སྣ་ཚོགས་མཐོང་ཐོས་མྱོང་གསུམ།
 
ཐག་རིང་གི་སྦྲ་ནག།
སྤེལ་དུས། 2011-12-22    ཡོང་ཁུངས་།    རྩོམ་པ་པོ།

རྩོམ་པ་པོ། བསྟན་པ་ཡར་རྒྱས། 
ཆེད་ཞུས་མགོ་འཛིན་པ། གུ་རུ་རྒྱ་མཚོ། 
ས་གནས། ལྷ་ས། 
དུས་ཚོད། 2010.5

   མགོ་འཛིན་པ། ཁྱེད་ནི་དུས་རབས་གོང་མའི་ལོ་རབས༨༠པ་ནས་བཟུང་རྩོམ་རིག་གསར་རྩོམ་གྱི་ལག་ལེན་དངོས་ལ་ཞུགས་མགོ་ཚུགས་པ་དང༌། ལོ་རབས༩༠པའི་དུས་དཀྱིལ་དུ་རང་གི་སྒྲུང་ཐུང་ཕྱོགས་བསྒྲིགསབྱང་ཐང་གི་མཛེས་ལྗོངསཞེས་པ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་མིག་ལམ་དུ་བསྟར། དུས་རབས༢༡པའི་དུས་མགོར་སྒྲུང་རིང་ཐོག་མཐག་རིང་གི་སྦྲ་ནགཅེས་པ་དངོས་སུ་པར་སྐྲུན་བྱས་ཏེ་སྤྱི་ཚོགས་སྟེང་དུ་བཀྲམས། དེའི་ཕྱིར་ཁྱེད་ལ་མཚོན་ན་ལོ་རབས་གསུམ་བརྒྱུད་མྱོང་བའི་སྒྲུང་གཏམ་པ་ཞིག་ཡིན་པས། རང་གི་གསར་རྩོམ་གྱི་ཉམས་མྱོང་དང་ལྟ་ཚུལ། འགྱུར་ལྡོག་བཅས་ཀྱི་གནས་ཚུལ་སྐོར་ཅུང་ཟད་གླེང་ན་ག་འདྲ་རེད། 
    
