སྣ་ཚོགས་མཐོང་ཐོས་མྱོང་གསུམ།
 
《བློ་འབྱེད་ཀློག་དེབ་དཔེ་ཚོགས》ལ་ཡག་ཐོག་ཡག་བརྩེགས་ཀྱི་ཆེད་དུ་ཕུལ་པའི་གཏམ།
སྤེལ་དུས། 2011-12-21    ཡོང་ཁུངས་།    རྩོམ་པ་པོ། ཤ་བོ་ཚེ་བརྟན། 〈ལྷ་ས〉

                                                                        གླེང་གཞི། 
    
རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ལ་བསྐྱར་དུ་ཉམས་ཞིབ་དང༌། གཞན་གྱི་རིག་གནས་གསར་བའི་གྲུབ་འབྲས་ལ་ཉམས་བླངས་ཏེ། རྣམ་པར་དཀརཞིང་ཚུལ་དང་ལྡན་པའི་མིའི་འཚོ་གནས་ཀྱི་ལམ་ཁ་རང་མཚན་པ་ཞིག་གདོད་རྒྱུ་ནི། ད་ལྟའི་མི་རིགས་སམ་རྒྱལ་ཁབ་གང་རུང་གི་མ་འོངས་བྱ་གཞག་ལ་འབྲེལ་བའི་བགྱི་བ་གལ་ཆེན་གཉིས་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན། དོན་འདིའི་འགངས་ལ་དམིགས་ཏེ།༢༠༡༠ལོར། རང་རིགས་ཀྱི་རིག་པ་སྨྲ་བ་ཁ་ཤས་ཀྱིས་ལོ་རྒྱུས་ཀྱི་དྲན་སྒོ་བརྒྱང་ཆེད་དང༌། རིག་གནས་ཀྱི་རྩ་བ་བསལ་ཆེད། འཚོ་སྡོད་ཀྱི་སྙིང་བོ་ལོན་ཆེད། བྱིས་པའི་རབ་བྱེདདང་གཞོན་ནུའི་རབ་བྱེདན་གཞོནརབ་བྱེདབཅས་ཀྱིས་གྲུབ་པའི་དེབ་ཕྲེང་གསུམ་སྤྱི་ཚོགས་ཀྱི་སྒང་ལ་བཏེགས་བྱུང༌། རྒྱུ་མ་འོངས་པའི་བདགཔོར་མངོན་པའི་ཕྱི་རབས་པ་དག་གི་རིག་གནས་ཀྱིབག་ཆགས་སད་ཆེད་དམ། དཔལ་ཡོན་གྱི་དགྲ་སྲུན་ངོས་འཛིན་ཆེད། ཁེ་ཆེ་ལ་ཉེན་ཆུངབའི་རྩོམ་སྒྲིག་གི་ལས་ཀ་ནན་པོ་དེ་བདག་ཏུ་གཉེར་ནས། འབྲས་བུ་ཕྱི་རབས་པ་ག་གི་རྒྱུད་ལ་རིག་གནས་ཀྱི་གཤིསཀ་ཐུན་མོང་མ་ཡིན་པ་ཞིག་ཆགས་རྒྱུ་དང༌། མིའིརིགས་ཀྱི་འཕེལ་རྒྱས་ལ་དཔུང་བ་མཉམ་གཤིབ་ཐུབ་པའི་ཀུན་སློང་དེར་བསམས་ན། བློ་འབྱེད་ཀློག་དེབ་དཔེ་ཚོགསཀྱི་བྱུང་བ་ནི། རིག་གནས་ཀྱི་རུས་རྐང་འཚོལ་བའི་བསམ་བློའི་ལས་འགུལ་ཞིག་གི་ས་བོན་དང༌། སྔོན་གནས་རྗེས་དྲན་གྱི་རིག་པའི་བློ་འབྱེད་གསར་བ་ཞིག་གི་ཉེར་བསྡོགས་སུ་ངོས་བཟུང་ཡང་ཆོག་སྙམ། 
    
