སྒྲུང་གཏམ་རླབས་ཀྱི་གཟེགས་མ།
 
སྒྲུང་ཐུང་ཁག་གསུམ། ༢
སྤེལ་དུས། 2011-12-20    ཡོང་ཁུངས་།    རྩོམ་པ་པོ། བུ་ཚེ་རིང་རྒན་པ། གཞིས་རྩེ། སྒྲོལ་མས་བསྒྲིགས།

        རིན་གྱིས་ཉོས་པའི་ཆག་སྒོ། 

དགུན་དུས་ཀྱི་མཚན་མོ་འདིར་ཕྱི་རོལ་ཏུ་གྲང་ངར་རླུང་བུ་ཞིག་བར་མེད་དུ་ལྡང་བཞིན་མཆིས། དགོང་མོའི་ཆུ་ཚོད་བཅུ་གཅིག་ཙམ་ཟིན་པས་སྡོད་ཁང་མང་ཆེ་བའི་གློག་སྒྲོན་གཟིམས་ཟིནནའང༌། ཉི་དོན་གྱི་ཁང་བའི་གློག་འོད་གསལ་ཐིང་ངེར་འདུག ཁོའི་ཁང་བའི་སྒོ་འགྲམ་གྱི་གྲུ་ག་དེ་རུ་སྦི་རག་གི་ཤེལ་དམ་སྟོང་བ་མང་བོ་ཞིག་སྤུངས་ཡོད་པ་དང༌། ཁང་བའི་ནང་བརྙན་འཕྲིན་དེ་ལས་གཞན་རིན་ཐང་ཆེ་བའི་ནང་ཆས་གང་ཡང་མི་འདུག ཉི་དོན་གྱིས་སྦི་རག་འཐུང་ཞོར་བརྙན་འཕྲིན་ལས་རྐང་རྩེད་སྤོ་ལོའི་ལྟད་མོར་ལྟ་བཞིན་མཆིས། དུས་ཚོད་ཡུད་ཙམ་འགོར་རྗེས་སྦི་རག་རྣམས་འཐུངས་ཚར་བ་ན། ཁོ་ལ་གཞི་ནས་བཟོདདཀའི་གྲང་ངར་གྱི་ཚོར་སྣང་ཞིག་བྱུང་བས། ཅོག་ཙེའི་སྟེང་གི་ཤེལ་དམ་སྟོང་བ་དེ་དག་སྒོ་འགྲམ་གྱི་ཤེལ་དམ་གྱི་ཐོག་ཏུ་སྤུངས་ཤིང༌།   ལག་པ་འཕུར་བཞིན་ཇ་དེམ་ལས་ཆུ་ཁོལ་དཀར་ཡོལ་གང་བླུགས་ཏེ་བསྟུད་མར་ཧུབ་འགའ་བཏུངས་རྗེས། མལ་སའི་ནང་འཛུལ་ནས་ལུས་པོར་དྲོད་ཁུག་ཐབས་བྱས། མི་རིང་བར་ཁོ་པའི་ལུས་ལ་རིམ་གྱིས་དྲོད་རྒྱས་ནའང༌། མིག་གཉིས་མཛོ་མིག་ལྟར་ཧུར་རེར་གདངས་ཡོད་ལུགས་ལ་བལྟས་ན། ཁོ་ནི་གནད་དོན་ཞིག་གི་དྲ་རྙིར་ཚུད་ཡོད་པ་ཤེས་ཐུབ། 
       
དེང་སྐབས་མི་སྒེར་གྱིས་སྡོད་ཁང་དང་རླངས་འཁོར་ཉོ་བའི་ཚ་རླབས་ཤིག་རིམ་གྱིས་འཕྱུར་བའི་འོག