བསྟན་པ་ཡར་རྒྱས། སྒྲུང་གཏམ་གསར་རྩོམ་གྱི་བྱ་བ་དོན་དུ་གཉེར་ནས་ད་བར་ང་ལ་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད། ཐོག་མར་གསར་རྩོམ་ལ་ཞུགས་པའི་སྐབས་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག(ཕལ་ཆེ་བ་ནི་རང་མོས་སྙན་ངག་ཡིན)སོགས་བྲིས་མྱོང་ཡང༌། ཕལ་ཆེར་དུས་རབས་གོང་མའི་ལོ་རབས༩༠པའི་མགོ་ཙམ་ནས་རང་གིས་དེ་སྔར་བྲིས་ཟིན་པའི་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག་བཅས་ལ་རང་གིས་ཕྱོགས་སྡོམ་བྱས་པ་ན། རང་གི་སྒྲུང་གཏམ་ལ་ཐོབ་པའི་གྲུབ་འབྲས་དང་དེའི་སྤུས་ཚད་དེ་བརྩམས་ཆོས་གཞན་དག་ལས་ཅུང་ལེགས་པའི་ཚོར་སྣང་དྲག་པོ་ཞིག་དང་ལྷན་དུ། དམངས་སྲོལ་རིག་པའི་ཞིབ་འཇུག་གི་མགོ་ཡང་བརྩམས་པས། ཕྱིས་སུ་གསར་རྩོམ་གྱི་ཐད་སྒྲུང་གཏམ་གཙོ་བོར་བཟུང་བ་དང༌། ཞར་དུ་བོད་བྱང་ཕྱོགས་ཀྱི་འབྲོག་ལས་དམངས་སྲོལ་འཚོལ་སྡུད་དང་ཞིབ་འཇུག་བྱས་པ་ཡིན། ༡༩༩༥ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་བགྲང་བྱ30ལོན་པའི་སྐབས་སུ་པར་སྐྲུན་བྱས་པའི་བོད་ཀྱི་རྩོམ་རིག་དཔེ་ཚོགས་ཀྱི་ནང་དུ་ངའི་སྒྲུང་གཏམ་ཕྱོགས་བསྒྲིགསབྱང་ཐང་གི་མཛེས་ལྗོངསཞེས་པ་དེ་ཡོད། ཕྱོགས་བསྒྲིགས་དེའི་ནང་དུ་རང་གི་སྒྲུང་གཏམ་ཅུང་ལེགས་པ་རྣམས་མ་གཏོགས་སྒྲུང་གཏམ་གྱི་ལུས་སུ་ལོངས་པ་ཡོངས་རྫོགས་བསྡུས་མེད། ངས་བལྟས་ནབྱང་ཐང་གི་མཛེས་ལྗོངསཞེས་པ་དེ་ནི་ང་ལ་རྩོམ་རིག་གསར་རྩོམ་ཐད་ཐོབ་པའི་ཐོག་མའི་གྲུབ་འབྲས་ཏེ། གང་ལགས་ཤེ་ན། སྒྲུང་གཏམ་ཕྱོགས་བསྒྲིགས་དེས་བོད་ཀྱི་སྤྱི་ཚོགས་ཐོག་བག་ཆགས་ངེས་ཅན་ཞིག་བཞག་འདུག དེའི་ཕྱི་ལོར་བོད་ཀྱི་རྩོམ་རིག་ལ་ཞིབ་འཇུག་གནང་མཁན་ཨ་རིའི་མཁྱེན་ལྡན་མ་ཞིག་ལྷ་སར་བསླེབས་ཏེ་ཉིན་ཕྱེད་ཙམ་ལ་བོད་ཀྱི་རྩོམ་རིག་སྐོར་གྱི་གླེང་མོལ་བྱས་བྱུང༌། མོས་ངའི་རྩོམ་རིག་གི་ལྟ་བ་དང་མི་ཚེའི་ལྟ་བ། རང་ཉིད་བརྒྱུད་མྱོང་བའི་བྱ་དངོས། ད་དུང་གསར་རྩོམ་གྱི་ལས་ལ་ཇི་ལྟར་ཞུགས་པའི་སྐོར་སོགས་རྒྱུས་ལོན་ཞིབ་མོ་བྱས་སོང་ལ། མཐུད་ནས་ད་བར་ངས་བོད་ཡིག་གི་དེང་རབས་རྩོམ་རིག་ལ་དོ་སྣང་བྱས་ནས་སྒྲུང་གཏམ་མང་བོ་ཞིག་ལ་ལྟ་ཀློག་བྱས་པ་ཡིན། ངའི་ལྟ་སྟངས་ལྟར་ན་སྒྲུང་གཏམ་དེ་དག་གི་ཁྲོད་དུ་རྩེར་སོན་པ་ནི་དོན་གྲུབ་རྒྱལ་གྱི་སད་ཀྱིས་བཅོམ་པའི་མེ་ཏོགཅེས་པ་རེད།  གཞི་ངས་བལྟས་མ་མྱོང་བའི་སྒྲུང་གཏམ་སྤུས་ལེགས་མང་བོ་ཡོད་སྲིདཟེར། དཔལ་འབྱོར་ལགས་ཀྱིགཙུག་གཡུདང་བཀྲ་ཤིས་དཔལ་ལྡན་གྱིཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེསལྟ་བུ་ནི་མོས་མ་བཀླགས་པ་ཡིན་སྲིད། སྐབས་དེ་དུས་དབང་རྡོར་ལགས་ཀྱིབཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུདད་རུང་ཐོན་མེད། ནུབ་ཕྱོགས་ཀྱི་མི་དང་རང་རེ་ཤར་ཕྱོགས་ཀྱི་མི་ཡི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་མང་བོ་འདྲ་ཡང༌། མི་འདྲ་བའི་ཕྱོགས་ཀྱང་མང་བོ་ཡོད་སྲིད་པས།  མོས་གསུངས་པ་དེས་རྒྱ་ཆེའི་ཀློག་པ་པོ་ཡོངས་ཀྱི་ཚབ་བྱེད་མི་ཐུབ་ཀྱང༌། ང་ལ་སྐུལ་ལྕག་ཚད་མེད་ཐེབས་ཏེ་ལོ་དེའི་ནང་དུ་ངས་སྒྲུང་གཏམ་འབྲིང་བལྷབ་ལྷུབ་ཏུ་འཕུར་བའི་ཤོག་བྱཞེས་པ་ཞིག་དང༌། རྩྭ་ཐང་གི་དབུས་ནས་གངས་རི་གཅིག་འཕགསཞེས་པ་གཉིས་ལེགས་འགྲུབ་བྱུང་ལ། ཐག་རིང་གི་སྦྲ་ནགཅེས་པ་ཡང་ལོ་དེར་འབྲི་མགོ་བརྩམས། 
   
དེས་ན་ཡར་སྔོན་སྣ་མང་གཉེར་སྐྱོང་བྱེད་པའི་རྩོམ་པ་པོ་ཞིག་ནས། ད་ལྟ་སྒྲུང་གཏམ་སྒེར་གཉེར་གྱི་ཁྱིམ་དུད་ཅིག་ཏུ་ཆགས་པ་དེ། ཕལ་ཆེར་ངའི་རྩོམ་རིག་གི་ལམ་བུའི་སྟེང་གི་འགྱུར་ལྡོག་ཆེ་ཤོས་དེ་ཡིན་སྲིད། ཞོར་ལས་གཙོ་བོ་ནི་དམངས་སྲོལ་ཞིབ་འཇུག་བྱེད་པ་དེ་ཡིན། 
   
