སྒྲུང་གཏམ་རླབས་ཀྱི་གཟེགས་མ།
 
སྒྲུང་ཐུང་ཁག་གསུམ། ༣
སྤེལ་དུས། 2011-12-20    ཡོང་ཁུངས་།    རྩོམ་པ་པོ། བུ་ཚེ་རིང་རྒན་པ། གཞིས་རྩེ། སྒྲོལ་མས་བསྒྲིགས།

                                རྔོན་པ་ཤི་བ། 

ཁོ་ནི་མིང་གྲགས་ཆེ་བའི་རྔོན་པའི་བུ་རྒྱུད་ཅིག་དང༌། མིང་དོན་མཚུངས་པའི་རྔོན་པ་ཡག་པོ་ཞིག་རེད། ཁོའི་མིང་དངོས་ལ་དབང་འདུས་ཟེར། ཁོ་ནི་གཟུགས་སྟོབས་ཧ་ཅང་ཆེ་ཐོག་ངོ་གདོང་ཁ་སྤུས་ཁེབས་པས། མི་ཚོས་གླང་ཆེན་རྒྱའུ་ཞེས་འབོད། དེ་སྔ་འཚོ་བའི་ཆེད་དུ་ཁོས་མི་ཚེའི་ཕྱེད་ཙམ་ལ་རི་དྭགས་བརྔོན། དེང་སྐབས་འཚོ་བར་དཀའ་ངལ་ཅི་ཡང་མེད་ཀྱང༌། རྔོན་མ་བྱས་ན་སེམས་བན་བུན་ནམ་ཡང་མི་བདེ་བར་གྱུར་པས། ཁོས་སྐབས་དང་གསེང་ལ་གཞན་གྱིས་མ་ཚོར་བ་བྱས་ཏེ་རི་ཀླུང་བསྐོར་ཏེ་རྔོན་རྒྱག་པ་ཡིན། 
    
བར་སྐབས་ཤིག་ལ་རྔོན་རྒྱག་རྒྱུ་མ་བྱུང་བས། དོན་ཆེན་གང་ཞིག་བསྒྲུབ་རྒྱུར་ལུས་པ་ལྟར། ཟས་ལ་བཅུད་མེད་པ་དང་ཉལ་བའི་གཉིད་ཀྱང་མི་སྐྱིདཔའི་སྣང་བ་ཞིག་གིས་ཁྱབ། དེ་ཉིན་ཁོས་མི་གཞན་གྱིས་ཚོར་དོགས་ཀྱིས་ནམ་མ་གསལ་གོང་ནས་རྔོནམདའ་ཕྲག་ཏུ་ཁུར་ནས་རྔོན་དུ་ཐོན། ཁོ་ནི་ཡུལ་འདིའི་རྒན་གཞོན་ཀུན་གྱིས་ངོ་ཤེས་པར་མ་ཟད། ཡུལ་གཞན་གྱི་མི་ཚོའི་རྣ་ལམ་དུའང་ཡང་ཡང་གྲགས་པའི་རྔོན་པ་ཞིག་སྟེ། ད་བར་ཁོའི་ལག་འོགཏུ་སྲོག་ཤོར་པའི་རི་དྭགས་སྣ་ཚོགས་ཀྱི་གྲངས་ནི་ཁོ་རང་ཉིད་ཀྱིས་ཀྱང་ཚོད་དཔག་བྱེད་དཀའ།  སྔ་མོར་ཡུལ་འདིའི་རི་ཀླུང་གང་སར་རི་དྭགས་སྣ་ཚོགས་ཧ་ཅང་མོད་ལ། ལྷག་པར་འདི་ཁུལ་ལ་གླ་བ་མང་བོ་ཡོད་མོད། ལོ་རབས་དྲུག་ཅུ་དང་བདུན་ཅུའི་ནང༌། དེ་གའི་རྔོན་པ་ཚོས་དཔལ་འབྱོར་གྱི་ཁེ་འབབ་དང་འཚོ་དོན་གྱི་ཆེད་དུ་རི་དྭགས་རྔོན་གྲངས་མང་བས། སྐབས་ཤིག་རིངམཐོང་དཀོན་པར་གྱུར། རྗེས་སུ་སྲིད་གཞུང་གིས་རི་དྭགས་བརྔོན་རྒྱུར་བཀཀ་རྒྱ་མནན་པས་རི་དྭགས་ཀྱི་ཁ་གྲངས་རིམ་གྱིས་འཕར། ནམ་དུས་ནི་དགུན་ལ་ཐུག་པས། ཁོའི་ཁ་ནས