ལས་ཁུངས་ཀྱི་ལས་བྱེད་ཚོས་གཅིག་ལ་གཅིག་འགྲན་གྱིས་སྒེར་ཁང་དང་རླངས་འཁོར་ཉོས་ཏེ། དེ་སྔ་ལས་ཁུངས་ཀྱི་ཁང་བར་སྡོད་མཁན་ལས་བཟོ་པ་མང་བོ་ཞིག་རང་རང་གི་སྒེར་ཁང་ལ་སྤར་བ་དང༌། ལ་ལས་ལས་ཀར་ཡོང་དུས་དང་དགའ་ཉེ་སྤུན་མཆེད་འདུ་འཛོམས་སོགས་ཀྱི་དུས་སུ་རང་རང་གི་རླངས་འཁོར་བཏང་ནས་འགྲོ་བར་མ་ཟད། ལས་གསེང་དང་ཇ་ཁང་ཆང་ཁང་སོགས་སུ་ཕན་ཚུན་གཏམ་གླེང་གི་བརྗོད་བྱ་ཡང་རིམ་བཞིན་སྒེར་ཁང་དང་སྒེར་གྱི་རླངས་འཁོར་ཐད་འགྱུར་འགྲོ་བས། ནམ་རྒྱུན་ཁ་བདེ་ལབ་ཤོབ་ཚ་བའི་ཉི་དོན་ནི་ལས་རོགས་དང་གྲོགས་པོ་ཚོས་དེ་ལྟའི་ལབ་གླེང་བྱེད་དུས། རང་ཉིད་གཉའ་དམའ་བའི་སྣང་བ་ཞིག་གིས་གཅུན་གང་ཐུབ་བྱེད་པའམ། དགུན་དུས་ཀྱི་ཁུ་བྱུག་ལྟར་སྨྲ་མེད་སིམ་པོར་གྱུར་འགྲོ། 
      
དེ་སྔ་དགོང་དྲོའི་ལས་མཚམས་བཞག་རྗེས། ཉི་དོན་ནི་ཆང་འཐུང་གྲོགས་པོ་དེ་ཚོ་དང་མཉམ་དུ་ཐད་ཀར་ཨར་ཁང་ངམ་བོད་ཟས་ཁང་སོགས་ལ་བསྐྱོད་དེ་སྦི་རག་འཐུང་ཞིང་ཤོ་སྦག་ལ་རོལ་ཀྱང༌། དེང་སྐབས་ལས་མཚམས་བཞག་འཕྲལ་ཁ་པར་གྱི་ཁ་བརྒྱབ་ནས་ཐད་ཀར་མལ་ཁང་ལ་ལོག་སྟེ། གཅིག་པུར་སྤི་རག་ཤེལ་དམ་ཁ་ཤས་འཐུང་གིན་བརྙན་འཕྲིན་ལ་བལྟས་ནས་དུས་ཚོད་འཁྱོལ་ཐབས་བྱེད།  
     
ཁོ་ལས་ཀར་ཞུགས་ནས་ལོ་མང་འགོར་སོང༌། ལོ་དེ་དག་གི་ནང་ཆང་རག་དང་རྒྱན་འཛུགས་ཀྱི་རྩེད་འཇོ་སོགས་རྒྱས་སྤྲོས་ཀྱི་འཚོ་བར་གོམས་པས། ཁང་བའི་ནང་སྡོད་ཆོག་པ་ཙམ་གྱི་ཁྱིམ་ཆས་དེ་དག་དང་ལོ་མང་བེད་སྤྱོད་བྱས་ནས་ན་རྒས་རྟ་རྒན་འདྲ་བའི་འཕྲུལ་རྟ་ཟད་པོ་དེ་ཁོ་ན་མ་གཏོགས་གཞན་ཅི་ཡང་ཉོ་ཐུབ་མེད། འཕྲུལ་རྟ་དེ་ཡང་བེད་སྤྱོད་བྱེད་ཡུན་རིང་བས་ཞོགས་པར་ལས་ཀར་འགྲོ་ཁར་མེ་སྦར་དཀའ་བ་དང༌། ལམ་ལ་རྒྱུག་དུས་འདྲུད་འཐེན་འཁོར་ལོའི་སྒྲ་ལྟར་གྲགས་པས། རྒྱུན་པར་ལས་རོགས་ཚོས་ཁོ་ལཁྱོད་ཀྱིས་འདྲུད་འཐེན་འཁོར་ལོ་བཏང་ནས་འགྲོ་བཞིན་ཡོད་དམཞེས་དང༌། ཁྱེད་ཀྱི་འཕྲུལ་རྟ་དེ་རྒྱ་ལམ་ཐོག་ཟླ་ཤས་བཞག་ཀྱང་སུས་ཀྱང་འཁྱེར་མི་སྲིདཅེས་འཕྱ་བར་བྱེད། ཁོས་ཀྱང་ལོ་ཡུན་རིང་བའི་འཕྲུལ་རྟ་དེ་རྒན་ཡོལ་ལ་འཇོག་འདོད་ཀྱང་ལག་དངུལ་ལ་ཐོགས་ནས་ལུས། 
     
