས། མདོར་ན། སྐྱེས་ཕོ་རབ་སོང་རྗེས་དཀར་དགོས། མཛོ་ཁྱུང་དཀར་རྨོས་རྗེས་ནག་དགོས་ཞེས་པའི་དཔེ་ལྟར་དུ། རྒྱ་བོད་ཧོར་གསུམ་གྱི་ལུགས་དང་མཐུན་པའི་སྐྱེ་བོ་ཁྲི་མ་འབུམ་གྱིས། བདེན་དོན་ལ་གནས་ལུགས་ཀྱིས་རྒྱབ་སྐྱོར། སྐྱག་རྫུན་ལ་མཚང་འབྱིན་གྱིས་ངན་ཆད་ཅིག་གིས། གངས་དཀར་དབུ་རྩེའི་གོང་མ་ལགསེར་གྱི་ཉི་མ་ཤར་བ་ལྟར་གྱི་ཤེས་རབ་ཀྱི་སྤྱན་རས་ཡངས་པོར་ཕྱེ་ནས། བུ་རབས་ཚ་རྒྱུད་ཀྱི་རྣལམ་དུ་གཏམ་རྒྱུད་མིན་པའི་གཏམ་རྒྱུད་ཅིག་དང༌། ལོ་རྒྱུས་ཀྱི་ཡིག་ཚང་གསར་བར་མི་རབས་ཤིག་གི་རྐང་རྗེས་ཕབ་པ་ནི། ཅི་འདྲའི་གཟི་བརྗིད་ལྡན་པའི་རླབས་ཆེན་གྱི་བྱ་བ་ཞིག་རེད་ཨང༌། རེད་དེ། འདི་ནི་ང་ཚོའི་སྙིང་གི་རུས་པཡིན་ལ། འདི་ནི་ངཚོའི་ཡིད་ཀྱི་དམ་བཅའ་ཡང་ཅིའི་ཕྱིར་མིན། 

