བསྒྱུར་རྩོམ་མུ་ཏིག་ཕྲེང་མཛེས།
 
ངའི་འཇིག་རྟེན་ལྟ་བ།
སྤེལ་དུས། 2011-12-21    ཡོང་ཁུངས་།    རྩོམ་པ་པོ། ཨེ་དབྱིན་སི་ཐཱན་གྱིས་བརྩ་མས། དོན་གྲུབ་ཚེ་རིང་དང་བཀྲ་ཤིས་ལྷུན་གྲུབ་ཀྱིས་བསྒྱུར།
     འཆི་བ་ཐེངས་ཤིག་གང་ལྟར་ཀྱང་འབྱུང་ངེས་པའི་འུ་ཅག་འགྲོ་བ་མིའི་ལས་དབང་ནི་ཅི་འདྲའི་ཁྱད་མཚར་ཞིག་རེད་ཨང༌། ང་ཚོ་མི་སུ་ཡིན་རུང་འཇིག་རྟེན་འདིར་དུས་ཡུན་ཐུང་ངུ་ཞིག་ལ་མ་གཏོགས་སྡོད་དབང་མེད་ལ། དེའི་དམིགས་ཡུལ་ཅི་ཞིག་ཡིན་པ་སྐབས་རེར་ང་ཚོ་ལ་རང་ཚོད་ཀྱིས་དྲན་ཚོར་རེ་ཡོད་ཀྱང༌། དོན་དངོས་སུ་ཅི་ཡང་རྟོགས་ཀྱིན་མེད། འོན་ཀྱང་དེ་ལ་བསམ་མནོ་ཟབ་མོ་གཏོང་མི་དགོས། འཚོ་བ་དངོས་ལས་ང་ཚོས་གསལ་བར་ཤེས་ངེས་ཏེ། འགྲོ་བ་མི་སུ་ཡང་གཞན་གྱི་དོན་དུ་འཚོ་བ་ཡིན་ལ། དེ་ཡང་ཐོག་མར་ཁོ་ཚོའི་སྤྲོ་སྐྱིད་དང་བདེ་ཐང་ནི་ང་ཚོ་རང་ཉིད་ཀྱི་བདེ་སྐྱིད་ཡོངས་ལ་རག་ལས་པའི་མི་དེ་དག་དང༌། དེ་ནས་ང་ཚོས་ངོ་མི་ཤེས་པའི་མི་མང་བོ་ཞིག་ལ་རག་ལས་ཤིང༌། ཁོ་ཚོའི་ལས་དབང་ནི་སྙིང་རྗེའི་ཐག་པར་སྦྲེལ་ནས་ང་ཚོ་དང་འབྲེལ་བ་དམ་ཟབ་ཆགས་ཡོད། ཉིན་རེར་ཐེངས་མ་བརྒྱ་ཕྲག་གིས་རང་ཉིད་ལ་འདི་ལྟར་གསལ་འདེབས་བྱས་པ་ཡིན་ཏེ། ངའི་བསམ་བློའི་འཚོ་བ་དང་དངོས་པོའི་འཚོ་བ་ཐམས་ཅད་སྐྱེ་འགྲོ་གཞན་པའི་འཇིག་རྟེན་དཀར་ངོགས་ན་ཡོད་མེད་གཉིས་ཀ་འདུངལ་རྩོལ་ལ་བརྟེན་པ་ཡིན་ཅིང༌། ངས་ཀྱང་རང་ནུས་ཅི་ལྕོགས་ཀྱི་སྒོ་ནས་རང་ཉིད་ཀྱིས་ཉམས་སུ་མྱངས་ཟིན་པ་དང་ད་རུང་ཉམས་སུ་མྱོང་བཞིན་པའི་དངོས་པོ་དེ་དག་ལ་གྲངས་ཚད་འདྲ་མཉམ་གྱི་སྐྱིན་པ་འཇལ་དགོས་ཡོད། ངས་འཚོ་བ་ངན་ངོན་ལ་རེ་འདོད་ཆེན་པོ་བྱེད་ཀྱིན་འདུག ངས་བསམས་ན་གྲལ་རིམ་གྱི་དབྱེ་བ་ནི་དོན་དང་མཐུན་པ་མ་ཡིན་ཏེ། དེའི་ཆེས་མཐའ་མཇུག་གི་ཁ་གཡར་ས་ཐམས་ཅད་དྲག་ཤུགས་ཡིན་འདུག ད་རུང་ཟས་གོས་ངན་ངོན་ལ་རོལ་ཚེ་ང་ཚོ་མི་སུ་ཡིན་རུང་སོ་སོའི་ལུས་ཕུང་དང་སེམས་ཁམས་གང་ལ་ཡང་ཕན་པར་ང་ལ་ཡིད་ཆེས་ཡོད།
     