དེང་སྐབས་ཁོའི་སེམས་སུ་རླངས་འཁོར་ཆུང་ཆུང་ཞིག་ཅི་ནས་ཀྱང་ཉོ་ཐབས་མ་བྱས་ན།    ལས་རོགས་དང་གྲོགས་པོ་ཚོའི་མདུན་དུ་མགོ་བོ་འདེགས་ཐུབ་པ་མ་རེད་སྙམ། ཡིན་ནའང་ཁོའི་ལག་ནང་ཉིན་ཤས་སྔོན་བྱིན་པའི་གླ་ཕོགས་འཕར་བའི་ཁ་གསབ་དངུལ་སྒོར་སྟོང་ཕྲག་འགའ་ཤས་དེ་རང་ལས་མེད་རྐྱེན། ཇི་ལྟར་བྱས་ནས་རླངས་འཁོར་ཉོ་དགོས་པའི་ཐད་བསམ་གཞིག་མང་བོས་ཉིན་མོར་ཁོའི་སེམས་པ་ལས་ཐོག་ཏུ་མི་གནས་པར་མ་ཟད་མཚན་མོའི་གཉིད་ཐེབས་ཀྱང་ཆག་འགྲོ།   བསམ་བློ་ག་ཚོད་བཏང་ན་ཁོའི་བློ་སེམས་དེ་བས་ཉོག་འཛིང་དང་ཟང་ཟིང་དུ་གྱུར་ནས་གཉིད་ཀྱི་བདེ་བ་དང་བྲལ། ཁང་བའི་ཕྱི་རོལ་ན་རླུང་བུ་མུ་མཐུད་འུར་འུར་དུ་ལྡང་བཞིན་པས། ཁོས་སུན་སྣང་ཆེན་པོས་མགོ་བོ་མལ་ཐུལ་ནང་བཅུག་ནས་ཨུ་ཚུགས་ཀྱིས་གཉིད་ཁུག་ཐབས་བྱས། ནམ་ཕྱེད་ཡོལ་མཚམས་སུ་ཁོ་པ་གཞི་ནས་གཉིད་རབ་རིབ་ཅིག་ཡུར་བ་དང༌། རྨི་ལམ་ནང་ཁོས་གསར་དུ་ཉོས་པའིརླངས་འཁོར་བཟོ་ལྟ་ཅན་ཞིག་བཏང་ནས་ལས་ཁུངས་ཀྱི་སྒོ་འགྲམ་ལ་འབྱོར་བ་དང༌། ལས་རོགསདང་གྲོགས་པོ་ཚོས་རླངས་འཁོར་གྱི་མཐའ་བསྐོར་ནས་ཚང་མས་ཡིད་སྨོན་དང་བཅས་ཁོ་དང་རླངས་འཁོར་ལ་ཁ་བཏགས་གཡོགས་ལ། ཁོས་རླངས་འཁོར་བཏང་ནས་ཉམས་དང་བཅས་རྒྱ་ལམ་ཐོག་ཏུ་འགྲོ་དུས། མཛེས་མ་མང་བོས་ཁོ་ལ་བརྩེ་དུངས་ཀྱི་མིག་ཞགས་ཡང་ཡང་འཕེན་པ་སོགས་རྨིས། ཉིན་ཤས་ཀྱི་རྗེས་སུ་ཁོ་ཡར་རྒྱུག་མར་རྒྱུག་ཐེངས་མང་བྱས་ཏེ་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་བཅུ་གཡར་ནས་རླངས་འཁོར་ཆུང་ཆུང་སྤུས་ལེགས་ཤིག་ཉོས། ཁོས་རླངས་འཁོར་ཡག་པོ་ཞིག་གཏོང་མི་ཤེས་ཀྱང༌། ཁ་ལོའི་སློབ་གྲྭར་ཕྱིན་ནདུས་ཚོད་དང་དངུལ་མི་ཉུང་བ་ཞིག་གཏང་དགོས་པས། དེ་ལས་ངོ་ཤེས་བརྒྱུད་ནས་ཁ་ལོ་བྱ་ཆོག་པའི་འཛིན་ཡིག་ལེན་ཐབས་བྱས་ན་སྟབས་བདེ་ལ་འགྲོ་སོང་ཉུང༌། དགོན་པ་དང་བླ་མ་ཚོའི་ས་ནས་བགེགས་བར་སེལ་བྱེད་ཀྱི་སྲུང་བ་ཞུས་