སྒྲུང་གཏམ་རླབས་ཀྱི་གཟེགས་མ།
 
སྒྲུང་ཐུང་ཁག་གསུམ། ༡
སྤེལ་དུས། 2011-12-20    ཡོང་ཁུངས་།    རྩོམ་པ་པོ། བུ་ཚེ་རིང་རྒན་པ། གཞིས་རྩེ། སྒྲོལ་མས་བསྒྲིགས།

          རྒྱུ་འབྲས། 

ཉིན་གུང་སློབ་གྲྭ་གྲོལ་སོང༌། སློབ་ཕྲུག་མང་བོ་ལྷས་སྒོ་ཕྱེ་ནས་རྩྭ་ཁར་བཏང་བའི་ལུག་ཁྱུ་བཞིན་ལང་ལོང་གི་འདུ་ལོང་ཁྲོད་སློབ་གྲྭའི་རྒྱ་སྒོ་ནས་ཐོན་རྗེས། གཉིས་རེ་གསུམ་རེ་བྱས་ནས་ཅ་ཅོའི་འདུ་འཛིའི་ངང་རང་སོ་སོའི་ཁྱིམ་དུ་ལོག ནོར་བུ་ཁྱིམ་གྱི་སྒོ་ཁར་བསླེབས་དུས་ཕྱི་སྒོར་སྒོ་ལྕགས་ཆེན་པོ་ཞིག་བརྒྱབ་འདུག་པས། ཡང་ཨ་མ་མཱ་ཅང་རྒྱག་པར་ཕྱིན་པ་ཤེས་ཏེ་ཨམ་ཕྲག་ནས་སྐུད་པས་བཏགས་པའི་ལྡེ་མིག་དེ་བཏོན་ནས་སྒོ་ལྕགས་ཕྱེ། ནོར་བུ་ཉོབ་མདངས་དང་བཅས་སྒོ་ནང་འཛུལ་མ་ཐག ཁྱི་གུ་ཨབ་ཟོག་དེས་མཇུག་མ་གཡུག་གཡུག་བྱེད་བཞིན་བརྒྱུགས་ཡོང་ནས་ཁོའི་དོར་མ་ནས་འཐེན་ཙམ་འཐེན་ཙམ་དང་མཆོང་ཙམ་མཆོང་ཙམ་བྱས་བྱུང༌། ནོར་བུས་ཁྱི་གུ་པང་དུ་བླངས་ཏེ་དཔེ་ཁུག་ཟུར་ཞིག་ཏུ་བཞག་རྗེས། མལ་ཁྲིའི་སྟེང་གི་སྔས་འབོལ་ལ་བསྙེས་ནས་ཁྱི་གུར་རྩེད་མོ་རྩེ། གང་ཙམ་ནས་གྲོད་པ་ལྟོགས་པས་ཁྱི་གུ་པང་གཅལ་ཐོག་ཏུ་བཞག་ཅིང༌། ཁང་བ་སྦུག་མར་འཛུལ་ཏེ་སྟབས་བདེ་ཐུག་པ་གཉིས་སྦངས་རྗེས་བརྙན་འཕྲིན་གྱི་ཁ་ཕྱེ་ནས་ལྟད་མོར་གཡེང༌།   སྟབས་བདེ་ཐུག་པ་བངས་ཟིན་པས་བརྙན་འཕྲིན་ལ་ལྟ་བཞིན་ཐུག་པ་འཐུང་བ་ལ། ཐུག་པ་འགའ་ཁོའི་བྲང་ངོས་བརྒྱུད་དེ་པང་གཅལ་ཐོག་ཏུ་ལྷུང༌། ཁོའི་ཁ་ལ་ལྟ་བཞིན་པའི་ཁྱི་གུས་པང་གཅལ་སྟེང་གི་ཐུག་པ་དེ་དག་ལྷག་ལྷག་གི་སྒྲ་དང་བཅས་ལྟོགས་རྔམ་ཆེན་པོས་གཙང་མར་ཟོས། ནོར་བུས་ཁྱི་གུ་ལའང་ཞོགས་ཟས་ཐོབ་མེད་པ་ཤེས་པས། ཁྱི་ཕོར་ནང་ཐུག་པ་ཏོག་ཙམ་བླུགས་ནས་ཁྱི་གུར་བྱིན། ཐུག་པ་འཐུངས་རྗེས་ནོར་བུ་སྔར་བཞིན་བརྙན་འཕྲིན་ལ་གཡེང༌། རྩིག་ངོས་ཀྱི་ཆུ་ཚོད་འཁོར་ལོསཏིང་ཏིང༌། ཏིངཞེས་ཆུ་ཚོད་གསུམ་པ་ཟིན་པའི་སྒྲ་བསྒྲགས་པ་ན། ནོར་བུས་དཔེ་ཁུག་བླངས་ཏེ་ཉིན་གུང་གི་སྦྱོང་གཞི་དག་འཚབ་བེ་འཚུབ་བེར་བྲིས་རྗེས། བྲེལ་བྲེལ་ཚུབ་ཚུབ་ངང་རྒྱ་སྒོ་ལས་ཐོན་ཏེ་སློབ་གྲྭའི་ཕྱོགས་སུ་སོང༌།  
     