ང་སྐྱེ་འགྲོ་ཀུན་ལ་མཚན་ཉིད་རིག་པར་བཞེད་པའི་དོན་གྱི་རང་དབང་ཡོད་པར་ཡིད་ཆེས་རྩ་བ་ནས་མེད། མི་སོ་སོའི་བྱ་སྤྱོད་ཀུན་ཕྱི་རོལ་གྱི་གནོན་ཤུགས་དང་འབྲེལ་བ་ཡོད་པར་མ་ཟད། ད་དུང་རང་སེམས་ཀྱི་འདོད་པ་ལ་མཐུན་པོ་ཡོང་དགོས་པ་ཡིན། ཧྲུའུ་པེན་ཧཱརལགས་ནསམིས་རང་ཉིད་ཀྱིས་ལས་སྙམ་པ་ལས་སུ་རུང་མོད། འོན་ཀྱང་དྲན་པ་མཐའ་དག་འདོད་ཐོག་ཏུ་མི་ཡོངཞེས་གསུངས་ཡོད་དེ། ང་ལ་མཚོན་ན་ལོ་ན་གཞོན་དུས་ནས་བཟུང་གསུང་ལུང་འདི་མན་ངག་ཡང་དག་ཅིག་ཏུ་ངོས་བཟུང་ལ། རང་ཉིད་དང་ཡང་ན་གཞན་པ་རྣམས་འཚོ་བའི་དཀའ་ཁག་ལ་གདོང་གཏོད་དུས།   དེས་ང་ལ་དབུགས་དབྱུང་ཡང་ཡང་གནང་བྱུང་བའི་མི་ཚད། དུས་ནམ་ཡིན་རུང་ངའི་བཟོད་སྒོམ་གྱི་སྟོབས་ཤུགས་སུ་གྱུར་ཡོད།    བློ་གཤོག་ཆེན་པོ་འདིས་སྐྱེ་འགྲོ་ཀུན་ལ་ཕངས་སེམས་སྤྲོད་པའི་འོས་འགན་དེའི་གནོན་ཤུགས་ཆུང་ངུར་གཏོང་ཐུབ་ལ། ད་དུང་ང་ཚོས་རང་ཉིད་དང་གཞན་པའི་ཐོབ་ཤོར་ལ་ཚད་ལས་འགོངས་པའི་ནན་ཏན་བྱེད་པར་བཀག་འགོག་བྱེད་ཐུབ། དེར་མ་ཟད་ཁ་མཚར་དགོད་རྩེད་ལའང་གོ་ས་འོས་འཚམ་སྤྲོད་པའི་མི་ཚེའི་ལྟ་ཚུལ་ཆགས་པར་བྱེད། 
     
མི་རང་ཉིད་དང་སྐྱེ་འགྲོ་ཀུན་གྱི་འཚོ་བའི་སྙིང་བོ་དང་དམིགས་ཡུལ་ལ་འཚོལ་ཞིབ་བྱེད་པ་ནི། དོན་དུ་བདག་གིས་ཧ་ཅང་དགོད་བྲོ་བ་ཞིག་རེད་འདོད་ཀྱིན་ཡོད། འོན་ཀྱང་མི་སོ་སོ་ལ་རང་རང་གི་ཕུགས་བསམ་ཡོད་པ་དང༌། ཕུགས་བསམ་དེའི་རིགས་ཀྱིས་ཁོ་ཚོའི་ཧུར་བརྩོན་དང་རིན་ཐང་ཚོད་དཔག་གི་ཁ་ཕྱོགས་གཏན་ལ་ཕབ་ཡོད། འདི་འདྲའི་ནང་དོན་སྟེང་སྨྲས་པ་ཡིན་ན། ངས་སྤྲོ་སྐྱིད་ལ་ཆགས་པ་དང་དགའ་མགུར་རོལ་པ་ནི་མི་ཚེ་ཡི་དམིགས་ཡུལ་ཏག་ཏག་རེད་ཅེས་རྩ་བ་ནས་འདོད་ཀྱིན་མེད། ངས་མི་ཆོས་བསམ་སྤྱོད་འདི་རིགས་ལཕག་རའི་ཕུགས་བསམཞེས་བརྗོད་པ་ཡིན།  