ན་འགྲིག་ཡོང་བསམས་ཏེ། ཁོས་དགའ་ཉེ་སྤུན་མཆེད་དང་གྲོགས་པོ་སོགས་སྤྱི་ཚོགས་ཀྱི་འབྲེལ་བ་མང་དག་ཞིག་བརྒྱུད་ནས་ཁ་ལོ་བྱ་ཆོག་པའི་འཛིན་ཡིག་བླངས་རྗེས། དགོན་པར་ཕྱིན་ནས་བསམ་པ་ལྷུན་གྲུབ་དང་བར་ཆད་ལམ་སེལ། མི་ཁ་དགྲ་ཟློག་ལ་སོགས་ཞལ་འདོན་གནང་རོགས་ཞུས་པ་དང༌། སྲུང་བ་ཡང་མང་དག་ཅིག་ཞུས། རླངས་འཁོར་ཉོས་པའི་ཉིན་དེར། ཁོའི་སེམས་ནང་མི་ཚེའི་དོན་ཆེན་ཞིག་འགྲུབ་པ་ལྟ་བུའིསྤྲོ་བ་རབ་ཏུ་རྒྱས། ཁོས་རླངས་འཁོར་གྱི་ནང་དུ་བགེགས་བར་སེལ་ཆེད་དགོན་པ་ནས་ཞུས་པའི་ཚོན་མདོག་དང༌། ཆེ་ཆུང་མི་མཚུངས་པའི་སྲུང་བ་དང་ཁ་བཏགས་དེ་དག་བཏགས་ཐོག རླངས་འཁོར་བཏང་ནས་གཞུང་ལམ་ཐོག་ཏུ་བསྐྱོད། གཞུང་ལམ་ཐོག་རླངས་འཁོར་ཁྱར་ཁྱོ་དུ་བཏངནས་འགྲོ་དུས། མདུན་ཕྱོགས་སུ་ལྡང་བའི་བསིལ་རླུང་དེས་རླངས་འཁོར་མདུན་གྱི་དཀར་གཙང་གི་ཁ་བཏགས་ལང་ལིང་དུ་གཡོ་བ་དང༌། གཞུང་ལམ་དབུས་སུ་འཐེན་པའི་ཐིག་རིས་སེར་པོ་དེ་རླངས་འཁོར་གྱི་མྱུར་ཚད་དང་བསྟུན་ནས་མིག་ལམ་དུ་མཆོང་འོང་ཞིང༌། ལམ་ཟུར་གཡས་གཡོན་གྱི་ཁང་བ་དང་ལྗོན་ཤིང་སོགས་རིམ་པས་རྒྱབ་ཏུ་ལུས་འགྲོབས། ཁོའི་སེམས་ནང་རང་ཉིད་ཧ་ཅང་ཉམས་དོད་ཅིང་མཐོ་རིམ་མི་གྲལ་དུ་ཚུད་པའི་དགའ་སྣངཞིག་སིས་ཁེངས། གློ་བུར་མདུན་ངོས་ནས་རྐང་འཁོར་ལ་བཞོན་པའི་ཕྲུ་གུ་འགའ་མྱུར་བར་ཁོའི་ཕྱོགས་སུ་ཐོན་བྱུང་བ་ལ། ཁོས་རླངས་འཁོར་གྱི་ཁ་མྱུར་བར་གཅུས་པས་རླངས་འཁོར་ལམ་ཟུར་གྱི་འོབས་སུ་ལྷུང༌། སྟབས་ལེགས་པ་ཞིག་ལ་མི་དང་རླངས་འཁོར་ལ་སྐྱོན་དེ་ཙམ་མ་བྱུང་ཡང༌། ཁོའི་དཔྲལ་སྟེང་ནས་རྔུལ་ཆུ་ཆར་ཐིགས་བཞིན་དུ་བཞུར་ཏེ་དངོས་གནས་ད་ཐེངས་ཏོག་ཙམ་མིན་ན་འགྲིམ་འགྲུལ་གྱི་ཆག་སྒོ་ཆེན་པོ་ཞིག་ལྷགས་སོང་སྙམ། ཆག་སྒོ་ལས་གཡོལ་ཐུབ་པ་ནི་དཀོན་མཆོག་གིས་སྐྱབས་དང་དཔུང་རོགས་གནང་བ་ལོས་ཡིན་བསམས་ཏེ། དཀོན་མཆོག་དང་སྲུང་བར་དད་སེམས་དང་བློ་གཏད་དེ་བས་ཆེ་རུ་སོང་བ་དང༌། སླད་ཕྱིན་ཀྱང་དཀོན་མཆོག་དང་སྲུང་བས་རང་ཉིད་ལ་དུས་དང་རྣམ་པ་ཀུན་ཏུ་སྐྱབས་དང་དཔུང་རོགས་གནང་རྒྱུར་ཡིད་ཆེས་བརྟན་པོ་རྙེད། ཟླ་ཕྱེད་ཙམ་སོང་བའི་ཉིན་ཞིག