མགོ་འཛིན་པ། ཁྱེད་ཀྱི་ངོས་ཐད་ནས་བཤད་ན། ཐོག་མར་སློབ་མ་དང་དེ་ནས་སྤྱི་ཚོགས་ཀྱི་ལག་ལེན་དངོས་ལ་ཞུགས་ཏེ། བོད་ཡིག་དང་རྒྱ་ཡིག་གི་དགེ་རྒན། སྲིད་འཛིན་ལས་ཀ རྩོམ་སྒྲིག་ལས་ཀ་བཅས་གཉེར་ནས་ཡུན་རིང་ཞིག་ཕྱིན་སོང༌། དེའི་རིང་རྩོམ་རིག་གསར་རྩོམ་གྱི་ལམ་ཁ་ནས་དཀའ་ལས་མང་བོ་ཞིག་ལ་འཕྲད་ཡོད་པའང་སྨོས་མ་དགོས་པ་ཞིག་རེད། དེའི་སྐབས་རྩོམ་རིག་གསར་རྩོམ་བསྐྱུར་ནས་གདམ་གསེས་གཞན་ཞིག་མི་བྱེད་པའི་རྒྱུ་མཚན་ཅི། 
 
བསྟན་པ་ཡར་རྒྱས། ངས་བལྟས་ན་མི་རང་ཉིད་དགའ་བོ་བྱེད་པའི་ལས་ཀ་དེ་མཐར་རང་ཉིད་ཀྱི་ཕུགས་བསམ་དུ་གྱུར་ལ་དེས་རང་གི་ལམ་སྣ་ཁྲིད་འགྲོ་བས་དེ་ནི་བསྒྱུར་ཐབས་མེད་པ་ཞིག་རེད།  རང་ཉིད་ཀྱི་ངོས་ནས་བཤད་ན་རྩོམ་རིག་གསར་རྩོམ་གྱི་བྱ་བ་དེ་ངའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། རྩོམ་རིག་གསར་རྩོམ་གྱི་བྱ་བ་དང་རྦད་དེ་བྲལ་རུང་ང་འཆི་མི་སྲིད་པ་བདེན་མོད། འོན་ཀྱང་མི་ཚེ་ལ་དོན་སྙིང་མེད་པའི་ངོས་འཛིན་མཆིས། དེ་ནི་དུ་འཐེན་པ་རྣམས་ཀྱིས་དུ་བའི་གནོད་སྐྱོན་མང་བོ་ཞིག་ཤེས་པར་མ་ཟད། དུ་སྒམ་གྱི་སྟེང་དུ་དུ་བ་འཐེན་ན་འབྱུང་ཁམས་ལ་གནོད་ཅེས་གསལ་བོར་བྲིས་སྣང་ཡང༌། ད་དུང་དུ་བ་འདི་ཞིམ་འདི་བཟང་ཟེར་བཞིན་རྔུབ་འཐེན་བྱེད་པ་དང་འདྲ་ལ། ཡང་ན་ཆང་འཐུང་བར་དགའ་བ་རྣམས་ཀྱིས་ཆང་གི་ཉེས་དམིགས་ཤེས་བཞིན་དུ་ཆང་འདི་ཞིམ་འདི་མངར་ཟེར་ནས་མགོ་ན་བ་དང་ཚོར་བ་མེད་པར་གྱུར་ཀྱང༌། མུ་མཐུད་དུ་འཐུང་བ་དེ་ཕལ་ཆེར་ཁོའི་འཚོ་བ་སྐྱེལ་སྟངས་ཤིག་ཏུ་ཆགས་ཡོད་པ་དང་ཀུན་ནས་མཚུངས། རྩོམ་རིག་གིས་མི་ལ་ཁ་ཚ་དགོས་གཏུགས་ཀྱི་ཟ་འཐུང་གི་ལོངས་སྤྱོད་སྟེར་མི་ཐུབ་ནའང༌། དེ་ནི་མི་རྣམས་ལ་དགོས་ངེས་ཀྱི་གྲུབ་ཆ་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས།   ཕྲུ་གུ་བཙས་མ་ཐག་གི་ཞོགས་སྐད་ཅེས་པའི་ངུ་སྐད་དེ་ནི་ཕ་མ་གཉིས་ལ་མི་ཚེ་གཅིག་གི་རིང་སྤྲོ་སྣང་སྟེར་ཐུབ་ཤོས་ཀྱི་ཐོག་མའི་སྙན་ངག་གི་གྱེར་འདོན་ཡིན། གལ་སྲིད་ངུ་སྐད་དེ་མེད་ན་ཕྲུ་གུ་དེ་བེམ་རོར་གྱུར་ཟིན་པས་ཕ་མ་གཉིས་ལ་སྡུག་བསྔལ་ལས་སྤྲོ་སྣང་ཞིག་ག་ལ་སྟེར་ཐུབ། འབྲོག་པའི་ཕྱུགས་རྫི་རྣམས་ཀྱིས་རི་སྟེང་དུ་སྐད་གསང་མཐོན་པོའི་ལ་གཞས་དབྱངས་རྟ་འཐེན་དོན་ཅི་ཡིན། མི་ལ་རས་པས་བྲག་ཁུང་ནང་དུ་གཅིག་པུར་མགུར་འཐེན་དོན་ཅི། རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོས་འདོད་དགུ་མ་ལུས་ཕུན་སུམ་ཚོགས་པའི་ཕོ་བྲང་གི་ནང་ནས་མགུར་གླུ་མཛད་དོན་ཅི། དེང་གི་ཆར་ཕྱི་གླིང་ཡུལ་གྱི་རྗེས་ལུས་ས་ཁུལ་གྱི་མི་རྒྱུད་ནག་པོའི་ཉམ་ཐག་པའི་འབངས་མི་དེ་དག ཟས་ཀྱིས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་ཁེབས་ཀྱང་གླུ་གར་གྱིས་ཕོངས་པ་མེད། དེར་བརྟེན་རྩོམ་རིག་སྒྱུ་རྩལ་ནི་མིའི་འཚོ་བའི་ནང་མེད་དུ་མི་རུང་བ་ཞིག་ཏུ་ཆགས་ཡོད་པ་ཡིན། 
   
མགོ་འཛིན་པ། ཁྱེད་ཀྱི་ཕ་ཡུལ་བོད་བྱང་ཐང་ས་ཆ་ཡིན་པ་དང༌། དེ་དང་འབྲེལ་ནས་ཁྱེད་ཀྱིས་རང་གི་ཕ་ཡུལ་གྱི་མི་རྣམས་ཀྱི་བསམ་པའི་འདུ་ཤེས་དང་དགའ་ཁ་འཁྱེར་ཕྱོགས་མཚོན་པའི་སྒྲུང་གཏམ་ཡང་མང་བོ་ཞིག་བྲིས་ཡོད་རྐྱེན། དེ་ནི་དམངས་ཁྲོད་ཀྱི་བཤད་རྒྱུན་གང་རུང་ཞིག་ལ་གཞི་བཅོལ་ནས་བརྩམས་པ་ཨེ་ཡིན། དེ་ལྟར་བྲི་དགོས་པའི་རྒྱུ་མཚན་ག་རེ་ཡིན། 
   
བསྟན་པ་ཡར་རྒྱས། ང་བོད་བྱང་ཐང་དུ་སྐྱེས་ཤིང་བྱང་ཐང་དུ་འཚར་ལོངས་བྱུང་བས། ཡུལ་གྱི་མཛེས་སྡུག་ལྡན་པའི་རི་ཆུ་དང༌། སྙན་འཇེབས་ལྡན་པའི་དམངས་ཁྲོད་ཀྱི་གླུ་གར། འཆར་ཡན་གྱིས་ཕྱུག་པའི་ལྷ་སྒྲུང་དང་ངག་རྒྱུན། དཀའ་སྡུག་བཟོད་བསྲན་ཐེག་པའི་འབྲོག་མི། སྙན་གྲགས་ཕྱོགས་བཅུར་ཁྱབ་པའི་དཔའ་བོའི་ལོ་རྒྱུས་སྙན་ངག་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང༌། ཁ་བ་གོས་སུ་བཀླུབས་པའི་བརྗིད་ཆགས་ཀྱི་གངས་རི། མ་རྒད་མདངས་སུ་འཛིན་པའི་རྩྭ་ཐང་གཡུ་ཡི་གཞོངས་པ། གཡང་དཀར་བལ་ལྡན་གྱི་ཁྱུ་ཚོགས། གནག་ཕྱུགས་འབྲི་གཡག་གི་ངུར་སྐད་སོགས་བོད་བྱང་ཐང་གི་སྣོད་བཅུད་མ་ལུས་ཀྱིས། ང་ལ་བསམ་པའི་འཆར་སྒོ་ཕུན་སུམ་ཚོགས་པ་བསྐྲུན་ནས་རང་དབང་མེད་པར་སྨྱུ་གུ་སྒུལ་དགོས་པའི་ཚད་དུ་བསླེབས་པ་དང༌། བོད་བྱང་ཐང་གི་འབྲོག་པ་མང་ཚོགས་ཀྱི་ཡོད་ཚད་ཀྱི་ཡོད་ཚད་ལ་ང་ཆ་རྒྱུས་ཤིན་ཏུ་ཆེ་བས། ངས་སྒྲུང་གཏམ་འབྲི་བའི་ཚེ་དཀའ་ངལ་གང་ཡང་མེད་པར་བརྗོད་འདོད་ཀྱི་སྐད་ཆ་ཀླད་པའི་ནང་ནས་འཛད་མཐའ་མེད་པར་བརྡོལ་འོངས་པ་དང༌། རྩོམ་འབྲིའི་བརྒྱུད་རིམ་ནང་ང་ལ་རྫོགས་མཐའ་མེད་པའི་བདེ་སྐྱིད་ཅིག་ལོངས་སུ་སྤྱོད་རྒྱུ་ཡོད། ཕ་ཡུལ་གྱི་ཕུན་སུམ་ཚོགས་པའི་དམངས་ཁྲོད་རྩོམ་རིག་དང་སྒྱུ་རྩལ་གྱིས། ཆུང་ངུའི་དུས་ནས་མི་མངོན་པའི་སྒོ་ནས་བསམ་པའི་འཆར་སྒོ་ཕུན་སུམ་ཚོགས་པ་ཞིག་ངའི་ཀླད་པའི་ནང་དུ་སིམ་འཛུལ་བྱས་ཡོད། ཡིན་ནའང་དངོས་སུ་རྩོམ་འབྲི་སྐབས་ཆེད་དུ་དམངས་ཁྲོད་རྩོམ་རིག་ལ་གཞི་བཅོལ་ནས་རྩོམ་ད་རུང་བྲིས་མེད། 
     