བདག་གི་ཕུགས་བསམ་ནི་དེ་སྔ་ནས་བདེན་དགེ་མཛེས་གསུམ་ལ་འཚོལ་སྙེག་བྱེད་པ་དེ་ཡིན་ལ། དེ་དག་གིས་ངའི་མི་ཚེ་བགྲོད་ལམ་ལ་འོད་སྣང་སྤྲོ་བར་མ་ཟད། དུས་རྟག་ཏུ་ང་ལ་སྤོབས་སེམས་གསར་བ་སྤྲད་ནས་སེམས་ཤུགས་ཚ་ངར་གྱིས་འཚོ་བ་ལ་གདོང་གཏོད་དུ་འཇུག གལ་ཏེ་བློ་མཐུན་སེམས་མཐུན་བར་གྱི་བརྩེ་བ་ཟབ་མོ་དེ་འདྲ་མེད་པ་ཡིན་ན། གལ་ཏེ་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ཏེ། སྒྱུ་རྩལ་དང་ཚན་རིག་ལས་དོན་ཁྲོད་དུ་ནམ་ཡང་རྟོགསདཀའ་བའི་གནས་དེར་བློ་སེམས་རྩེ་གཅིག་གིས་ལྟ་རྟོག་བྱས་མེད་པ་ཡིན་ན། ངས་རང་གི་འཚོ་བར་དོན་སྙིང་ཅི་ཡང་མེད་པར་འདོད། སྐྱེ་འགྲོ་ཁ་ཤས་ཀྱིས་ཧུར་ཐག་འབད་བརྩོན་གྱིས་འཚོལ་སྙེག་བྱེད་པའི་སྤྱིར་བཏང་གི་དམིགས་འབེན་ཏེ། འབྱོར་ཕྱུག་དང་ཕྱིའི་རྣམ་པའི་རྒྱལ་ཁ། འཚོ་བ་འབེལ་པོ་དག་ནི་ངས་ནམ་ཡང་ཐ་ཤལ་གྱི་རིགས་ཡིན་པར་སྙམ་མོ།    ། 
     
ང་ལ་སྤྱི་ཚོགས་བདེན་དོན་དང་སྤྱི་ཚོགས་འོས་འགན་སྲུང་བའི་བློ་ཤུགས་ཆེན་པོ་ལྡན། ཡིན་ནའང་མི་གཞན་པ་དང་སྤྱི་ཚོགས་ལ་ཐད་ཀར་གྱི་འབྲེལ་འདྲེས་ཉུང་བས། འདི་གཉིས་བར་ལ་ཧ་ཅང་མི་འཚམ་པའི་བར་ཐག་ཆེན་པོ་ཞིག་ཡོད་འདུག དེ་བས། ང་ནི་དོན་དུཁེར་རྐྱང་གི་འགྲུལ་པཞིག་ཡིན་ཏེ། བློ་གཅིག་སེམས་གཅིག་གིས་རང་གི་རྒྱལ་ཁབ་དང་རང་གི་ཕ་ཡུལ། རང་གི་གྲོགས་པོ། ཐ་ན་རང་གི་ཕ་མ་སྤུན་མཆེད་ལའང་དབང་མྱོང་མེད་ཅིང༌། འབྲེལ་བ་འདི་དག་ལ་ངས་ནམ་ཡང་བར་ཐག་ངེས་ཅན་ཞིག་བཟུང་ཡོད་པའི་མི་ཚད། ཁེར་རྐྱང་གིས་འཚོ་བ་སྲུང་བའི་དགོས་པ་འདུག་ལ། ཚོར་སྣང་གི་རླབས་འདི་ལོ་ཚོད་དང་བསྟུན་ནས་ཉིན་རེར་དྲག་ནས་དྲག་ཏུ་རྒྱས་བཞིན་ཡོད། མི་རྣམས་ཀྱིས་གསལ་བོར་ཚོར་ཏེ། རང་ཉིད་དང་མི་གཞན་བར་ཕན་ཚུན་ཆ་རྒྱུས་ཡོད་པ་དང་འཆམ་མཐུན་བྱུང་བ་ལ་ཚད་བཀག་ཡོད་ནའང༌། འདི་ལ་སེམས་ཕངས་དོན་ཡེ་ནས་མེད་དེ། སྐྱེ་བོ་འདི་དག་གིས་ཁོ་ཚོའི་བྱིས་བློ་ལྷད་མེད་དང་སེམས་ཁྲལ་ཅི་ཡང་མེད་པའི་བག་ཡངས་ཀྱི་སེམས་གཤིས་ཁ་ཤས་བོར་སྟོར་བྱེད་སྲིད་པ་སྨོས་མེད་ཡིན་ཀྱང༌། ཕྱོགས་གཞན་ཞིག་ནས་ཁོ་ཚོ་ལ་གཞན་པའི་བསམ་འཆར་དང་གོམས་གཤིས། བརྡར་ཤ་གཅོད་པའི་ནུས་ཤུགས་སོགས་ཀྱི་ཤན་ཤུགས་ཐེབས་དཀའ་བར་མ་ཟད། རང་སེམས་ཀྱི་བབ་བརླིང་དེ་དོན་མེད་བརྟན་ཆགས་མིན་པའི་བསླུ་བྲིད་ལ་ཚུད་པའི་རྣམ་པར་འགོག་སྲུང་ནན་མོ་བྱེད་ཐུབ། ངའི་ཆབ་སྲིད་ཀྱི་ཕུགས་བསམ་ནི་དམངས་གཙོ་རིང་ལུགས་ཡིན་ལ། སྐྱེ་འགྲོ་སོ་སོ་ལ་མི་ཡིན་པའི་ཆ་ནས་རྩིས་མཐོང་བྱེད་དགོས་མོད། འོན་ཀྱང་མི་སུ་ཡང་དད་པ་བྱ་ཡུལ་དུ་འགྱུར་མི་རུང༌། རང་ཉིད་ལ་ཡང་སྐྱེ་འགྲོ་མང་བོས་ཚད་ལས་འགོངས་པའི་བསྟོད་བསྔགས་དང་བརྩི་བཀུར་བྱེད་མོད། འདི་ནི་ངའི་ནོར་འཁྲུལ་གྱི་རྐྱེན་མ་ཡིན་ལ། རང་གི་བྱས་རྗེས་ཀྱི་ཐོབ་འབྲས་ཀྱང་མིན་ཏེ། དེ་ནི་དོན་དངོས་སུ་ལས་དབང་ཞིག་གི་ཀུ་རེ་ཡིན་འདུག རྒྱུ་མཚན་ནི་སྐྱེ་འགྲོ་ཀུན་ལ་ངས་རང་གི་ནུས་པ་ཆུང་ཆུང་བཀོལ་ཏེ་ཧུར་ཐག་གིས་བརྩོན་པ་བྱས་ནས་ཐོབ་པའི་ལྟ་གྲུབ་ཁ་ཤས་ལ་གོ་བ་ལོན་འདོད་པའི་རེ་འདོད་ཅིག་ཡོད་པར་ཡིན་ཤས་ཆེ་ལ། རེ་འདོད་དེ་མི་མང་བོ་ཞིག་ལ་ད་དུང་མངོན་འགྱུར་བྱུང་མི་འདུག ངས་ཡོངས་སུ་ཤེས་པ་ནི། ཚོགས་པ་ཞིག་གི་དམིགས་ཡུལ་འགྲུབ་དགོས་ན་ངེས་པར་དུ་སྐྱེ་བོ་ཞིག་གིས་བསམ་མནོ་གཏོང་དགོས་པ་དང༌། སྣེ་ཁྲིད་མཛད་ནས་འོས་འགན་མཐའ་དག་ཕྲག་ཏུ་ལེན་དགོས་སོ།    ། འོན་ཀྱང་མགོ་ཁྲིད་བྱ་ཡུལ་སྐྱེ་བོ་དག་ལ་བཙན་ཤུགས་བཀོལ་མི་རུང་སྟེ། ཁོ་ཚོ་ལ་རང་གི་མགོ་ཁྲིད་འདེམ་པའི་དབང་སྐལ་ཡོད་དགོས། ངས་བལྟས་ན་བཙན་ཤུགས་བཀོལ་བའི་སྒེར་དབང་ལམ་ལུགས་ནི་མྱུར་བ་མྱུར་དུ་རུལ་སུངས་སུ་འགྲོ་ངེས་ཏེ། རྒྱུ་མཚན་ནི་བཙན་ཤུགས་ཀྱིས་སྐྱེ་བོ་སྤྱོད་ངན་གང་ཞིག་རྒྱལ་པོའི་ཁྲི་ལ་དགོད་སྲིད་ཅིང༌། རྗེ་ངན་རྒྱལ་པོའི་གོ་ས་ནི་བླུན་པོ་དམུན་པས་རྒྱུད་འཛིན་བྱེད་ངེས་པ་ནི་སྲིད་པ་རྒན་པོའི་གཏམ་དཔེ་རུ་གྱུར་ཡོད་པར་ངས་འདོད་ཀྱིན་ཡོད། འདིའི་སྟབས་ཀྱིས་ངས་ཤུགས་ཆེན་པོས་ད་ལྟ་དབྱི་ཐ་ལི་དང་ཨུ་རུ་སུ་རུ་མཐོང་བའི་ལམ་ལུགས་དེའི་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད། 
    
བར་སྐབས་འདིའི་ཡོ་རོབ་གླིང་གི་རྣམ་པར་བལྟས་ན། དམངས་གཙོའི་ཐབས་ལམ་ལ་དོགས་པ་ཡོད་མོད། དེ་ནི་དམངས་གཙོའི་རྩ་དོན་རང་ལ་རག་ལས་པ་མ་ཡིན་པར། སྲིད་གཞུང་བརྟན་པོ་མིན་པ་དང་འདེམ་བསྐོའི་ཁྲོད་དུ་དེ་དང་འབྲེལ་མེད་ཀྱི་ཤན་ཐེབས་པའི་རྐྱེན་གྱིས་ཡིན་འདུག དེའི་ཕྱོགས་སུ་ཨ་མེ་རི་ཀས་བགྲོད་ལམ་ཡང་དག་ཅིག་རྙེད་འདུག་པར་ང་ལ་ཡིད་ཆེས་ཡོད། ཁོ་ཚོས་འགན་ཡུན་རིང་བའི་ཙུང་ཐུང(སྲིད་འཛིན)བདམས་ཐོན་བྱུང་བ་དང༌། གང་དེས་དབང་ཆ་འོས་འཚམ་སྤྱད་དེ་རང་གི་འགན་འཁྲི་ལག་ཏུ་བསྟར་དགོས། ཕྱོགས་གཞན་ནས་འཇར་མན་གྱི་ཆབ་སྲིད་ལམ་ལུགས་སུ་ནད་པ་དང་དབུལ་པོ་སྲུང་སྐྱོབ་བྱེད་པར་ཅུང་རྒྱ་ཆེན་པོས་གཏན་འཁེལ་མཛད་འདུག་པར་ངས་དོ་སྣང་བྱེད་ཀྱིན་ཡོད། མིའི་རིགས་ཀྱི་འཚོ་བའི་གྲལ་ཤར་ཆེན་པོ་ལས། ངས་ཆེས་རྩ་ཆེན་པོར་འདོད་པ་ནི་ཆབ་སྲིད་ལམ་ལུགས་ཀྱི་རྒྱལ་ཁབ་མིན་པར། གསར་གཏོད་རང་བཞིན་དང་དུངས་ཀ་ལྡན་པའི་སྐྱེ་བོ་སོ་སོ་སྟེ་མི་གཞི་ཡིན། མི་སྒེར་གྱིས་ད་གཟོད་ཁྱད་འཕགས་དང་དགེ་མཚན་ལྡན་པའི་དངོས་པོ་བསྐྲུན་ནུས་ལ། མང་ཚོགས་ཀྱི་བསམ་བློ་ནི་ད་དུང་ཞུན་ཐར་ཆོད་མེད་པར་མ་ཟད། ཚོར་སྣང་ཡང་རྣོན་པོ་མི་འདུག   