གཅིག་ནས་ཁ་ལོ་བྱ་ཆོག་པའི་འཛིན་ཡིག་ལེན་རྒྱུར་རོགས་རམ་བྱེད་མཁན་རྣམས་ལ་ཐུགས་རྗེ་ལེགས་གསོལ་དང༌། གཉིས་ནས་རླངས་འཁོར་ཉོས་པར་རྟེན་འབྲེལ་ཞུ་ཆེད། ཉི་དོན་གྱིས་དགའ་ཉེ་སྤུན་མཆེད་དང་གྲོགས་དང་ལས་རོགས་མི་ཉུང་བ་ཞིག་གཡང་འཁྱིལ་ཟ་ཁང་དུ་གདན་འདྲེན་ཞུས་ཏེ་གསོལ་སྟོན་བཤམས། གསོལ་སྟོན་ཐོག་ཕན་ཚུན་བར་ཆང་རག་མང་བོ་དྲངས་པས། སྐུ་མགྲོན་མང་བོ་ཞིག་ར་བཟི་ནས་ཡར་ལངས་རྒྱུ་ཡང་མི་འདུག་པ་དང༌། ཉི་དོན་ཡང་བཟི་ནས་སྐྱུར་དྲི་འཚུབ་བེར་འདུག་ཀྱང༌། ཁོས་གཞན་གྱི་ཁ་ཏ་བསླབ་བྱར་མ་ཉན་པར་སྐུ་མགྲོན་ཕེབས་སྐྱེལ་བྱ་ཆེད་རླངས་འཁོར་ཁྱ་རེ་ཁྱོར་རེར་བཏང་ནས་ལམ་བཞི་མདོ་ཞིག་ཏུ་བསླེབས་དུས། གློག་བརྡ་དམར་པོ་འདུག་པར་དོ་སྣང་གཏན་ནས་མ་བྱས་པར་མུ་མཐུད་ནས་མདུན་དུ་གཏོང་སྐབས། གཡས་ནས་གཡོན་དུ་འོང་བཞིན་པའི་རླངས་འཁོར་ཞིག་དང་རྡུང་གྲབས་བྱས་རྐྱེན། ཁོས་རླངས་འཁོར་གྱི་ཁ་བསྒགས་པར་བརྩམས་ཀྱང་སེམས་ནང་འཚུབ་ཆ་ཆེན་པོ་ལངས་པའི་དབང་གིས། སྣུམ་སྒོ་མནན་ཏེ་འུར་སྒྲ་དང་བཅས་མདུན་ཕྱོགས་སུ་མྱུར་བར་བརྒྱུགས་པ་ན། གཡོན་ནས་གཡས་སུ་འོང་བཞིན་པའི་འཕྲུལ་རྟ་དེར་ཐད་ཀར་ཤུགས་ཀྱིས་བརྡུངས་ཏེ། སྟེང་གི་མི་གང་སྨི་བཅུ་ལྷག་གི་སར་གཡུགས་པ་དང༌། ཁོའི་རླངས་འཁོར་ཆུང་ཆུང་དེའང་ལམ་ཟུར་ཨར་འདམ་གྱི་གློག་སྐུད་ཀ་བར་ཤུགས་ཀྱིས་བརྡུངས་པས། ལམ་ཟུར་ན་ཡར་འགྲོ་མར་འགྲོ་བྱེད་བཞིན་པའི་མི་མང་བོ་ཞིག་འཇིགས་སྔངས་ཚད་མེད་ཀྱིས་ལ་ལས་སྐད་ངན་ཤོར་པ་དང༌། ལ་ལ་ནི་ལྐུགས་པས་འདྲེ་མཐོང་བ་བཞིན་དུ་སྐད་ཀྱང་མ་ཐོན་པར་ཧོན་ཐོར་རེར་ལུས། དེ་ནས་མི་རིང་བར་མི་མང་བོ་ཞིག་ལྟ་རུབ་ལ་འདུས་པ་དང༌། དེ་གར་འབྱོར་བའི་འགྲིམ་འགྲུལ་ཉེན་རྟོག་པ་དང་མྱུར་སྐྱོབ་སྨན་པས་རྨས་སྐྱོན་ཚབས་ཆེན་ཕོག་པའི་ནད་པ་མྱུར་སྐྱོབ་རླངས་འཁོར་ནང་བཞག་རྗེས་མྱུར་བར་སྨན་ཁང་ཕྱོགས་སུ་བུད་སོང༌། 
     
