བསྒྱུར་རྩོམ་མུ་ཏིག་ཕྲེང་མཛེས།
 
སླར་ཡང་ཁྱིམ་དུ་ལོག་པ།
སྤེལ་དུས། 2011-12-21    ཡོང་ཁུངས་།    རྩོམ་པ་པོ། ར་ས་བསྟན་འཛིན་ཆོས་གྲགས〈ལྷ་ས〉
ལྷུག་རྩོམརང་ཁྱིམཞེས་པར་དཔྱད་པ།   
   
རྩོམ་པ་པོ་འཇུ་སྐལ་བཟང་གིས་བརྩམས་གནང་མཛད་པའི་ལྷུག་རྩོམརང་ཁྱིམནི་ཅི་ཙམ་བཀླགས་པ་དེ་ཙམ་གྱིས་ཀློག་འདོད་ཇེ་ཆེར་འཕེལ་བ་དང༌། བཀླགས་པའི་གྲངས་ཚད་ཅི་ཙམ་མང་ན་དེ་ཙམ་གྱིས་རྩོམ་པ་པོའིརང་ཁྱིམལ་ཇེ་དགའ་དང༌། རང་གི་ཁྱིམ་ལའང་དེ་ཙམ་གྱིས་དུངས་པ་སྐྱེ་བཞིན་འདུག དེ་ནི་ཏག་ཏག་བརྩམས་ཆོས་ཤིག་གིས་སྤྱི་ཚོགས་ལ་ཐོན་པའི་ནུས་པ་ཁྱད་དུ་འཕགསཔ་ཞིག་ཡིན(མ་མཐར་བདག་ལ་མྱོང་ཚོར་དེ་འདྲ་བྱིན)ངེས། དེ་ཡང་ང་ཚོས་དུས་ཡུན་རིང་བོ་ཞིག་ལ་སྤྱི་ཚོགས་ཀྱི་རྨང་གཞིར་གྲུབ་པའིརང་ཁྱིམདེ་ལ་སྣང་ཆུང་བྱས་པའི་རྐྱེན་གྱིས་ཡིན་སྲིད་ཅིང༌། གློ་བུར་གཉུག་མར་གནས་ཤིང་སེམས་ཀྱི་མཐིལ་དུ་ཡོད་པའི་ཀུན་སློང་དེརརང་ཁྱིམདེ་ཡི་སོར་མོས་རེག་ཙམ་བྱས་པས་ཧར་སད་ཐེངས་ཤིག་བྱུང་བའང་ཡིན་ངེས་རེད། གང་ལྟར་ཡངརང་ཁྱིམཞེས་པའི་ལྷུག་རྩོམ་དེས་ཡུན་རིང་གོམས་གཤིས་ངོས་སུ་འགོས་ཏེ་ཡོད་པའིསྤྱི་སྙོམས་ཆེན་པོའིཕུགས་བསམ་ཞིག་གི་ཞིང་ཁམས་ནས། ག་ལེར་འཛིན་དུ་ཡོད་ལ་བསྟན་དུ་ཡོད་ཅིང༌། སྤྱི་ཚོགས་ཤིག་གི་རྨང་གཞིར་གྲུབ་པའིརང་ཁྱིམདེར་སླར་ཡང་ཕྱོགས་དགོས་བྱུང༌། བདག་གི་བསམ་པའི་འགྱུར་བ་དེ་ནི་གཞན་གྱིས་སློབ་གསོ་བཏང་སྟེ་བྱུང་བ་མིན་ལ། སྒམ་དཀྱེལ་ཆེ་བའི་ལེགས་བཤད་ཐོག་ནས་རྙེད་པའང་མིན་པར། ལྷུག་རྩོམ་ཞེས་པའི་རྩོམ་རིག་བརྩམས་ཆོས་ཤིག་གི་ལམ་སྣེའི་འོག་ནས་བྱུང་བ་ཡིན་སྟབས། ཐོག་མར་ཁོང་གི་ལྷུག་རྩོམ་དེ་ལ་ཁྱད་དུ་འཕགས་པའི་བསམ་བློའི་ཟབ་ཚད་དང༌། སླད་ནས་སྒྱུ་རྩལ་གྱི་ཐབས་འཕྲུལ་གང་ཞིག་ལྡན་ཡོད་ཚུལ་འཆད་པ་ལ། 

                       དང་པོ། བསམ་བློའི་ཟབ་ཚད་ཀྱི་ཆ་ནས་གླེང་བ།