མགོ་འཛིན་པ།   ཁྱེད་ལ་མཚོན་ན་བོད་ཀྱི་ཆེས་ཐོག་མའི་དུས་དེབ། བོད་ཀྱི་རྩོམ་རིག་སྒྱུ་རྩལགྱི་རྩོམ་སྒྲིག་པ་དང༌། ཡང་ན་སྒྲུང་གཏམ་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། བོད་ཀྱི་དེང་རབས་སྒྲུང་གཏམ་ལ་གདེང་འཇོག་ཅིག་ཞུས་ན་ཅི་འདྲ་རེད།   ཁྱེད་ཀྱི་བརྩམས་ཆོས་ལ་གཞན་ལས་ཐུན་མོང་མ་ཡིན་པའི་བཟང་ཕྱོགས་དང་ཞན་ཆའི་རིགས་གང་དག་མཆིས། དེ་ལ་ནམ་རྒྱུན་མཉམ་འཇོག་བྱེད་ཀྱིན་ཨེ་ཡོད། 
   
བསྟན་པ་ཡར་རྒྱས། དུས་རབས་གོང་མའི་ལོ་རབས80པའི་མགོ་ཙམ་ནས། བོད་ཀྱི་རྩོམ་རིག་སྒྱུ་རྩལགཙོ་བོར་བྱས་པའི་བོད་ཡིག་གི་དུས་དེབ་མི་ཉུང་བ་ཞིག་གསར་འདོན་ཐུབ་པ་ནི། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་བཀྲ་ཤིས་པའི་དོན་ཆེན་ཞིག་རེད། དེ་ནི་རང་རེའི་ཏང་གི་མི་རིགས་སྲིད་ཇུས་ཀྱི་མཛད་ཕྱོགས་བཟང་བོའི་གྲུབ་འབྲས་དང༌། བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ཉི་མའི་འོད་སྟོང་གི་དྲོད་སྐྱིད་ཀྱི་འོག་ནས་འཚར་ལོངས་བྱུང་བའི་མེ་ཏོག་ཚོམ་བུ་ཞིག་ཀྱང་རེད། དེས་བོད་ཀྱི་རྩོམ་པ་པོའི་དཔུང་ཁག་ཅིག་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པར་བླ་ན་མེད་པའི་ཕན་འབྲས་ཐོན་ཡོད། བོད་ཀྱི་རྩོམ་པ་པོའི་དཔུང་ཁག་དེ་མེད་པ་ནས་ཡོད་པ་དང༌། ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་བྱུང་བ་ནི་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྱུར་པ་ལྟར་རོ།    ། རྩོམ་པ་པོའི་དཔུང་ཁག་གྲུབ་པ་དེས་བོད་ཡིག་གི་དེང་རབས་རྩོམ་རིག་གི་བརྩམས་ཆོས་ཆར་རྗེས་སྨྱུག་གསར་ལྟར་འཕེལ་རྒྱས་ཆེན་པོ་ཕྱིན་པ་རེད། དེར་མ་ཟད་བོད་ཡིག་གི་དེང་རབས་རྩོམ་རིག་དེ་སྤུན་ཟླ་མི་རིགས་གཞན་དང་བསྡུར་ནའང་ཧེ་བག་དེ་ཙམ་མེད་པར་རང་རྒྱལ་གྱི་རྩོམ་སྟེགས་སུ་གནས་བབ་ངེས་ཅན་བཟུང་ཡོད། འོན་ཀྱང་ཞན་ཆ་མེད་པའང་མ་ཡིན་ཏེ། ཞན་ཆ་གཙོ་བོ་ནི་རང་གི་ལྟ་སྟངས་ལྟར་བྱས་ན་སྒྲུང་གཏམ་རེ་འགའ་སྒྲུང་གཏམ་གྱི་ཁོངས་སུ་བཞག་ན་ལྷུག་རྩོམ་དང་འདྲ་ལ། ལྷུག་རྩོམ་གྱི་ཁོངས་སུ་བཞག་ན་