                                  སང་ཉིན། 

ས་ཆེན་འདིའི་གཞི་རུ་འགྲོ་བ་མིའི་རྐང་རྗེས་ཕབ་པ་ནས་བཟུང༌། འཛམ་གླིང་ཤར་ནུབ་མེད་པར། མི་རིགས་དཀར་ནག་མེད་པར། སྟོབས་འབྱོར་དྲག་ཞན་མེད་པར་ཚང་མས་སང་ཉིན་གྱི་འགྲོ་ལམ་ཞིག་ལ་ཁ་གཏད་ནས། དེ་རིང་གི་བསམ་སྦྱོར་མཐའ་དག་གྲ་སྒྲིག་བྱེད་ཀྱིན་པ་མཐོང་ལགས་སམ། རེད་ཡ། ཁ་སང་གི་དུས་དེར་ང་ཚོ་ལ་བསམ་ཡུལ་ལས་འདས་པའི་རང་བྱུང་གི་གནོད་འཚེ། འཇིགས་པ་ཆེན་པོ་ས་ཆེན་ཁྲོས་པའི་སྐྱོ་གདུང་ཞིག་བྱིན་ནའང༌། དེ་རིང་ང་ཚོས་མི་བརྒྱ་སེམས་གཅིག་ཡིན་པའི་ཁ་སེམས་འདུན་མ་གཅིག་པའི་ཐོག་ནས། དཔུང་བ་མཉམ་གཤིབ་དང་རྡོག་སྒྲ་མཉམ་ཐོན་གྱིས་ཁྱིམ་གཞི་བསྐྱར་འཛུགས་ཀྱི་ལས་སུ་ཞུགས་ཡོད། དེས་ན། སང་ཉིན་གྱི་དུས་དེར་ང་ཚོའི་གདོང་ལ་བཅོས་མིན་གྱི་འཛུམ་མདངས་ཤིག་དང༌། ཞལ་དུ་ཟོལ་མེད་ཀྱི་ཤིས་ཚིག་ཅིག་ཡོད་པའང་ང་དང༌ཁྱོད་ལ་ཡིད་ཆེས་བརྟན་པོ་བདོག ཅིའི་ཕྱིརཞེ་ན། ལུང་ཆུང་འདི་ནི་དམ་ཆོས་ཐར་བ་རིན་པོ་ཆེའི་འབྱུང་ཁུངས་དམ་པ། ཇོ་བོ་ཡིད་བཞིན་ནོར་བུ་དབུས་ཉི་མ་ལྷ་སའི་ཕྱོགས་སུ་གདན་དྲངས་པའི་བཤུལ་ལམ་ཡིན་ལ། སྲིད་པའི་འཕྲུལ་གྱི་འཁོར་ལོ་ཕྱོགས་ནས་ཀྱང༌། ལུང་ཆུང་འདི་ནི་ཡོན་ཆེན་པོ་རྒྱལ་རབས་ཀྱིས་གཙུག་ཏུ་བཀུར་བའི་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པས་ཞབས་ཀྱིས་བཅགས་ནས་གོང་མའི་དབུ་བླ་རུ་ཕེབས་པའི་ཕེབས་ལམ་ཡང་ཡིན་པས་སོ།    ། གཞན་དུ་ན་ཡུལ་ཕྱོགས་འདི་ནི་མི་རིགས་ཤིག་གི་སེམས་ཁོང་གི་མི་འཇིགས་པའི་རྡོ་རིང་དང༌། མཆོད་པའི་མར་མེ་ཁྲི་འབུམ་བཏེགས་པའི་དད་ཡུལ། སེང་ཆེན་ནོར་བུ་དགྲ་འདུལ་གྱི་སྒྲུང་རིང་དལ་འབབ་རིང་མོ་ཡི་གཏེར་ཁ་དམ་པ་ཡིན་པར་མ་ཟད། ཡུལ་ཕྱོགས་འདི་ནི་འཛམ་གླིང་ན་གཡུ་འབྲུག་སྔོན་མོའི་གསུང་སྐད་བཞིན་དུ་སྙན་གྲགས་ཀྱི་བ་དན་མཐའ་ཡི་རྒྱ་མཚོའི་བར་དུ་འཕྱོ་བའི་ཆུ་བོ་རྨ་འབྲི་ཟླ་གསུམ་གྱི་འབྱུང་ཡུལ་ཡང་ཡིན་པས་རེད། མི་རིགས་ཤིག་གི་ཕུགས་བསམ་ལ་རྟག་བརྟན་འགྱུར་མེད་ཀྱི་གཤོག་རྩལ་རྒྱས་ནས་མཐོན་པོའི་ནམ་འཕང་བསྟོད་པའི་གནས་མཆོག་དེ་ཡང་འདི་ཡིན་ལ། ཡུལ་ལུང་ཞིག་གི་གོད་ཆག་ལ་ཕྱོགས་ཀུན་ནས་ཐོན་པའི་སྐུ་དྲིན་བདག་རྐྱེན་སེམས་ཕུགས་སུ་ཉར་ནས། གངས་ལྗོངས་བྱམས་བརྩེའི་རིག་གནས་ཀྱིས་འཛམ་གླིང་བདེ་བར་བསྐྲུན་པའི་ཤེས་རིག་གི་ཕ་ས་སྨུག་པོ་དེ་ཡང་འདི་མ་ཡིན་ནམ།       ཕུ་ནུ་ཚོ། སྤུན་ཟླ་ཚོ། དེས་ན་བདེན་དོན་དང་གནས་ལུགས་སྟོང་གི་ཁུགས་སོ་ནས། ངས་ད་ལྟ་བརྗོད་པར་འདོད་པ་ནི། ང་ཚོས་རྟག་བརྟན་འགྱུར་མེད་ཀྱི་མི་ཚེའི་གཏན་ཚིགས་ཤིག་བཙལ་བ་ནི། ཁ་སང་གི་གོད་ཆག་གང་ཞིག་དེ་རིང་གི་ཤེས་རབ་བསྐྱེད་པའི་མ་ཡུམ་དེ་ཡིན་ལ། དེ་རིང་གི་རྩོལ་བ་མཐའ་དག་ནི་སང་ཉིན་གྱི་བདེ་སྐྱིད་འཚོ་བའི་ཆེད་དུ་ཡིན། འདི་ནི་ང་ཚོའི་དཔའ་དང་སྤོབས་པ་ཡིན་ལ། འདི་ནི་ང་ཚོའི་བློ་དང་རིག་པའང་ཡིན་པ་གནམ་ས་གཉིས་ཀྱིས་བདེན་དཔང་བྱེད་ངེས་སོ།  

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060