ཁ་སང་དགོང་མོའང་དྲ་ཁང་དུ་སྡོད་ཡུན་རིང་བའི་ཐོག ཉིན་ལྟར་སྟབས་བདེའི་ཟས་ཙམ་ལས་འཚོ་བཅུད་ལྡན་པའི་ཟས་ཤིག་གཏན་ནས་མེད་པས། དགོང་དྲོའི་སློབ་ཚན་ཐོག་ནོར་བུ་ནི་ལུས་ཟུངས་ཡོངས་སུ་ཟད་པ་ལྟར་ངལ་ཞིང་དུབ་པ་དང༌། མིག་པགས་ཡས་མས་ཡང་ཡང་འཐབ་ནས་གཉིད་ཀྱི་ཞིང་དུ་འཁོར་འགྲོ་བས། རྒན་ལགས་ཀྱིས་རིག་པ་བསྒྲིམས་ཏེ་སློབ་ཚན་ཡག་པོར་ཉན་དགོས་པའི་དྲན་སྐུལ་ཡང་ཡང་བྱས། དགོང་དྲོ་སློབ་གྲྭ་གྲོལ་རྗེས། ནོར་བུས་ཨ་མ་འཕྱིས་པོའི་བར་ནང་དུ་མི་བསླེབས་པ་ཤེས་པས། ཞོགས་ཟས་ཟ་བྱེད་ཀྱི་སྒོར་ལྔ་པོ་དེ་ཁྱེར་ནས་ཐད་ཀར་དྲ་ཁང་ཕྱོགས་སུ་ཕྱིན། དྲ་ཁང་སྒོ་འགྲམ་གྱི་གྱང་ངོས་སུན་ཆུང་སློབ་མ་ནང་དུ་སོང་མི་ཆོགཅེས་བཀོད་འདུག་ཀྱང༌།   དྲ་ཁང་ནང་དུ་ན་གཞོན་དང་བྱིས་པ་མང་བོ་ཞིག་དྲ་སྟེང་རོལ་རྩེད་ལ་གཡེང་འདུག་ཅིང༌། དྲ་ཁང་ཧྲིལ་བོར་ཐ་མག་གི་དུ་བ་སྨུག་སྤྲིན་བཞིན་དུ་འཁྲིགས། 
     
ནོར་བུས་བྱང་ཆ་ལྡན་པའི་སྒོ་ནས་གློག་སྒོ་ཕྱེ་རྗེས།   ལམ་བར་དུ་ཉོས་པའིཁ་ཏོགདེ་ཟ་བཞིན་རོལ་རྩེད་ལ་ཞུགས། ཁོའི་འཁྲིས་སུ་ཡོད་པའི་དྲ་གྲོགས་དེས་ཁོ་ལ་ཐ་མག་རྐང་གཅིག་བྱིན་པས། ནོར་བུས་མཛུབ་བར་གྱི་ཐ་མག་དེ་ཁ་ནང་ལེན་གྱིན་རོལ་རྩེད་ལ་གཡེངས་ནས་དུས་ཚོད་ཇི་ལྟར་སོང་བའང་མ་ཤེས། ཉེ་འཁོར་གྱི་མི་མང་བོ་ཞིག་ལོག་ཟིན་ཅིང༌། དགོང་མོའི་ཆུ་ཚོད་བཅུ་གཅིག་པ་ཡོལ་ཟིན་པས། ཁོས་ཀྱང་དྲ་སྒོ་བརྒྱབ་ནས་ཁྱིམ་དུ་ལོག ལམ་བར་དགུན་རླུང་གྲང་མོ་དེ་ཡང་ཡང་ལྡང་ཞིང༌། གཞུང་ལམ་ཐོག་འགྲོ་སྐྱོད་བྱེད་མི་ཧ་ལམ་མེད་དེ། ལམ་ཟུར་གྱི་གློག་སྒྲོན་འོག་ཏུ་ཁྱི་ལྡོམ་རེ་གཉིས་ཀྱིས་ཟས་འཚོལ་སླད་ཕར་རྒྱུག་ཚུར་རྒྱུག་བྱེད། 
    