སྒྲུང་གཏམ་དང་འདྲ་བ། བརྗོད་དོན་གསལ་བོ་མིན་པ། མི་སྣའི་རང་གཤིས་གསལ་བོ་མེད་པ། མི་སྣའི་སེམས་ཁམས་བཀོད་འབྲི་སྟབས་བདེ་བ། སྒྲུང་གི་བྱུང་རིམ་ཉོག་འཛིང་མི་རྫེབ། མི་སྣའི་ཕྱི་དབྱིབས་དང་རྒྱན་གོས་གསལ་བཤད་ལྟ་བུའི་ངོ་སྤྲོད་མང་བ། སྒྲུང་གི་བྱུང་རིམ་དང་འབྲེལ་བ་མེད་པའི་ཚིག་ཉོག་ཅི་འདོད་ཡོད་པ། དེ་ནི་བོད་ཡིག་གི་ལམ་ནས་འབྲི་གནང་མཛད་པའི་རྩོམ་པ་པོ་དེ་རྣམས་ཀྱིས་རྩོམ་རིག་སྒྱུ་རྩལ་གྱི་རྨང་གཞིའི་ཤེས་བྱ་དང་གཞུང་ལུགས་ཐད་སློབ་སྦྱོང་གཏིང་ཟབ་མ་བྱས་པ། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ཕུལ་བྱུང་རྩོམ་རིག་ལ་ལྟ་ཀློག་དང་དེའི་ལེགས་ཆ་སྡུད་ལེན་དང་སློབ་སྦྱོང་བྱེད་རྒྱུ་མ་འདང་བའི་དབང་གིས་རེད་སྙམ། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་ལ་ལྟ་ཀློག་དང༌། དེའི་ལེགས་ཆ་སྡུད་ལེན་བྱ་རྒྱུ་ནི་གཞན་གྱི་བརྩམས་ཆོས་རྐུ་བཤུ་བྱས་པ་མ་ཡིན་ལ། དེ་ནི་རང་གི་བརྩམས་བྱ་དེ་དག་ལས་ལེགས་པོ་ཞིག་ཡོང་ཐབས་བྱ་རྒྱུ་ལས། ཇི་མ་ཇི་བཞིན་ལད་ཟློས་བྱེད་རྒྱུའང་མ་ཡིན། མ་གཞི་ལད་ཟློས་ཞེས་པ་དེ་ཡང་སློབ་སྦྱོང་གི་ཐབས་ཤེས་ཤིག་སྟེ། རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་སྒྱུ་རྩལ་ཡོངས་རྫོགས་ཐོག་མར་དམངས་ཁྲོད་ཀྱི་རྩོམ་རིག་སྒྱུ་རྩལ་ལ་ལད་ཟློས་བྱས་པ་ལས་འཕེལ་རྒྱས་ཕྱིན་པ་ལོས་ཡིན། རྒྱུན་པར་ང་ཚོས་རྩོམ་རིག་སྒྱུ་རྩལ་ནི་འཚོ་བ་ལས་བྱུང་ཞིང་འཚོ་བ་ལས་ཚད་མཐོ་ཟེར། འཚོ་བ་ལས་བྱུང་བ་དེ་ནི་ལད་ཟློས་ཡིན་པ་དང༌། འཚོ་བ་ལས་ཚད་མཐོ་ཟེར་བ་ནི་འཚོ་བའི་ཉིང་བཅུད་སྡུད་ལེན་གྱིས་འཕེལ་རྒྱས་ཕྱིན་པ་ལ་ཟེར། སྐུ་ཞབས་ལུའུ་ཞུན་མཆོག་གིས་ཨུ་རུ་སུའི་རྩོམ་པ་པོ་གྲགས་ཅན་ཀི་ཉི་ཧྥུ་ཡི་སྒྲུང་གཏམརྔོན་པའི་ཉིན་ཐོལ་དཔེར་བལྟས་ནསསྨྱོན་པའི་ཉིན་ཐོབརྩམས་གནང་བ་ལྟ་བུའི་དཔེ་མང་ངོ༌།    ། ལྷག་པར་རང་གི་བརྩམས་ཆོས་དང་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་ཕུལ་བྱུང་བརྩམས་ཆོས་བར་ལེགས་ཉེས་ཀྱི་གཤིབ་སྡུར་བྱེད་པའི་བློ་གྲོས་ལྡན་དགོས། 
    