སྨན་པས་མྱུར་སྐྱོབ་བྱས་མཐར་ཉི་དོན་སྲོག་ཉེན་ལས་ཐར་ཙམ་བྱུང་ཡང༌། རྨས་སྐྱོན་ཚབས་ཆེ་བས་ཁོ་པ་ཚེ་གང་བོར་མལ་ཁྲིའི་སྟེང་དུ་ཉལ་ནས་སྡོད་དགོས་པའི་དབང་བོ་སྐྱོན་ཅན་ཞིག་ཏུ་གྱུར་པར་མ་ཟད། འཕྲུལ་རྟའི་དོ་བདག་ཕོ་གཞོན་དེ་སྨན་ཁང་དུ་མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་ཉིན་གཉིས་ཀྱི་རྗེས་སུ་ཚེ་ལས་འདས། འགྲིམ་འགྲུལ་ཉེན་རྟོག་པས་བརྟག་དཔྱད་བྱས་པ་བརྒྱུད། ཉི་དོན་ནི་འགྲིམ་འགྲུལ་གྱི་ལམ་སྲོལ་ལས་འགལ་ཡོད་པ་དང༌། རླངས་འཁོར་དེ་ཙམ་བསྐོར་མི་ཤེས་པའིཐོག་ར་བཟི་རྗེས་སུ་རླངས་འཁོར་བཏང་བ་ལས་བྱུང་བའི་ཚབས་ཆེའི་འགྲིམ་འགྲུལ་ལས་འཛོལ་ཞིག་ཡིན་པར་ངོས་འཛིན་བྱས་རྐྱེན། ཉི་དོན་ཁོ་ནིདེ་ལ་དེ་འབྲེལ་གྱི་འགན་འཁྲི་ལས་གཡོལ་ཐབས་ག་ལ་ཡོད།
     
དེ་ཉིན་ཉི་དོན་སྨན་ཁང་གི་མལ་ཁྲིའི་སྟེང་དུ་ཉལ་ཏེ། གནའ་མིའི་གཏམ་དཔེརསྟག་མཆོངས་སར་ཝ་མཆོངས་ན་ཝའི་སྐེད་པ་ཆདཅེས་པ་དེ་ཅིས་མ་བདེན་སྙམ། ད་རེས་གཏམ་དཔེ་དེ་རངཐོག་ལ་དངོས་སུ་སྨིན་ནས་ཆག་སྒོ་ཆེན་པོ་འདི་འདྲ་བྱུང་བ་ཙམ་མ་ཟད། དོན་མེད་དུ་མི་གཞན་གྱི་ལང་ཚོའི་འོད་སྣང་འབར་བཞིན་པའི་ཚེ་སྲོག་དེའང་མེ་ཏོག་སད་ཀྱིས་བཅོམ་པ་ལྟར་བྱས། གཞན་ཡང་ཚེ་འདས་དེའི་ལོ་ན་རྒས་པའི་ཕ་མ་དང་ཁོ་ལ་བརྩེ་བའི་བཟའ་ཟླ། དེ་བཞིན་ནརམ་སོན་པའི་བུ་ཕྲུག་སོགས་དང་གཏན་དུ་བྲལ་ཏེ། ཁོ་ཚོའི་སེམས་ནང་ནམ་ཡང་བསུབ་ཐབས་མེད་པའི་སྡུག་བསྔལ་ཚད་མེད་བཟོས་སོང་སྙམ་པས། ཁོའི་མིག་ཟུང་ལས་མཆི་མ་བར་མེད་དུ་བཞུར་སོང༌། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060