་དུ་བ་འདྲ་བའི་ཁ་རླངས་སྔོ་འཕྱུར་འཕྱུར་བྱེད་པ་དང༌། སྣ་སྒོ་གཉིས་ནས་དྭངས་ཤིང་སླ་བའི་སྣ་ཆུ་ཕྲོམ་ཕྲོམ་འཛུམ། མགོ་ལ་གྱོན་པའི་པགས་ཞྭ་དེའི་ཨམ་ཆོག་གཡས་གཡོན་གཉིས་སུ་དཔྱངས་པའི་ལྕེ་གཉིས་དང༌། དེ་གཉིས་ཀྱི་སྣེ་མོར་བཏགས་པའི་སྒྲོག་གུ་ནི་ཁོའི་གོམ་འགྲོས་དང་བསྟུན་ནས་ལང་ལིང་དུ་འཕག་མཆོང་བྱེད་ལ། རྡོ་ལྟར་འཁྱག་པའི་ལག་གཉིས་ཡང་ཡང་འཕུར་ནས་དྲོད་ཁུག་ཐབས་བྱེད་ཀྱིན་མདུན་དུ་སྙེག དེ་ལྟར་ཆུ་ཚོད་འགའ་སོང་རྗེས། ས་གཞིའི་ཁྱོན་ལ་ཉི་མའི་འོད་ཟེར་རིམ་བཞིན་འཕྲོས་པས། ཁོའི་ལུས་ལ་དྲོད་སྣང་ཞིག་རིམ་བཞིན་སྐྱེས། ཁོ་ཉི་མ་དྲོ་བའི་བྲག་འོག་ཅིག་ཏུ་བསྡད་ལ། སྒྱེ་མོ་ཕབ་སྟེ་ཆང་དམ་ནས་འཁྱག་པ་སྲབ་མོ་ཆགས་པའི་ཆང་དེ་འཐུང་བཞིན་ངལ་གསོ་བྱས་མོད། འདྲེན་བྱེད་གཉིས་པོ་དལ་ཁོམ་མེད་པར་ལུང་བའི་ཕུ་མདའ་གང་སར་མིག་མྱུལ་བྱེད། ཁོ་ཁ་ངོམས་ཤིང་ལུས་ངལ་སོས་རྗེས་མུ་མཐུད་མདུན་དུ་སྙེག དེ་ལྟར་རེ་བ་ཆེན་པོས་ལ་ལུང་མང་བོ་བསྐོར་ཀྱང༌། རི་དྭགས་ལྟ་ཅི་རི་དྭགས་ཀྱི་གྲིབ་བཟོ་ཙམ་ཡང་མ་རིག་པས་བློ་ཕམ་གྱི་གནས་སུ་ལྷུང༌། རྟ་ལྗང་ཅན་ནི་ཉོབ་མདངས་དང་བཅས་དགུང་སྔོན་གྱི་དབུས་སུ་བསླེབས་ལ། རབ་ཏུ་འཚེར་བའི་འོད་ཟེར་གྱིས་དགུན་དུས་ཀྱི་ས་གཞི་ཆེན་པོ་འདིའི་གྲང་ངད་བཅོམ་མོད། ཁོ་ནི་ལུས་ངལ་ཞིང་གྲོད་པའང་ལྟོགས། ཁོ་འཁྱག་པས་བསྡམས་པའི་ཆུ་ཡུར་དེའི་འགྲམ་གྱི་གཤོང་ཞིག་ཏུ་བསྡད་ཅིང༌། རྩིད་སྒྱེ་ལས་ཐང་ཁུག་དང་ཆང་དམ་བཏོན་ནས་སྤགས་ཟོས་ཤིང་ཆང་འཐུང་ཞོར་ངལ་གསོ་གང་ཙམ་བྱས། དེ་ནས་ཁོ་སོང་སོང་བའི་མཐར་ལུག་རྫི་ཞིག་ཡོད་པ་མཐོང་བས་དེའི་གམ་དུ་སོང་ཞིང༌།  ངལ་གསོ་ཞོར་དུ་ལུག་རྫིར་ཡུལ་གང་ནས་ཡིན་པ་དང་མིང་ལ་ཅི་ཟེར་བ་སོགས་འདྲི་ཞོར་དུ། འདི་ཁུལ་དུ་རི་དྭགས་ཡོད་མེད་སྐོར་གྱི་སྐད་ཆའང་དྲིས་པ་ན། ལུག་རྫིསགོ་ཐོས་ལ་སྔར་འདི་ཁུལ་དུ་རི་དྭགས་གླ་བ་དང་གནའ་སོགས་མང་བོ་ཡོད་པ་འདྲ། ཡིན་ནའང་ཡུལ་སྨད་པའི་གླང་ཆེན་རྒྱའུ་ཞེས་པའི་རྔོན་པ་སྡིག་ཅན་ཞིག་ཡོད་པ་དེས། རི་དྭགས་མང་བོ་བརྔོན་ཟིན་ཟེར་བས་ད་ནི་མཐོང་རྒྱུ་མི་འདུགཅེས་ལན་བཏབ། ཁོའི་སེམས་ནང་ལུག་རྫི་དེས་རང་ཉིད་ཀྱི་མིང་ཐོས་པ་ཙམ་ལས་ངོ་ཤེས་ཀྱིན་མི་འདུག་བསམས་པ་དང༌། དུས་མཚུངས་སུ་ངོ་ཚ་དང་འཚེར་སྣང་ཞིག་གིས་ངོ་གདོང་ཚ་བེར་བེར་དུ་གྱུར་ཏེ་ལུག་རྫི་དང་ཁ་བྲལ་ནས་སོང༌།
     
ཁོ་ལ་ཉག་ཅིག་ནས་ག་ལེར་འཛེགས་ཏེ་ལ་རྩེར་འབྱོར་འཕྲལ་གང་སར་བལྟས་པས། ལ་རྒྱབ་ཀྱི་སྤང་ཁ་སེར་ཐིང་ཐིང་ཞིག་ན་གླ་བོ་ཁེར་རྐྱང་ཞིག་ཡོད་པ་མཐོང་བས་དགའ་ཚོར་ཆེན་པོ་སྐྱེས།   ཡང་བསམ་བློ་ཞིག་བཏང་རྗེས་སེམས་ནང་ངས་ལོ་ངོ་འདི་འདྲ་མང་བོ་ཞིག་ལ་རི་དྭགས་བརྔོན་ཀྱང༌། འདི་ཁུལ་དུ་ཡ་མཚན་ཅན་གྱི་གླ་བོ་ཁེར་རྐྱང་ཞིག་ཡོད་ཚུལ་གོ་ཐོས་ཙམ་ལས་མིག་གིས་དངོས་སུ་མ་མཐོང༌། ད་ལྟ་ངས་མཐོང་བའི་གླ་བོ་འདི་ནི་དེ་སྔ་རང་གི་ཕ་འདས་པོ་དེ་དང༌། དེང་སྐབས་ཡུལ་མི་ཚོས་བརྗོད་པའི་གླ་བོ་ཡ་མཚན་ཅན་དེ་ཨེ་ཡིན་སྙམ་ནས་སོམ་ཉིའི་གནས་སུ་ལྷུང༌། ཁོས་དེ་ལྟར་བསམ་བློ་མང་བོ་བཏང་མཐར། དེ་འདྲ་ཡིན་མི་སྲིད། དེ་རིང་ང་ཆེད་དུ་རི་དྭགས་རྔོན་དུ་ཡོང་བར་མ་ཟད། ཉིན་ཕྱེད་ལྷག་ཙམ་ལ་དཀའ་བ་མང་བོ་བརྒྱབ་མཐར། ད་གཟོད་གླ་བོ་འདིར་ཐུག་པས། རང་དགར་གློད་བཞག་ན་ཅི་ལ་བཟོད། གཞན་དུ་ན་ངས་མི་ཚེ་ཕྱེད་ཙམ་རིང་རི་དྭགས་བརྔོན་ཀྱང་ད་བར་ཆག་སྒོ་གང་ཡང་རང་གི་མགོ་ཐོག་ལ་མ་ལྷུང་བས། ཡ་མཚན་ཅན་གྱི་གླ་བོ་ཁེར་རྐྱང་ཞིག་ཡོད་པ་དེ་བསད་ན་ཆག་སྒོ་ཡོང་ཟེར་བ་ནི་བཤད་སྲོལ་ཙམ་ཞིག་ཡིན་ངེས་སྙམ་སྟེ། རྔོན་མདའ་ས་འབུར་ཞིག་གི་ཐོག་བཞག་རྗེས་ཡང་ཤ་དོད་པོས་མར་ཉལ་ཏེ་རྔོན་མདའི་སོ་ཁུང་ནས་གླ་བོ་དེར་བསྡིགས་དུས། གླ་བོ་དེས་ཅི་ཞིག་ཚོར་བ་ལྟར་རྩྭ་བཟའ་འཕྲོ་བཞག་ནས་མགོ་བོ་དགྱེ་ཞིང་རྣ་བ་ཅོར་ནས་ཁོའི་ཕྱོགས་སུ་བལྟས་བྱུང༌། གླ་བོ་དེ་ནི་ངོ་གདོང་ལ་སྲབ་མདའ་དང་སྒལ་པར་སྒ་བསྟད་པ་ལྟ་བུར་སྣང་བས། ཁོས་བསྡིགས་ཁུང་སྤྲད་འཕྲོར་