ཨ་མ་ད་དུང་བསླེབས་མེད་པས། ཁྱིམ་ཧྲིལ་བོ་སྟོང་འཇགས་སེ་དང་གྲང་ཤུར་རེར་སྣང༌། ཁོས་ཧ་ཅང་མི་འདོད་བཞིན་དུ་ཇ་དེམ་ནང་གི་ཆུ་དྲོ་མ་འཇམ་དེས་སྟབས་བདེ་ཐུག་པ་སྦངས་ནས་ཟོས་རྗེས། ལག་པ་འཕུར་གྱིན་དགོང་མོའི་སྦྱངས་གཞི་དེ་དག་ཐ་ཐོར་ཞིག་བྲིས་ནས་མལ་དུ་འཛུལ། ཞོགས་པར་ཆུ་ཚོད་ཀྱི་ཏིང་སྒྲས་ཁོ་གཉིད་ལས་དཀྲོགས་ཏེ་མལ་ལས་ལངས་དུས། ཨ་མ་ནི་ད་དུང་རྨི་ལམ་གྱི་ཞིང་དུ་འདུག་པས། མདང་དགོང་ཡང་འཕྱིས་པོར་བསླེབས་པ་གཏན་འཁེལ་རེད་སྙམ། ནོར་བུས་ཁ་ངོ་བཀྲུས་ཙམ་བྱས་ཤིང༌། ཨ་མས་ཞོགས་ཟས་ཀྱི་རིན་དུ་བཞག་པའི་སྤགས་ཅོག་སྟེང་གི་སྒོར་ལྔ་པོ་དེ་ཨམ་ཕྲག་ནང་བཅུག་འཕྲལ། དཔེ་ཁུག་རྒྱབ་ཏུ་ཁུར་ནས་སློབ་གྲྭར་སོང༌། རྒན་ལགས་ཀྱིས་ནོར་བུ་སློབ་ཁྲིད་འཚོགས་དུས་སུ་གཉིད་ནས་སྡོད་པ་དང༌། བཀོད་སྒྲིག་བྱས་པའི་སྦྱངས་གཞི་ཐ་ཐོར་རེ་བྲིས་ནས་ཚང་མ་ནོར་ཡོད་པར་བཀའ་བཀྱོན་ནན་མོ་གནང་མོད། ཡང་ནོར་བུའི་སྐྱ་ཐལ་གྱི་ཁ་ངོར་བལྟས་ནས་ཁོ་ལ་ཚ་ཚ་ཙམ་ཡང་བྱུང་མེད་པ་མཁྱེན་ཏེ་སེམས་གཏིང་ནས་སྙིང་རྗེ་ཞིག་སྐྱེས། 
     