སྐབས་རེར་ངས་མང་ཚོགས་འཚོ་བའི་ཁྲོད་ཀྱི་སྤྱོད་ངན་གང་ཞིག་ཡིད་ལ་དྲནའོངས་ཏེ། དེ་ནི་སྐྱུག་བྲོ་བའི་དམག་དོན་ལམ་ལུགས་ཡིན། སྐྱེ་བོ་གང་ཞིག་ང་རྒྱལ་གྱི་ཉམས་དང་བཅས་རོལ་དབྱངས་དང་བསྡེབས་ནས་གྲལ་བཞིའིདཔུང་སྡེའི་ཁྲོད་མདུན་དུ་བསྐྱོད་པ་འདི་ཁོ་ནས་ཀྱང་ངས་ཁོ་ལ་ཞེ་ནས་མཐོང་ཆུང་བྱེད་སྲིད། མི་དེའི་རིགས་ལ་མགོ་བོ་ཞིག་སྐྱེས་པ་ནི་ནོར་འཁྲུལ་ཁོ་ན་ཡིན་ཏེ། དོན་དངོས་སུ་སྒལ་ཚིགས་གཅིག་ཁོ་ནས་གང་དེའི་རེ་བ་ཡོད་ཚད་སྐོང་ཐུབ་པ་ཡིན། ཤེས་རིག་ལྡན་པའི་རྒྱལ་ཁབ་ཀྱི་ནག་ཉེས་ཆེན་པོ་འདིའི་རིགས་དུས་མྱུར་བ་མྱུར་དུ་མེད་པར་བཟོ་དགོས་ལ། བཀའ་ལས་བྱུང་བའི་དཔའ་བོའི་བྱ་སྤྱོད་དང༌། དོན་སྙིང་ཅི་ཡང་མེད་པའི་བཙན་སྤྱོད། གཞན་རྒྱལ་གཅེས་རིང་ལུགས་ཀྱི་ཁ་གཡར་ནས་སྐྱུག་བྲོ་བའི་རྩིང་སྤྱོད་དེ་དག་ལ་ང་སེམས་གཏིང་ནས་ཞེན་པ་ལོག་ཡོད། ངས་བལྟས་ན་གཡུལ་འཁྲུག་ནི་ཧ་ཅང་གིས་མི་རུང་བ་དང་སྤྱོད་པ་ཐ་ཤལ་དུ་རྩི་རྒྱུ་ཞིག་སྟེ། ང་རང་ནི་རལ་གྲིས་བརྒྱ་གཏུབ་སྟོང་གཏུབ་མྱོང་བ་ལས་ཀྱང་ལས་ངན་སྤྱོད་ངན་འདི་འདྲ་ལ་ཞུགས་འདོད་མེད། དེ་ལྟ་ནའང་ངས་འགྲོབ་མིའི་རིགས་ལ་རེ་བ་ཆེན་པོ་བཟུང་ཡོད་དེ། ཚོང་པ་དང་ཆབ་སྲིད་པ་ཚོས་སློབ་གྲྭའི་སློབ་གསོ་དང་གསར་འགྱུར་སྨྱན་བྱེད་བརྒྱུད་ནས་མི་དམངས་ཀྱི་རིག་པ་ཡང་དག་པོ་ལ་དྲི་མ་བསྒོས་པ་མིན་ན། གཡུལ་འཁྲུག་གི་བདུད་འདྲེ་འདི་ཉིད་དུས་སྔ་མོ་ནས་ཤུལ་མེད་དུ་སོང་ཡོད་དོ།    ། 
      
ང་ཚོ་ལ་སྐལ་བ་ལྡན་པའི་ཆེས་མཛེས་སྡུག་གི་མྱོང་བ་ནི་ལྐོག་གྱུར་འཚོལ་སྙེག་བྱེད་པ་སྟེ། དེ་ནི་དོན་དམ་པའི་སྒྱུ་རྩལ་དང་ཚན་རིག་མུ་མཐུད་དུ་གོང་སྤེལ་གཏོང་བའི་རྩ་བའི་མྱོང་བ་ཡིན། གལ་ཏེ་སྐྱེ་བོ་སུ་ཞིག་དེ་ལ་མྱོང་བ་མེད་པ་དང༌། དེ་རྟོག་འདོད་ཀྱི་སེམས་ཤུགས་ཆུང་བ། ད་དུང་དེ་ལས་ཡ་མཚན་པའི་ཚོར་སྣང་མི་འབྱུང་ན་ནི་བེམ་པོ་ཞིག་དང་གཉིས་སུ་མེད་ཅིང་མིག་ཕྱེད་ལྡོངས་པའི་གྲོགས་སུ་མཐུན། ལྐོག་གྱུར་གྱི་མྱོང་བ་དེ་ལ་ཞེད་སྣང་རིགས་ཤིག་ཀྱང་བསྲེས་པས་ཆོས་ལུགས་བྱ་བ་བྱུང་བའོ།    ། ང་ཚོས་ཀྱང་ངེད་ཅག་གིས་རྟོགས་མི་ནུས་པའི་དོན་དངོས་ཤིག་ཡོད་པར་ངོས་ཟིན་ཡོད་ལ། ཆེས་གདོད་མའི་རྣམ་པ་ཁོ་ནས་ང་ཚོའི་སེམས་དབུས་ཀྱི་ལྐོག་གྱུར་གྱི་རིག་པ་དང་ཆེས་བཀྲ་བའི་མཛེས་སྡུག་ལ་ཚོར་བས་མྱོང་ཞིང༌། དེ་ཡང་ངོས་ཟིན་འདི་དང་དུངས་ཀ་འདིས་ཡང་དག་པའི་ཆོས་ལུགས་ཀྱི་དད་སེམས་དེ་ཆགས་ལ། རྒྱུ་མཚན་འདི་དང་རྒྱུ་མཚན་འདི་ཁོ་ནའི་སྟེང་ང་ལ་ད་གཟོད་ལྷད་མེད་པའི་ཆོས་ལུགས་ཀྱི་དུངས་ཀ་བྱུང༌། རང་གིས་རང་ཉིད་ཀྱིས་གསར་དུ་བསྐྲུན་པའི་དངོས་པོ་ལ་བསྟོད་སྨད་བྱེད་པའི་ལྷ་དབང་ཞིག་ངས་ཡིད་ལ་དྲན་དཀའ་ཞིང༌། དེ་ལ་ང་ཚོས་རང་སྟེང་ནས་ཉམས་སུ་མྱོང་བའི་དེ་འདྲའི་སེམས་ཤུགས་ཤིག་ཡོད་པ་དེ་བས་ཀྱང་ཡིད་ལ་དྲན་དཀའ། ངས་སྐྱེ་བོ་ཞིག་གི་ལུས་པོར་འཆི་བ་ཐེབས་རུང་ད་དུང་མུ་མཐུད་དུ་གསོན་རྒྱུ་ཞིག་ཡོད་པ་ཡིད་ལ་དྲན་དཀའ་ཞིང་དྲན་འདོད་ཀྱང་མེད། སེམས་ཤུགས་ཆུང་བའི་སྐྱེ་བོ་དེ་དག་གིས་ཞེད་སྣང་དང་བདག་འཛིན་ཁྱད་པར་གྱི་དབང་གིས་དྲན་ཚུལ་འདི་རིན་ཆེན་དཀོན་མཆོག་ཏུ་རྩིས་ཤིག ང་ནི་ཚེ་སྲོག་གི་རྟག་བརྟན་གྱི་ལྐོག་གྱུར་རྟོག་འདོད་ཀྱི་རེ་བས་ཁེངས་ཤིང༌། ཕྱི་རོལ་འཇིག་རྟེན་གྱི་གྲུབ་གཞི་ཁྱད་མཚར་འདི་ཟུར་ཙམ་ཡང་མཐོང་ན་འདོད་པའི་རེ་བས་ཁེངས་ལ། དེ་བཞིན་ཧུར་ཐག་འབད་སེམས་ཀྱིས་རང་བྱུང་ཡུལ་ནས་མངོན་པའི་རིག་པའི་ཆ་ཤས་ཤིག་གི་གོ་བ་ལོན་འདོད་ཡོད་དེ། དོན་དུ་དེ་འདྲ་ཡིན་ཚེ་གོ་རྟོགས་ཕྲན་བུ་ཐོབ་པ་ཙམ་གྱིས་ཀྱང་ངའི་ཡིད་སེམས་སྤྲོ་བས་ཁེངས་སྲིད། 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060