བཞག་ནས་ཡར་དགྱེ་སྟེ་ཞིབ་ཏུ་ལྟ་སྐབས། གླ་བོ་དེར་རྒྱུན་ལྡན་ཁོ་ན་ལས་དམིགས་བསལ་གང་ཡང་མེད་པ་མཐོང༌། ཁོ་ཡང་བསྐྱར་སར་ཉལ་ཏེ་བསྡིགས་ཁུང་ལེགས་པར་སྤྲད་ཙ་ན། རྔོན་མདའི་སོ་ཁུང་ནས་མཐོང་བའི་གླ་བོ་དེ་སྔར་བཞིན་སྲབ་བསྐོན་ཞིང་སྒ་བསྟད་འདུག་པས། ཁོ་ཡང་བསྐྱར་ཙོག་པུར་བསྡད་དེ་མིག་འཕུར་ཙམ་བྱས་ནས་བལྟས་དུས་རྒྱུན་ལྡན་ཁོ་ནར་སྣང་བས་ན། དེ་ནི་རང་གིས་བསམ་བློ་གང་བྱུང་དུ་བཏང་བ་ལས་བྱུང་བའི་འཁྲུལ་སྣང་ཞིག་ཡིན་ངེས་སྙམ་ནས་སླར་ཡང་སར་ཉལ་རྗེས། བསྡིགས་རྭ་ལེགས་པར་སྤྲད་དེ་རྔོན་མདའི་སྐད་སྒྲ་གྲགས་པ་དང་མཉམ་དུ་ཁོའང་དྲན་མེད་དུ་བརྒྱལ་ལ། གླ་བོ་དེ་ཡང་གར་སོང་ཆ་མེད་དུ་གྱུར། 
     
ཉིན་གཉིས་པར།   ས་དེ་གའི་ལུག་རྫིས་ཁོ་ཁྱིམ་དུ་བསྐྱལ་ཡང་ཉིན་ཤས་རིང་ཁོའི་ཤེས་པ་ཡོངས་སུ་འཆོལ་ཞིང༌། སེམས་ངོར་ཆུང་དུས་སུ་ཁོ་ཕ་དང་མཉམ་དུ་རྔོན་རྒྱག་པར་འགྲོ་དུས་མང་དུ་མཐོང་བའི་ཁྲ་ཆིལ་མེ་ཏོག་རབ་ཏུ་བཞད་པའི་སྤང་ལྗོངས་དང༌། མཐོ་ལ་བརྗིད་པའི་བྲག་རི་དང་རྫ་གསེབ། ལྷུང་ལྷུང་དུ་འབབ་པའི་དྭངས་གཙང་གི་ཆུ་འགྲམ་སོགས་སུ། རི་དྭགས་སྣ་ཚོགས་བག་ཕེབས་ངང་རྩྭ་ཆུར་རོལ་ནས་རྭ་རྩེད་བྱེད་ཚུལ་དང༌། ཁོའི་ཕ་འདས་པོས་རི་དྭགས་ཇི་ལྟར་རྗེས་འདེད་གཏོང་དགོས་ཚུལ། རི་དྭགས་དང་ཉེ་བར་གཅར་ཆེད་ལྷགས་རླུང་གི་ཕྱོགས་སུ་མ་བསྡད་པར་འཇབ་རྒོལ་བྱེད་དགོས་ཚུལ། མེ་མདའ་ཇི་ལྟར་དུ་བསྡིགས་རྭ་སྤྲོད་དགོས་པ། རི་དྭགས་ཀྱི་པགས་པ་ཇི་ལྟར་བཤུ་བ། གླ་རྩི་ཇི་ལྟར་ལེན་དགོས་པ་སོགས་བསླབ་པའི་ཚུལ་རྣམས་སྒྱུ་མའི་ཞིང་ཁམས་བཞིན་དུ་འཆར་བར་མ་ཟད། སྐབས་སྐབས་སུ་རི་དྭགས་རྨས་མ་ཞིག་ལ་བཟོད་དཀའི་ན་ཟུག་གཏོང་བ་ལྟ་བུའི་ཆོ་ངེ་འདོན་པ་དང༌། ཡང་སྐབས་སྐབས་སུཨ་ཙ་ཙ་ཙ། ཨ་ར་ར་ར་ཞེས་རྗོད་བཞིན་བཟོད་གླགས་མེད་པའི་ན་ཟུག་དང་སྐྱོ་སྣང་གི་ཉམས་དང་བཅས་མི་ཡུལ་འདིར་རིང་དུ་བྲལ་ལོ། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060