མགོ་འཛིན་པ། ཁྱེད་ཀྱིས་སྒྲུང་གཏམ་གསར་རྩོམ་ལ་བཟུང་བའི་རྣམ་འགྱུར་དང་རང་གིས་རང་ལ་བཟུང་བའི་རེ་བའི་སྐོར་མདོར་བསྡུས་ཤིག་གླེང་བར་ཞུ། 
བསྟན་པ་ཡར་རྒྱས། དུས་དེབ་ཀྱི་སྟེང་དུ་བཀོད་ཟིན་ཀྱང་དཔེ་དེབ་རྐྱང་བ་གདོན་མ་ཐུབ་པའི་བརྩམས་ཆོས་མང་བོ་ཡོད་ལ། དེབ་རྐྱང་པར་སྐྲུན་མ་ཐུབ་པའང་ཁ་ཤས་ཡོད། དུས་དེབ་ཀྱི་སྟེང་དུ་བཀོད་མྱོང་མེད་པའི་རྩོམ་ཡིག་ཁག་ཅིག་ཡོད་པ་དེ་རྣམས་བཟོ་བཅོས་ཀྱང་ཐེངས་ཁ་ཤས་བྱས་མོད། ད་དུང་འདོད་བློ་ཚིམས་པ་ཞིག་མེད་པས་དེ་དག་ཟླ་བ་ཁ་ཤས་སམ། ཡང་ན་ལོ་ཤས་ཀྱི་རྗེས་སུ་བསྐྱར་དུ་བལྟས་དུས་བཟོ་བཅོས་ཀྱི་བསམ་བློ་གསར་བ་རྙེད་ཀྱིན་འདུག    རང་གི་བརྩམས་ཆོས་ལ་རང་གིས་རེ་བ་ནན་མོ་བྱེད་ཀྱིན་ཡོད། དེ་སྔ་ཐོག་མར་རྩོམ་ལ་འཇུག་པའི་སྐབས་སུ་ལམ་སང་དུས་དེབ་ཀྱི་སྟེང་དུ་དགོད་རྒྱུའི་འདུན་པ་དྲག་པོ་ཞིག་གི་དབང་གིས་བཟོ་བཅོས་ཐེངས་གཅིག་གཉིས་ལས་མ་བྱས་ཤིང༌། ད་ལྟ་ཕྱིར་མིག་ལྟ་དུས་ཞན་ཆ་མང་བོ་ཞིག་མཐོང་འོངས་པས། སྒྲུང་གཏམ་ཕྱོགས་བསྒྲིགས་ཀྱི་ནང་དུ་བཏུས་མེད། 
   
མགོ་འཛིན་པ། ཁྱེད་ཀྱི་ལྟ་ཚུལ་ལྟར་ན་བོད་ཀྱི་དེང་རབས་སྒྲུང་གཏམ་རྩོམ་པ་པོའི་ཁྲོད་དུ་ཅུང་མངོན་གསལ་དོད་པོའམ་གྲུབ་འབྲས་ཆེ་བའི་རྩོམ་པ་པོ་སུ་དང་གང་དག་ཡོད། 
   
བསྟན་པ་ཡར་རྒྱས། རང་གི་ལྟ་སྟངས་ལྟར་ན་མཚོ་སྔོན་གྱི་སྐུ་ཞབས་དོན་གྲུབ་རྒྱལ(གཤེགས་ཟིན)དང༌། ཚེ་རིང་དོན་གྲུབ། སྟག་འབུམ་རྒྱལ། པད་མ་ཚེ་བརྟན། བཀྲ་ཤིས་དོན་གྲུབ། བཀྲ་བྷ་སོགས་དང༌། ཀན་སུའུ་ཡི་སྐྱབས་ཆེན་བདེ་གྲོལ། (དེང་སྐབས་དུས་ཡུན་རིང་བོ་ཞིག་གི་རིང་སྙན་ངག་ལས་སྒྲུང་གཏམ་མཐོང་རྒྱུ་མི་འདུག)སི་ཁྲོན་གྱི་ཅོ་ནེ་ཡུམ་ཚེ་རིང༌། བོད་ལྗོངས་ཀྱི་དཔལ་འབྱོར། དབངརྡོར། ཚེ་རིང་གཡང་སྐྱིད། བཀྲ་ཤིས་དཔལ་ལྡན་སོགས(དེ་དག་ནི་བོད་ཡིག་གིས་འབྲི་བའི་རྩོམ་པ་པོ་ཁོ་ནའོ)རེད་སྙམ། 
 
མགོ་འཛིན་པ། ཀློག་པ་པོ་ཁ་ཤས་ཤིག་གིས་ཐག་རིང་གི་སྦྲ་ནགཅེས་པར་ཚིག་སྦྱོར་དང༌། དེ་བཞིན་དུ་མི་སྣའི་འབྲི་བཞེང་ཐད་ལ་བོད་བྱང་ཐང་གི་ཁྱད་ཆོས་དེ་ཙམ་ཐོན་མི་འདུག་ཟེར། དེར་ཁྱེད་ལ་ལྟ་ཚུལ་ག་རེ་ཡོད། 
  