རང་རེའི་རྩོམ་རིག་ལོ་རྒྱུས་ལ་ཕྱིར་མིག་བལྟསཚེ་ང་ཚོ་སོ་སོ་སྐྱེས་ཤིང་ལྟེ་ཁྲག་འཕོ་སའི་ཁྱིམ་ཚང་ནི་སྤྱིར་ན་སྤང་བྱ་དང་དུག་སྦྲུལ་གྱི་ཚང་ལྟ་བུར་ཞིབ་འབྲི་གནང་ཡོད་ཅིང༌། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་བྱ་བ་ནི་ཆེས་གཟི་བྱིན་ལྡན་པ་ཞིག་ཏུ་བརྩི་བ་ཡིན། དེ་ཡང་ཡིན་ཏེ། མི་ལ་རས་པའི་རྣམ་ཐརདང་བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་པོ་གང་ཞིག་ཡིན་རུང༌། ཁྱིམ་གྱི་བྱ་བ་ལམ་དུ་མ་ལྷོང་ཞིང༌། ཉོག་འཛིང་མང་བོ་ཞིག་གི་རྐྱེན་པས་མཐར་ཁྱིམ་ཚང་ལ་བློ་ལོག་ནས་ངེས་འབྱུང་གི་བསམ་བློ་དྲག་ཏུ་སྐྱེས་པའི་སྐོར་གྱིས་ཁེངས་ནས་ཡོད། ལྷག་པར་མི་ཚེ་སྲིད་ལ་བསྐྱལ་པའི་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་མཆོག་གིས་མཛད་པའིགཞོན་ནུ་ཟླ་མེདཅེས་པའི་བརྩམས་ཆོས་ནང་དུའང༌། རྩོམ་གྱི་སྔ་མ་ཆབ་སྲིད་སྐྱོང་ལུགས་དང་འཇིག་རྟེན་དགའ་བའི་སྟོན་མོའི་ཆེད་དུ་དཀའ་བ་དུ་མ་སྤྱད་པ་བཀོད་ཡོད་མོད།   རྩོམ་གྱི་ཕྱི་མར་འཁོར་བའི་ཕུན་ཚོགས་ཅི་ཙམ་སྤྱད་ན་ངོམས་པ་མེད་པར་འགྱུར་བས། དེ་ལས་ལྡོག་སྟེ་མཐར་ཐུག་གི་བདེ་བ་དོན་དུ་གཉེར་སླད་ཁྱིམ་སྤངས་ནགས་སུ་གཞོལ་བའི་སྐོར་བཀོད་ཡོད། དེ་ནི་སྐབས་དེའི་བསམ་བློའི་གཙོ་རྒྱུན་དང་འབྲེལ་བ་དམ་ཟབ་ཡོད་དེ། དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པའམ་དེ་ལས་བྱུང་བའི་མཚན་ཉིད་རིག་པའི་ལྟ་བས་ཐག་གཅོད་བྱས་པ་ཡིན་ལ། རྩོམ་རིག་གཞུང་ལུགས་ཐད་ཀྱི་བརྡ་ཆད་སྟེང་ནས་བཤད་ན། རྩོམ་རིག་ནི་སྤྱི་ཚོགས་འཚོ་བ་ལས་བྱུང་བ་ཡིན་ཅེས་བརྗོད་པ་དེ་ཉིད་རེད། དེ་ནས་དུས་ཡུན་གང་ཙམ་སོང་རྗེས་ཏེ། མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་འཚོ་གཞེས་ཀྱི་དུས་ནི། འཛམ་གླིང་ཧྲིལ་བོ་ཡམ་ཡོམ་དང་འཕེལ་རྒྱས་ཟུང་དུ་འབྲེལ་བའི་སྐབས་སུ་གནས་ཤིང༌། བོད་འདིར་ཡང་ཤན་ཞུགས་གང་ཙམ་བྱུང་སོང་བ་རེད། ཁོང་གིས་ཀྱང་དོགས་སློང་ལྡན་པའི་བརྩམས་ཆོས་མང་དུ་སྤེལ་པའི་ནང་མི་འདོད་ཁྲལ་གྱི་བཙུན་གཟུགས་ཐལ་དོང་དུ་བསྐྱུར་ཏེ།    ། གང་དྲན་སེམས་རྗེས་འབྲང་བ་སྨྱོན་པ་ཡི་སྤྱོད་པས།    ། ལྗོངས་དང་ལྗོངས་སུ་རྒྱུ་བའི་གོ་སྐབས་ཤིག་བྱུང་ན།    ། ཚུལ་གསུམ་རྟགས་ཀྱི་རྫོང་འགོག་རྨེག་མེད་དུ་བཤིག་ཅིང༌།    ། མཐའ་བརྒྱད་དམ་བཅའི་མདུད་པ་རང་ས་རུ་ཆད་དེཞེས་རིག་པའི་གད་རྒྱངས་བསྒྲགས་ཤིང༌། ཀུན་སྤྱོད་དེ་ཉིད་གོམས་གཤིས་ཤིག་གི་རྗེས་སུ་འབྲངས་པའི་གནས་སྐབས་ནས། མི་སྒེར་རང་གིས་བསམ་གཞིག་བྱས་ཏེ་རང་གི་ལམ་བུ་རང་གིས་འདམ་པའི་ཚད་དུ་འཕགས་པ་རེད། དུས་རབས༢༠པའི་ལོ་རབས༨༠ནས༩༠པའི་བར། ཀྲུང་གོ་རྒྱལ་ཁབ་ཡོངས་ཀྱི་བསམ་བློའི་རླབས་རྒྱུན་བཞིན། དུངས་སེམས་མཚོན་པའི་རྩོམ་རིག་ལྷག་ཏུ་ཇེ་མང་ལ་སོང་ཞིང༌། ལྷག་པར་སྤྱི་སྒེར་གཉིས་ནས་སྤྱི་དེ་གཙོ་བོ་དང་སྒེར་དེ་ཕལ་བར་འཛིན་ལ། གསར་རྙིང་གཉིས་ནས་གསར་བར་ཕྱོགས་པའི་བསམ་བློའི་རླབས་རྒྱུན་དྲག་ཏུ་ལྡང་བས། དོན་གྲུབ་རྒྱལ་གྱིལང་ཚོའི་རྦབ་ཆུདངརྐང་ལམ་ཕྲ་མོ། རྒྱའི་རྩོམ་པ་པོ་ཝང་ཧྲོ་ཡིལི་ཀྲིའི་སྦྲང་རྩིལྟ་བུ་མང་དུ་བྱུང༌། ཏག་ཏག་རྩོམ་པ་པོ་འཇུ་སྐལ་བཟང་གིརང་ཁྱིམནི་སླར་ཡང་བསམ་བློའི་བར་སྟོང་གཞན་ཞིག་བརྒྱུད་མགོ་ཚུགས་ཤིང༌། དེ་ནི་དུས་རབས་ཉེར་གཅིག་པ་བསླེབས་མ་ཐག་པ་སྟེ། སྤྱི་ལོ་༢༠༠༠ལོའིསྦྲང་ཆརདེབ་དང་པོའི་ཐོག་ཏུ་བཀོད་ནས་འདུག དེ་ནི་ཁོང་གིརང་ཁྱིམནང་དུ་བསྟན་པ་བཞིནབཙལ་བཙལ་པའི་མཐར་ཁྱོད་ཀྱིས་འདི་ལས་གཞན་ཞིག་མ་རྙེད། དཔྱད་དཔྱད་པའི་མཐར་ཁྱོད་ཀྱིས་འདི་ལས་ཅི་ཡང་མ་རྟོགས། སོང་སོང་བའི་མཐར་ཁྱོད་ནི་འདི་ལས་གང་དུའང་མ་ཕྱིན། དེས་ན། འདི་ནི་ཁྱོད་ཀྱིས་མི་ཡུལ་འདི་རུ་འགྲན་རྩོད་བྱས་པ་ལས་རྙེད་པའི་རང་དབང་ཡིན་ཅིང༌། འཁོར་བ་དེ་ལ་ཨུ་ཚུགས་བྱས་པ་ལས་ཐོབ་པའི་བདེ་སྐྱིད་ལགསཞེས་གསུངས་པ་ལྟར། སླར་ཡང་ང་ཚོས་ཡུན་རིང་བོར་བའིརང་ཁྱིམདེ་ལ་ཁ་ཕྱིར་བསྐོར་དགོས་བྱུང་སོང་ལ། 