ཡིན་ནའང༌། དེང་གི་རང་རིགས་ཀྱི་བྱིས་པ་དང༌། ན་གཞོན། གཞོན་ནུ་བཅས་ཀྱིས་སློབ་གསོ་མྱོང་བའི་ཚད་དང༌། འུ་ཅག་གི་རང་བྱུང་ཚན་རིག་དང༌། སྤྱི་ཚོགས་ཚན་རིག མི་ཆོས་ཚན་རིག་དག་གི་འབྲེལ་བ་འཐུས་ཤོར་རམ་ཉོག་འགལ་ཅན་དེར་བསམ་མནོ་བཏང་ན། བློ་འབྱེད་ཀློག་དེབ་དཔེཚོགསལ་ད་དུང་རྒྱན་དུ་འགྲོ་ཞིང་དཔལ་དུ་དགེ་བའི་དོན་བྱ་འགའ་བླང་དུ་ཡོད་པར་སེམས་པས། དེའི་སྐོར་གྱི་དྲན་ཚུལ་ཙམ་ཞུ་བ་ལ། 

                                         གཅིག     ལྷ་སྒྲུང་དང་བག་ཆགས། 

ང་ཚོའི་མི་རིགས་འདིར། གདོད་མའི་དུས་སུ་ལྷ་སྒྲུང་ཤིན་ཏུ་དར་ཆེ་ཞིང༌། ཕྱིས་སུ་སྤྱི་ཚོགས་ཀྱི་རྣམ་པ་གྲུབ་རྗེས་དེ་ལ་བརྟེན་ནས་སྲིད་སྐྱོང་གི་ཐབས་ཤེས་བསྟེན་པ་ནི་ལོ་རྒྱུས་སུ་ལྷམ་མེར་གསལ། དེ་བས། ལྷ་སྒྲུང་ནི་གནའ་བོའི་དུས་སུ་རང་བྱུང་ཁམས་ལ་ངོས་འཛིན་པ་དང་དཔུང་བཀྱེ་བའི་ཐུན་མོང་གི་འདུ་ཤེས་ཤིག་ཏུ་གྲུབ་ཡོད་ལ། དུས་ཕྱིས་སུ་སྲིད་ཀྱི་ལག་ཆར་གྱུར་པས་བོད་མིའི་རྟོག་པ་དང་ཤེས་རིག་གི་འཕེལ་རྒྱས་ལ་འབྲེལ་བ་དམ་པོ་ཡོད་པར་མ་ཟད། དངོས་པོའི་གཤིས་ཀ་ལ་ཉེ་བའི་རིག་པ་ཞིག་ཀྱང་ཡིན། ཡིན་ནའང༌། བར་སྐབས་ཤིག་ནས་ལྷ་སྒྲུང་བཤད་པའི་རྒྱུན་ཆད་ལ་ཁད་དུ་ཉེ་ཞིང༌། ལྷ་སྒྲུང་ལྟ་བུའི་དོན་གྱིས་སྟོང་བཞེས་དང༌། མི་ཚེ་སྟོང་ཟད་ལ་གཏོང་ན།    ། གེ་སར་ཤོབ་སྒྲུང་ལ་ལྟོས་ཤིགཅེས་ལྷ་སྒྲུང་ལ་དམའ་ཕབ་ཅིང་འཕྱས་འདོགས་པའི་སྣང་ཚུལ་ནི་དུས་ད་ལྟའང་མཐོང་ཞིང་ཐོས། སྣང་ཚུལ་འདི་ནི་ང་ཚོ་མི་རིགས་འདིའི་ཐུན་མོང་གི་རྟོག་པ་ཉམས་བྱེད་ཀྱི་དུག་ཁུ་དང༌། འཆར་ཡན་གྱི་རྨུ་ཐག་གཅོད་བྱེད་ཀྱི་སྟ་རེ་ཞིག་ཏུ་འཁུམས་པས། ངན་རེངས་ཀྱི་བློ་སྣ་དེ་རིགས་ནི་འདུལ་བར་བླའོ།    ། 
     