བསྟན་པ་ཡར་རྒྱས། དེ་ནི་བོད་བྱང་ཐང་གི་ལོ་རྒྱུས་དང་དམངས་སྲོལ་ལ་ཆ་རྒྱུས་མེད་པའི་ཀློག་པ་པོའི་འདོད་ཚུལ་མིན་ནམ་སྙམ། ངས་བལྟས་ནཐག་རིང་གི་སྦྲ་ནགནི་ཅུང་ལེགས་འགྲུབ་བྱུང་བའི་སྒྲུང་གཏམ་ཞིག་ཡིན་བསམས་ཡོད། རྩོམ་རིག་དཔྱད་བརྗོད་པ་མི་ཉུང་བ་ཞིག་གིས་དཔྱད་གཏམ་སྤེལ་པའི་མཚུངས་སུ་གདེང་འཇོག་ཀྱང་ཆེན་པོ་གནང་འདུག སྐུ་ཞབས་ནོ་མོའི་དཔྱད་རྩོམ་ནང་བྱང་ཐང་དམངས་སྲོལ་གྱི་མེ་ལོངཞེས་ཀྱང་བསྔགས་བརྗོད་བྱས་འདུགཐག་རིང་གི་སྦྲ་ནགལ་བོད་བྱང་ཐང་གི་ཁྱད་ཆོས་དེ་ཙམ་ཐོན་མེད་ཟེར་མཁན་ཁོ་ལའང་རྒྱུ་མཚན་ངེས་ཅན་ཞིག་བཤད་རྒྱུ་ཡོད་ངེས་པས། འབྱུང་འགྱུར་ངས་དོ་སྣང་བྱ་འོས་པའི་གནད་དོན་ཞིག་རེད། རྩོམ་རིག་ལ་སྐྱོན་བརྗོད་མེད་ན་རྩོམ་རིག་ཡར་རྒྱས་སུ་འགྲོ་མི་ཐུབ་པས། འདི་ལྟ་བུའི་བསམ་འཆར་གང་མང་ཡིག་ཐོག་ནས་ཡོད་པའི་རེ་བ་ཞུ། 
   
མགོ་འཛིན་པ། མཇུག་མཐར་ཁྱེད་ཀྱིས་སྒྲུང་གཏམ་རྩོམ་མཁན་དག་དང་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་བཞིན་པའི་ན་གཞོན་རྩོམ་པ་པོ་རྣམས་ལ་སེམས་གཏིང་གི་སྐད་ཆ་འགའ་བཤད་ན་ཅི་འདྲ་རེད། 
 
བསྟན་པ་ཡར་རྒྱས། ན་གཞོན་རྩོམ་པ་པོ་རྣམས་ཀྱིས་རྩོམ་རིག་རྨང་གཞིའི་ཤེས་བྱར་སློབ་སྦྱོང་བྱ་རྒྱུ་དང༌། རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་ལ་ལྟ་ཀློག་བྱ་རྒྱུ་ཧ་ཅང་གལཆེ། དེང་སྐབས་ན་གཞོན་རྩོམ་པ་པོ་མི་ཉུང་བ་ཞིག་གིས་རྟག་པར་རྩོམ་སྒྲིག་ཁང་དུ་ངའི་རྩོམ་ཡིག་དེ་དུས་དེབ་དང་པོའི་ཐོག་གདོན་ཐུབ་ཀྱི་རེད་དམ། ངའི་རྩོམ་ཡིག་ད་དུང་མཐོང་རྒྱུ་མི་འདུག་པས་ག་དུས་གདོན་རྒྱུ་རེད་ཅེས་འདྲི་རྩད་བྱེད་ལ། རྩོམ་ཡིག་ཡིན་པ་ཐམས་ཅད་དུས་དེབ་སྟེང་དུ་གདོན་རུང་བའི་ངོས་འཛིན་བྱེད་ཀྱིན་འདུག་པ་ནི། རང་རྩོམ་ལ་རང་གིས་དེ་ཙམ་གྱི་རེ་བ་ནན་མོ་མེད་པའི་མཚོན་ཚུལ་ཞིག་སྟེ། རེ་བར་རྩོམ་པ་པོ་རྣམས་ཀྱིས་རང་གི་རྩོམ་ཡིག་གི་གྲངས་འབོར་ལས་སྤུས་ཚད་ལ་དོ་སྣང་བྱ་རྒྱུ་གལ་ཆེ་སྙམ། (གུ་རུ་རྒྱ་མཚོ་ནི་བོད་ལྗོངས་སློབ་ཆེན་རྩོམ་རིག་སློབ་གླིང་གི་རབ་འབྱམས་སློབ་མ་ཡིན)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060