ཁྱིམ་ཚངནི་སྲིད་ཀྱི་ཐོག་མའི་རྣམ་པ་ཡིན་ཅེས་བརྗོད་པ་ལྟར། སྲིད་ཀྱི་འཇིག་རྟེན་དེ་ལ་དོ་ཁུར་བྱེད་དགོས་སོང་ལ།  མི་ནི་ཡོད་ཚད་ཀྱི་འཇལ་བྱེད་ཡིནཅེས་བསྟན་པ་ལྟར། རང་དང་ཉེ་བའི་མི་རེ་རེ་སྟེ། བྱམས་བརྩེ་ལྡན་པའི་དབུ་སྐྲ་དཀར་པོ་ཅན་དང༌། སྙིང་དུ་སྡུག་པའི་མིག་འབྲས་དྭངས་མོ་མ། ”“ཡི་གར་འོང་བའི་འཛུམ་མདངས་གསར་བསྤྲོས་པའི་བུས་ཕྲུག་བཅས། བསྟན་ཡོད་ཐོགས་བཅས་སུ་གནས་པའི་སྐྱེ་བོ་རེ་རེར་སེམས་ཁུར་བྱེད་མགོ་ཚུགས་པ་ལས། བསྟན་མེད་རེག་མེད་ཀྱིདམིགས་པ་ཆེན་པོདེ་ཉིད་སྐབས་དེར་འཇའ་བཞིན་ཡལ་བ་རེད། དེ་ནི་དངོས་དོན་ཞིག་ལས་ཕུགས་བསམ་ཞིག་མིན་པ་དང༌། མངོན་སུམ་ཞིག་ལས་རྗེས་དཔག་ཅིག་ཀྱང་གཏན་ནས་མིན། མདོར་ན་མི་བུ་སོ་སོའི་འཇོན་ནུས་བསླང་མགོ་ཚུགས་པ་ཡིན་ལ། རང་ཅག་ཚོ་ཡང་དངོས་དོན་གཙོ་འཛིན་བྱེད་མཁན་ཞིག་ཏུ་བགྲོད་པའི་སྔོན་འགྲོ་ཡིན། 

འོན་ཀྱང་རྩོམ་རིག་ཅིག་རྩོམ་རིག་ཅིག་ཏུ་གྲུབ་དོན་ནི། དེ་ལས་མཚོན་པའི་བསམ་བློའི་ཟབ་ཚད་ཙམ་མ་ཟད། བསམ་བློའི་ཟབ་ཚད་དེ་ཉིད་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་ཐབས་འཕྲུལ་ནི་དེ་བས་ཀྱང་གལ་འགངས་ཆེ་བ་ཡིན། 

          གཉིས་པ། སྒྱུ་རྩལ་གྱི་ཐབས་འཕྲུལ་སྐོར་ནས་བརྗོད་པ།   

གཅིག    འཚོ་བའི་སྣང་ཚུལ་ཕྲ་ཞིབ་བཀོད་འབྲི་བྱས་ཡོད་པ། 

     ལྷུག་རྩོམ་ལ་ཡིད་ཀྱི་དུངས་པ་ལྷོག་ལྷོག་སློང་བར་བྱེད་པའི་ཁྱད་ཆོས་ལྡན་མོད། སྙན་ངག་ཇིབཞིན་ཚིག་གི་བར་གསེང་གང་རུང་ནས་མཚོན་པའི་ངེས་པ་མེད་ལ། ཡང་སྒྲུང་གཏམ་ཇི་བཞིན་ལྷུག་བརྗོད་བྱེད་པའི་ཁྱད་ཆོས་ལྡན་མོད། མི་སྣ་གསོན་ཉམས་དོད་ཅིང༌། འགལ་འཁྲུག་མང་བོའི་བརྒྱུད་རིམ་དེ་ཡང་བརྒྱུད་མི་དགོས། ལྷུག་རྩོམ་གྱིས་འཚོ་བའི་ཐོག་ནས་བྱུང་བའི་མྱོང་བ་དང༌། འཚོ་བའི་ཁྲོད་དུ་གནས་པའི་བྱ་བ་ཕྲན་ཚེགས་ཀྱི་ངོརིས་ངོ་མ་གསལ་སྟོན་དང༌། སེམས་ཀྱི་འགྱུར་བ་སློང་སྐྲུན་བྱས་ཏེ། དེ་ཉིད་བརྩམས་ཆོས་ཁྲོད་དུལྷུག་པོར་སྤེལ་རྒྱུ་དེ་ཉིད་ཡིན། དེས་ནི་གནད་དོན་ནམ་བརྗོད་བྱ་གང་ཞིག་ཞིབ་བཀོད་