རྒན་ལགས་རྣམ་པས་ནོར་བུའི་ཨ་མ་མཆོག་སྐྱིད་སློབ་གྲྭར་ཐེངས་མང་བོར་བོས་ཤིང༌། རྒྱན་རྩེད་ལ་གཡེངས་ནས་རང་གི་ཕྲུ་གུར་འགན་མི་འཁུར་བའི་བྱེད་སྟངས་དེར་སྐྱོན་བརྗོད་དང་སློབ་གསོ་ཐེངས་མང་བྱས་མོད། ཐོག་མའི་ཉིན་གཅིག་གཉིས་ནང་མཆོག་སྐྱིད་རང་ཁྱིམ་དུ་བསྡད་དེ་ཁ་ལག་བཟོ་བ་དང་བུའི་སློབ་སྦྱོང་ཐད་སེམས་ཁུར་བྱེད་ཁུལ་བྱས་ནའང༌། མི་རིང་བར་ཡང་མཱ་ཅང་རྒྱག་འདོད་ཀྱི་ཟ་འཕྲུག་ལངས་ནས་གོམ་འགྲོས་རང་དབང་མེད་པར་ཤོ་ཁང་ཕྱོགས་སུ་ཤོར་པས་ནོར་བུ་སླར་ཡང་དྭ་ཕྲུག་ལྟ་བུར་གྱུར། དགེ་རྒན་གྱི་འགན་འཁྲིའི་ཆ་ནས་འདི་ལྟར་བྱེད་པ་མ་གཏོགས།   དགེ་རྒན་ཚང་མས་ཁོ་མ་བུ་གཉིས་ལ་སྔ་ས་ནས་ཡིད་ཐང་ཆད་ཅིང་ཞེ་མེར་ལངས་ཟིན། 
    
ཉེ་ལམ་མི་མང་བོས་ཕྲུ་གུའི་སློབ་ཐོན་ཡིག་རྒྱུགས་ཐད་ལབ་གླེང་དང་སེམས་ཁྲལ་ཆེན་པོ་བྱེད་པས། མཆོག་སྐྱིད་ཀྱི་སེམས་སུ་རང་གི་བུ་དམའ་འབྲིང་གསུམ་པར་བསླེབས་ཙམ་ཡིན་སྙམ་ཡང༌། ལོ་གཅིག་ལ་ཉེ་བར་ཕྱིན་ཟིན་པར་མ་ཟད། སློབ་ཐོན་ཡིག་རྒྱུགས་གཏོང་བར་དུས་ཡུན་ཟླ་བ་གཅིག་ཙམ་ལས་མེད་པ་ཤེས་པས། སྔངས་འཚབ་ཆེན་པོས་བུའི་ཡིག་ཚད་མ་བླངས་བར་མཱ་ཅང་མཚམས་འཇོག་བྱ་རྒྱུའི་དམ་བཅའ་བཞག
    
ཉེ་དུས་མཆོག་སྐྱིད་ཀྱིས་དར་ལྕོག་ཉོས་ནས་རི་རྩེར་རླུང་རྟ་མང་བོ་སྤུར་བ་དང༌། དགོན་སྡེ་ཁག་ལ་ཕྱག་སྐོར་མཆོད་འབུལ་གྱིས་བུ་ཡིས་ཡིག་ཚད་ལོངས་པའི་གསོལ་བ་སྨོན་ལམ་བཏབ་པ་ལས་གཞན། མོ་པ་མང་བོའི་སར་སོང་ནས་བུ་ཡིས་ཡིག་རྒྱུགས་ལོངས་མིན་གྱི་མོ་ལུང་ཞུས། དེ་ཉིན་མཆོག་སྐྱིདམཁའ་འགྲོ་མའིསར་ཕྱིན། སྒོ་ནང་ལ་འཛུལ་རྗེས་གུས་ཚུལ་ཆེན་པོས་ལག་གི་ཁ་བཏགས་དང་འབུལ་རྟེན་རྣམསམཁའ་འགྲོ་མའིསྐུ་མདུན་དུ་ཕུལ་པ་དང༌། ཨམ་ཕྲག་ལས་བུའི་སྨྱུ་གུ་དེ་བཏོན་ནས་རབ་གནས་གནང་རྒྱུའི་རེ་བ་ཞུས། 
    
མཁའ་འགྲོ་མ་དེསསྣང་དོགས་མི་དགོས། ངའི་སར་ད་བར་སྨྱུ་གུར་རབ་གནས་ཞུ་བར་ཡོང་མཁན་ཧ་ཅང་མང་སྟེ། རབ་གནས་བྱས་རྗེས་ཡིག་རྒྱུགས་མ་ལོན་པ་ཧ་ལམ་བྱུང་མྱོང་མེད། བདུན་གཅིག་སོང་མཚམས་སུ་སྨྱུ་གུ་ལེན་པར་ཤོག་དང༌།  ངས་དེའི་རིང་རབ་གནས་བྱ་ཚར་ཆོགཅེས་སྨྱུ་གུའི་ཐོག་ཏུ་མིང་སྦྱར་ནས་མདུན་ཅོག་ཐོག་གི་ཚོན་མདོག་མི་གཅིག་པའི་སྨྱུ་གུ་དེ་ཚོའི་ཁྲོད་དུ་བཞག  
     