བྱེད་པ་གཙོ་བོར་འཛིན་པ་ལས། ཀྱེ་མ་ཨ་ཧོལྟ་བུའི་དུངས་སེམས་རྗེན་པར་མཚོན་པ་ཕལ་བར་བརྩི། དེ་ཡང་རྒྱའི་རྩོམ་པ་པོ་ལིའུ་ཁྲང་ལེང་གིགྲོང་ཚོ་ཞིག་གི་ངོས་འཛིན(劉程亮《個村莊的認識)ནང་དུ། གྱང་རྩ་ན་གནས་ཤིང༌། མི་རྣམས་ཀྱིས་སྣང་དོགས་མེད་པའི་བྱ་དངོས་དེ་དག་གི་ཁྲོད་ན། འཚོབའི་དོན་སྙིང་ཡོད་ཚད་གབ་སྦས་བྱས་ནས་ཡོད་སྲིད་ཅིང༌། བྱ་དངོས་རེ་རེའི་ཐོག་ནས་འཇིག་རྟེན་ཧྲིལ་བོ་རྙེད་ཐུབ་པར་བདག་གིས་ཡིད་ཆེས་བྱེད་ཀྱིན་ཡོད། དེ་ནི་ཆུ་ཐིགས་ཤིག་ནས་རྒྱ་མཚོ་ཧྲིལ་བོམཐོང་བ་དང་གཅིག་མཚུངས་རེད་ཅེས་གསུངས་པ་ལྟར། རང་ཁྱིམདེ་ཡང་ལྷུག་རྩོམ་ཡིན་པའི་ཆ་ནས་རྩོམ་པ་པོས་ཁྱིམ་ལ་དུངས་པའི་སེམས་པ་དྲག་པོ་དེ་ཉིད་རང་གི་བྲང་ན་ལྷོག་ལྷོག་འཁོལ་བཞིན་ཡོད་ནའང༌། དེ་ཉིད་འཕྲལ་དུ་དམར་རྗེན་ངང་ནས་ཚིག་གི་སྲད་བུར་བརྒྱུས་ཏེ་མཚོན་པམ་ཡིན་པར། སྐྱེ་བོ་ཀུན་གྱིས་རྟག་ཏུ་མྱོང་བཞིན་ཡོད་ཀྱང༌། འོན་ཏེ་རགས་པར་གྱུར་པའི་སེམས་ཀྱིས་བཏང་སྙོམས་སམ་སྣང་མེད་ངང་བསྐྱུར་བའི་བྱ་བ་ཕྲན་ཚེགས་དེ་དག་གི་ཐོག་ནས་མཚོན་པར་བྱས་ཤིང༌། བྱ་བ་ཕྲན་ཚེགས་དེ་དག་ཀྱང་སྒྱུ་རྩལ་མཁན་པོའི་བློས་བསླང་གིས་སྲེག་བཅད་བརྡར་གསུམ་ཐོག་ནས་རིན་ཐང་ཆེ་བའི་གསེར་རྡོག་རེ་རེར་བསྐྲུན་པས། སྣང་དོགས་མེད་པའི་བྱ་བ་ཕྲན་ཚེགས་དེ་དག་སྒྱུ་རྩལ་ཞིག་གི་མཐོ་སར་བསྒྲེངས་པས། འཚོ་བ་དེ་ཉིད་ཅི་འདྲའི་རིན་ཐང་ལྡན་ཞིང་ཡི་གར་འོང་བ་ཞིག་རེད་ཨང་སྙམ་པའི་འདུ་ཤེས་རྙེད་པ་དང༌། ཡང་ཡུན་རིང་བག་ལ་ཉལ་ཞིང་འདྲིས་ཆ་ཆེ་བའི་ཚོར་བ་དེ་དག་ཆུ་ཁར་ཧར་གྱིས་བྱུང་བ་ལྟ་བུའི་ཉམས་སྣང་སྦྱིན་པས། ཡིད་ཀྱི་སྲུབས་སུ་གནས་ཤིང་ཡུན་རིང་བོར་སྟོར་བྱུང་བའི་དངོས་པོ་ཞིག་སླར་ཡང་རྙེད་པ་ལྟ་བུའི་དགའ་སྐྱོ་འདྲེས་མའི་སྣང་བ་ཞིག་ཀྱང་སྟེར་གྱིན་ཡོད། མི་ཡུལ་ན་བྱམས་བརྩེ་ལྡན་པའི་དབུ་སྐྲ་དཀར་པོ་ཅན་ཞིག་གིས་འདི་ག་ནས་ཁྱོད་ཀྱི་གོམ་སྒྲ་ལ་ཞིབ་ཉན་བྱེད་བཞིན་སྒུག་ཡོདཔས། གཞན་ཡུལ་ན་འཚོ་གོས་ཀྱི་དོན་དུ་བྲེལ་ཟིང་ངང་གནས་ཤིང༌། ཤོག་སྒོར་དུ་མ་མཐེབ་མཛུབ་བར་དུ་སློག་བཞིན་ཡོད་པའི་སྐྱེ་བོ་ཚོས། ལྷུག་རྩོམ་དེ་ཉིད་བརྒྱུད་དེ་འཚོ་བའི་བྲེལ་འཚུབ་བར་ནས་མག་མོག་ཏུ་སོང་བའི་ཕ་མའི་བཞིན་རས་ཧད་ཀྱིས་དྲན་འོངས་ལ། རྫུ་བག་དང་ལྷམ་ཀོག་མཉམ་དུ་ཕུད་དེ་རྐང་རུལ་བཀྲུས་ནས་གློ་ཉལ་ཡང་བྱེད་ཆོགཔས། ད་གཟོད་རང་ཉིད་ངོ་མ་མངོན་མགོ་ཚུགས་པ་ཡིན། ད་དུངདགོས་དབང་གིས་མིག་ཆུ་ཤམ་ཤམ་དུ་གཏོང་ཆོགཔས། སྐྱེས་པ་ཁྱོ་གའི་ཉམས་ཚུགས་མི་འཆོར་ལ། ཟ་མ་བུ་མོའི་སྒེག་རྫས་བཞུད་པར་ཡང་སྐྲག་མི་དགོས་པས། དེ་ནི་མི་ངོ་མ་ཞིག་གི་འཚོ་བའི་སྣང་བརྙན་ཡིན་ལ། མི་སུ་དང་སུ་ཞིག་ལའང་འཕྲད་པའི་དོན་དག་ཆུང་ཙག་ཅིག་ཡིན་པས། ཀློག་པ་པོ་ཚོར་གློ་བ་ཉེ་ཞིང་འདྲིས་ཆ་ཆེ་བའི་སེམས་ཁམས་ཤིག་ཀྱང་སྦྱིན་ངེས་ཡིན། 

གཉིས། དུངས་སེམས་མཚོན་པ་འོས་འཚམ་ཡིན་པ། 

རྩོམ་རིག་ནི་རྩོམ་པ་པོའི་ཡིད་ལ་ཅི་ཡང་འཆར་དུ་མེད་པར་སོར་མོ་ཁོ་ནའི་འདུ་བྱེད་ལ་བརྟེན་ནས་བྱུང་བ་མིན་པར། དེ་ལ་རྩོམ་པ་པོའི་ཡིད་ཀྱི་དུངས་པ་ཆུ་ལ་ཆུ་བཞག་གི་ཚུལ་དུ་འདྲེས་ནས་ཡོད། ལྷག་པརརང་ཁྱིམལྟ་བུ་ཁ་བྱང་གཅིག་པུའི་ཐོག་ནས་ཀྱང༌། ཁྱིམ་ལ་ཞེན་པའི་དུངས་པ་ཡིད་ཀྱི་སྲུབས་ནས་བྱུང་བ་ཞིག་ཡིན་པ་སྤྱིར་ཚོད་དཔག་བྱ་ཐུབ་པ་ཡིན། འོན་ཏེདུངས་པགཅིག་པུ་ཚིག་གི་ངོ་རིས་ཙམ་ལ་བརྟེན་ཏེ་ཤར་མར་དགོད་ན། ཀློག་པ་པོ་ཚོརདུངས་པདེ་ཉིད་བཅོས་མ་དང་ཟོག་ཟོབ་ཅིག་ཡིན་པའི་སྣང་བ་སྟེར་བ་ལས། དོན་ངོ་མའི་ལྷད་མེད་ཀྱིདུངས་པདེ་ཉིད་ཕྱིར་མངོན་མི་ཐུབ། རྒྱའི་རྩོམ་པ་པོ་ཅང་ཙིན་ཆིས(江曾琦)“དུངས་པ་མཚོན་པར་ཚོད་འཛིན་མ་བྱས་ན། སྐྱོ་སྣང་རིང་ལུགས་ཙམ་ལ་འགྲོ་བས། ངས་བལྟས་ན་སྐྱོ་སྣང་རིང་ལུགས་ནི་ལྷུག་རྩོམ་གྱི་དགྲ་ཆེན་ཞིག་ཡིནཅེས་དང༌། མཐའ་དཔྱོད་ཀྱི་གཤག་དཔྱདཅེས་པའི་ནང་དུའངསྙན་ངག་ནི་གཙོ་བོ་ཚིག་གི་འགྱུར་བ་དང་འདེགས་འཇོག་ཐོག་ནས་མངོན་དགོས་ལ། ལྷུག་རྩོམ་ནི་གཙོ་བོ་ཚིག་དོན་ཐོག་ནས་དེ་ཡི་སྒྱུ་རྩལ་མངོན་པར་འདེགས་དགོསཞེས་གསུངས་པ་ལྟར། རང་ཁྱིམལ་རྗོད་བྱེད་ཚིག་གི་སྒྱུ་རྩལ་རྨད་དུ་བྱུང་བ་ཞིག་ཡོད་ཅིང༌། ལྷག་པར་དེ་ཉིད་བཅོས་མིན་གྱི་དུངས་པ་ཞིག་གི་ཕྱོགས་སུ་འདྲེན་མཁན་ནི། བབ་ཆགས་ཤིང་ཀུན་ལ་འདྲིས་ཆ་ཆེ་བའི་ཚིག་དོན་གྱི་ཆ་དག་ཡིན། རྩོམ་པ་པོས་ཚིག་དོན་གྱི་ཆ་རེའི་འོག་ན་དུངས་པ་རེ་གབ་སྦས་བྱས་ཏེ། ཀློག་པ་པོར་དུངས་པ་དེ་ཉིད་བཙལ་འཚོལ་དང་མྱོང་རོལ་བྱ་རུ་འཇུག་པས། དོན་དུ་དུངས་པ་དེ་ཉིད་བཙལ་འཚོལ་དང་མྱོང་རོལ་བྱེད་པ་དེ་ཡང་སྒྱུ་རྩལ་ལ་བཙལ་འཚོལ་དང་མྱོང་རོལ་བྱེད་པའི་བརྒྱུད་རིམ་ཡིན། དེ་ལས་ལྡོག་སྟེ་དུངས་པ་དེ་ཉིད་མངོན་དུ་བསྟན་ཐོགདེ་ཡི་འོག་ཏུ་དོན་རེ་གབ་སྦས་བྱས་ཏེ།   ཀློག་པ་པོར་དོན་དེ་བཙལ་འཚོལ་བྱ་རུ་བཅུག་ན། དེ་ནི་སྒྱུ་རྩལ་ལ་མྱོང་རོལ་བྱས་པ་མ་ཡིན་པར། ཀློག་པ་པོའི་བློ་ཁམས་དེ་མཚན་ཉིད་རིག་པ་དང་མི་ཆོས་ཚན་རིག་ཕྱོགས་སུ་བསྐོར་བ་ཡིན་སྟབས། དེ་ནི་སྒྱུ་རྩལ་དང་སྒྱུ་རྩལ་པ་ཞིག་གིས་དང་དུ་བླང་བྱའི་གནད་དོན་གཙོ་བོ་ཞིག་མིན་པར་སེམས། རང་ཁྱིམནང་མིག་མཐོང་ལག་ཟིན་དུ་གྱུར་པའི་དོན་རེའི་འོག་ཏུ་ཡིད་ཀྱི་དུངས་པ་རེ་གབ་སྦས་བྱས་ཡོད་པས། ཀློག་པ་པོ་ཚོས་བསམ་གཞིག་དང་མྱོང་རོལ་བྱེད་པ་དེ་ཡང་དེ་དག་ལས་འཕྲོས་པའི་དུངས་པ་ཡིན་པས། དོན་དུ་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་ལ་འདྲེན་པར་བྱས་པ་སྟེ། ཁྱོད་ཀྱིས་ངལ་དུབ་དང་སུན་སྣང་རྒྱབ་གང་ཁུར་འོངས་ཏེ། རང་ཁྱིམ་གྱི་སྒོ་དྲུང་དུ་ལྗིད་ལྟིག་གེར་དབོར་ཆོག་ལ། གསོལ་ཇ་ཚ་མོ་ཕོར་བ་གང་འཐུང་བའི་ཞར་ལ་དེ་རིང་གི་བྱུང་བ་ཐམས་ཅད་ལྷག་མེད་ཐེངས་ཤིག་བརྗོད་ཚེ། མིག་ཟུར་གྱིས་གོས་པའི་མནོལ་གྲིབ་ཡོད་ཚད་རང་ཤུགས་སུ་སངས་ཏེ་འགྲོ་ཞིང༌། ཚིག་ཟུར་གྱིས་བཟོས་པའི་རྨ་ཁ་ཡོད་ཚད་རང་ཤུགས་ཀྱིས་སོས་ཏེ་འགྲོལྟ་བུར་མཚོན་ན། རྩོམ་པ་པོ་གང་ཉིད་ལས་ཁུངས་སམ་གནས་གང་རུང་ཞིག་ཏུ་ཡིད་མི་སྐྱིད་པའི་བྱ་བ་ཞིག་དང་ཕྲད་རྗེས། ཁྱིམ་དུ་འབྱོར་ཚེ་ཁོག་ཏུ་ཡོད་པའི་སྐྱོ་ངལ་དེ་དག་སྦ་གསང་མེད་པར་ནང་མིར་སྨྲས་པས། ད་གཟོད་སེམས་ཞི་བར་སོང་བ་དེ་རྒྱན་སྤྲོས་ཅི་ཡང་མེད་པར་ཧ་ཅང་བབ་ཆགས་ཀྱི་ངང་ནས་བརྗོད་ཡོད་མོད། དོན་དེའི་འོག་ཏུ་སྦས་པའི་དུངས་པ་ནི་ཀུན་གྱིས་ཧ་གོ་དོན་རྟོགས་ཉིད་དུ་ཚོར་ཐུབ་པ་སྟེ། རང་ཁྱིམ་ནི་རང་སེམས་གསོ་སའི་བསྟི་གནས་དང་རང་ལུས་གསོ་སའི་འབོལ་ཁྲི་ལྟ་བུ་ཡིན་པས། རང་ཁྱིམ་ཡོད་ན་ཅི་ལའང་སྐྲག་མི་དགོས་ཤིང༌། རྩོམ་པ་པོའི་དོན་དག་དེ་ཡང་ཏག་ཏག་ཀློག་པ་པོ་ཚོ་བརྒྱུད་མྱོང་བའི་གོ་རིམ་ཞིག་ཀྱང་ཡིན་ངེས་སྟབས། རྩོམ་དུ་ཡོད་པའི་དོན་དག་ཕྲ་ཞིབ་དེ་དག་ནི་ཀློག་པ་པོའི་གཟུགས་བརྙན་འཆར་བའི་མེ་ལོང་ལྟ་བུར་སོང་བས། རྟོག་མཐུན་ནམ་ཉམས་འུར་གྱི་རྣམ་པ་ཞིག་ཏུ་གྲུབ་འགྲོ། དུངས་པའི་ཆེ་ཆུང་ནི་སེམས་ཀྱི་ཚོར་བ་སྐྱེན་བུལ་གྱི་དབང་དུ་འགྲོ་བ་ཞིག་ཡིན་མོད། ཕྲ་ཞིབ་ཀྱི་བྱ་བ་ཕྲན་ཚེགས་དེ་དག་ནི་སེམས་ཀྱི་ཚོར་བ་སྐྱེན་བུལ་གྱི་དབང་དུ་མི་འགྲོ་བའི་ཚུལ་ཚང་མ་རྟག་ཏུ་འཕྲད་པའི་ཕྱིར།   དེས་ན་དུངས་པ་གཅིག་པུ་མཚོན་པར་ཚོད་འཛིན་གྱིས་ཚང་མར་འཕྲད་ངེས་ཡིན་པའི་བྱ་བ་ཕྲན་ཚེགས་དེ་དག་བཀོད་འབྲིའི་འོག   སེམས་ཀྱི་དུངས་པ་ཟད་མེད་བསླང་རྒྱུ་དེ་ནིརང་ཁྱིམཞེས་པའི་ལྷུག་རྩོམ་དེའི་སྒྱུ་རྩལ་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྲུབ་ནས་ཡོད། ། 
    
མདོར་ན་རྩོམ་པ་པོ་འཇུ་སྐལ་བཟང་གིརང་ཁྱིམདེར་རྒྱུན་དུ་འཕྲད་ཐེངས་མང་ཞིང་།   གཡོ་ལྷད་བསྲེས་ཐབས་མེད་པའི་བྱ་བ་ཕྲན་ཚེགས་དེ་དག་ལ་བརྟེན་ཏེ།    ཀློག་པ་པོའི་ཡིད་ཀྱི་སྲུབས་སུ་ཡུན་རིང་བསྐུངས་ཤིང་།   འབྲལ་ཐབས་མེད་པའི་དུངས་པ་དེ་དག་ཅོང་བཞིན་དྲན་སྐུལ་གནང་བས།   རང་ཅག སླར་ཡང་ཁྱིམ་དུ་ལོགསྟེ་ཅི་ཞིག་བྱེད་དགོས་ལ།      ཅི་ཡང་བྱེད་ནུས་ལྡན་པའི་སྤོབས་སེམས་ཤིག་ཀྱང་ངང་གིས་སྕོལ་གྱིས་འདུག

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060