ཡིག་ཚད་གཏོང་ཉིན་དེར། མཆོག་སྐྱིད་ཀྱིས་ཞོགས་པ་སྔ་མོར་བུ་དགོན་པར་ཁྲིད་དེ་ལྷ་མོའི་སྐུ་མདུན་དུ་ཆང་ཕུད་དང་མཇལ་དར། མཎྜལ་སོགས་ཕུལ་ཏེ་གསོལ་བ་སྨོན་ལམ་གདབ་ཏུ་བཅུག་པར་མ་ཟད། རང་གིས་ཀྱང་དད་གུས་དྲག་པོས་བུ་ཡིས་ཡིག་ཚད་ལོན་རྒྱུའི་གསོལ་བ་སྨོན་ལམ་རྩེ་གཅིག་ཏུ་བཏབ། མཆོག་སྐྱིད་ཀྱིས་རླུང་རྟ་དར་ཆེད་དུ་ཉོས་པའི་གྱོན་གོས་གསར་བ་ཆ་ཚང་དེ་བུར་གཡོགས་པ་དང༌། དགོན་སྡེ་ཁག་ནས་ཞུས་པའི་སྲུང་སྐོར་དང་སྲུང་མདུད་དེ་དག་ནོར་བུའི་སྐེ་ལ་གཡོགས་ནས་ཡིག་ཚད་གཏོང་བར་བཏང༌། ནོར་བུའི་སྐེ་ན་ཚོན་མདོག་དང་ཆེ་ཆུང་མི་འདྲ་བའི་སྲུང་སྐོར་དང་སྲུང་མདུད་སྣ་ཚོགས་ཀྱིས་ཁེངས་པས། ཕར་བལྟས་ཚེ་ཁོ་ནི་ཡིག་རྒྱུགས་གཏོང་མཁན་གྱི་སློབ་མ་ཞིག་དངམི་འདྲ་བར། གདོན་འདྲེ་འདུལ་མཁན་གྱི་ཆོས་པ་ཞིག་དང་མཚུངས་པའོ།    ། 
     
ཟླ་བ་གཅིག་ཙམ་འགོར་རྗེས། སློབ་ཐོན་སློབ་མའི་སྐར་གྲངས་ཡོངས་བསྒྲགས་བྱེད་མགོ་ཚུགས། མཆོག་སྐྱིད་ཀྱིས་གདེང་ཚོད་ཆེན་པོས་བུའི་སྐར་གྲངས་ཤེས་རྟོགས་བྱེད་སྐབས། སྐར་གྲངས་ཡོངསསུ་བསྡོམས་ཀྱང་བརྒྱ་ལྷག་ཙམ་ལས་མེད་པས། སེམས་ནང་ངས་དད་སེམས་ཆེན་པོས་ལྷ་གསོལ་ཀླུ་གསོལ་འདི་ལྟར་བྱས་ཀྱང༌། བུའི་སྐར་གྲངས་འདིལས་མི་ལོན་པ་ཅི་ཡིན་ནམ་སྙམ་ནས་ཁོང་ཁྲོསསིག་སིག་ཏུ་འདར། སྐབས་དེར་ས་གང་དུ་སོང་ཡང་མི་ཚང་མསཕྲུ་གུའི་སྐར་གྲངས་སྐོར་གླེང་སློང་ཁོ་ན་བྱེད་པས། མི་གཞན་གྱིས་ནོར་བུའི་སྐར་གྲངས་དྲིས་ན་ལན་ཇིལྟར་འདེབས། རང་དང་ན་མཉམ་དང་དགའ་ཉེ་སྤུན་མཆེད་ཚོར་གདོང་ཇི་ལྟར་སྟོན་བསམས་ནས། ཉིན་གྲངས་མང་བོའི་རིང་མ་བུ་གཉིས་ཀ་ཁྲིམས་ཆད་ཕོག་པའི་བཙོན་པའམ་སྒོམ་ལ་ཞུགས་པའི་སྒོམ་ཆེན་བཞིན་རང་ཁྱིམ་དུ་འཛུལ་ནས་བསྡད་འདུག་གོ། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060