ང་ཚོའི་ལྷ་སྒྲུང་ནི་ཕ་མེས་ཡང་མེས་དག་གི་གདོད་མའི་ཕུགས་བསམ་དང༌། རྟོག་པ། འཇིག་རྟེན་ལྟ་ཚུལ། རྩོམ་རིག་གི་ཐོག་མའི་རྣམ་པ་སོགས་གཞི་གཅིག་ཏུ་འདྲེས་པའི་རིག་པ་རྩ་ཆེན་ཞིག་ཡིན་པས། དེ་འདོར་བ་ནི་རང་ཉིད་འདོར་བ་ལས་མ་འདས། དེང་གི་བོད་རིགས་ཕལ་མོ་ཆེའི་རྒྱུད་ན་ལྷ་སྒྲུང་གི་རྟོག་པ་གང་རུང་ཁྱབ་ཡོད་པའང༌། མི་རིགས་གཞན་འགྱུར་དང་རིག་གནས་སིམ་འཛུལ་ལ་ཁ་གཏད་གཅོག་པའི་མི་མངོན་པའི་མཚན་མ་ཞིག་མ་ཡིན་ནམ། དེང་རབས་སྒྲུང་གཏམ་གྱི་ཁྱབ་ཁོངས་སུའང༌། པད་མ་ཚེ་བརྟན་གྱིགངསལྟ་བུའི་ལྷ་སྒྲུང་གི་རྟོག་པ་སྤྱད་དེ་བྲིས་པའི་བརྩམས་ཆོས་ཁ་ཤས་ཤིག་ཐོན་པའང་རིགས་པ་དེའི་བསྐྱེད་འབྲས་ལས་མ་འདས། དེ་བས། ང་ཚོས་ལྷ་སྒྲུང་ལ་གོ་བ་གསར་དུ་བསྐྱོན་ཏེ། ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་ལྟར་ལྷ་སྒྲུང་རིག་པའི་སྲོལ་ཕྱེ་ཞིང༌། དེ་ལ་བརྟེན་ནས་མི་རིགས་ཀྱི་གདོད་མའི་ཁྱད་ཆོས་ཏེ། བསམ་གཞིག་བྱེད་སྟངས་དང༌། རིག་པ་འཕེལ་སྟངས་སོགས་ལ་ངེས་ཤེས་དྲངས་ཏེ། མི་རིགས་ཀྱི་གཤིས་ཀ་དེ་ཉིད་སྲ་ཞིང་བརྟན་པར་གཏང་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བར་སྙམ། དོན་འདི་ལས་འཕྲོས་ན། 
     
བློ་འབྱེད་ཀློག་དེབ་དཔེ་ཚོགསལས་བྱིས་པའི་རབ་བྱེད་ལ་མཚོན་ན། སྲིད་པའི་བ་ཆུང་བཤའ་གླུལས་གཞན། རྟ་རྐྱང་དབྱེ་བའི་རབསདང༌། རྣེལ་དྲི་འདུལ་ཐབས་ཀྱི་སྒྲུངནས་ཀྱི་ས་བོན་བྱུང་ཚུལསོགས་ལ་མཆན་བུ་བཏབ་ཅིང་གོ་བདེར་བྱས་ཏེ་བཀོད་ན་སྒྲུང་གིས་སྒྲུང་གོ་ཆོད་པར་སེམས། དེ་ལས་གཞན་དུ་རབ་ཡིན་ན་གདོད་མའི་བོན་གྱི་ལྷ་སྒྲུང་ཁ་ཤས་བྱུང་ཚེ། གདོད་མའི་རིག་གནས་ཀྱི་བག་ཆགས་ཐེབས་པར་སྨན་དུ་འགྲོ་ཞིང༌། བན་བོན་གཉིས་ཀྱི་སྔ་འཁོན་ཞེ་བཞག་གི་རྩོད་པ་སྟེ། རིག་གནས་ལྟོས་བཅས་སྨྲ་བའི་དགོངས་པ་དང་མི་མཐུན་པའི་བྱེད་པ་མཚམས་བཞག་སྟེ། བན་བོན་དབྱེར་མེད་ཀྱི་འདུ་ཤེས་ལ་གནོད་བྱེད་དུ་མི་འགྲོ་བའི་རྟོག་པ་སྐྱེས་པར་ཕན་པར་འདོད་ཅིང༌། ཆོས་དང་འཇིག་རྟེན་གཉིས་ཀྱི་འགལ་འབྲེལ་ལ་དབྱེ་བ་ཅུང་ཟད་འབྱེད་པར་གནོད་བྱེད་མི་འབབ་པས། རིག་གནས་ཀྱི་རྨུ་ཐག་སྲ་མོ་ཡུལ་དུས་ཀྱི་བཀག་རྒྱ་མེད་པར་རིང་ནས་རིང་དུ་བསྲིང་ཐུབ་པར་འདོད་པ་ཡིན། 

                                                    གཉིས། ཡིག་རྙིང་དང་རྗེས་དྲན། 

ཡིག་རྙིང་ནི་ང་ཚོའི་བརྡ་རྙིང་སྟེ། བརྡ་རྙིང་བ་རྐྱང་རྐྱང་ཡང་མིན། སྐད་ཆ་དང་རྟོག་པ་གཉིས་ཀྱི་འབྲེལ་བར་གཞིགས་ནས་བཤད་ན། གནའ་བོའི་བོད་སྐད་གཟུགས་ཅན་དུ་བྱས་པའི་བརྡ་རྙིངདུ། ང་ཚོའི་ཕ་མེས་ཡང་མེས་ཀྱི་བསམ་བློ་འཁོརསྟངས་དང་དྲན་པ་བསྐྱེད་སྟངས་སོགས་མངོན་དུ་གསལ་བས། བོན་གྱི་གྱེར་ཚིག་དང་བཙན་པོའི་དུས་སྐབས་ཀྱི་རྗེ་བློན་གྱི་བར་དང༌། བློན་དང་བློན་བར་གྱི་མགུར་ཚིག་སོགས་ལ་མཇལ་ན། རྗེ་བློན་གྱི་སྣང་བརྙན་དང་ཁོ་ཚོའི་གྲགས་པའི་གཏམ་དང་བྱས་པའི་རྗེས་སོགས་ལ་ཡིད་རབ་ཏུ་ཕྱོགས་པར་ཁད་ཉེ་བས་ཡིད་དུ་བྱེད་སླ་བར་སྙམ། 
     
རྒྱ་མི་རིགས་ལ་མཚོན་ན། ཡིག་རྙིང་སློབ་དུས་ནི་བུ་བཅོལ་ཁང་དང་སློབ་ཆུང་གི་དུས་ནས་མགོ་འཛིན་ཀྱང༌། ང་ཚོ་ལ་མཚོན་ན་སློབ་གྲྭ་ཆེན་མོའི་དུས་སུ་སློབ། རྒྱ་རིགས་དང་ང་ཚོའི་བརྡ་རྙིང་ལ་གོ་དཀའ་སླ་དང་ཡིད་ལ་འཛིན་བདེ་མིན་གྱི་ཁྱད་པར་ཡོད་པ་བདེན་དུ་ཆུགས་ཀྱང༌། ང་ཚོའི་ཡིག་རྙིང་ཡང་ང་ཚོའི་མེས་པོ་གོང་མ་རྣམས་ཀྱི་སྐད་ཆ་འཁྲུལ་མེད་དུ་ཡོད་པས། དེ་ཉིད་སློབ་པར་མི་རིགས་གཞན་གྱི་སྐད་ལ་སྦྱོང་བ་ལྟ་བུའི་དཀའ་ངལགང་ནས་འབྱུང༌། དེ་བས། ང་ཚོའམ་ཕྱི་རབས་པསམཁས་པའི་ཟེར་སྒྲོས་དང༌། ལོ་རྒྱུས་རྒྱས་བཤད་སྒྲོ་བཏགས་ཅན་གྱི་རྒྱལ་བློན་ག་གེ་མོའི་དཔའ་བོའིསྣང་བརྙན་དང་མཛད་རྗེས་བློར་འཛིན་པ་ལས། ལོ་ན་ཆུང་དུས་ནསཁྱུང་བོ་སྤུངས་སད་དང་ཞང་སྣང་གཉིས་ཀྱིས་བླངས་པའི་མགུརདང༌། སྲོང་བཙན་སྒམ་པོ་དང་དབའས་དབྱི་ཚབ་གཉིས་ཀྱིས་བླངས་པའི་མགུར། བཙུན་མོ་སད་མ་དཀར་གྱིས་བླངས་པའི་མགུརསོགས་དང༌། ད་དུངཞོལ་རྡོ་རིང་གི་ཡི་གེསོགས་ལ་བག་ཆགས་དེ་ཙམ་བཞག་ན། རྒྱལ་བློན་དེ་དག་གི་དཔའ་བོའི་སྣང་བརྙན་དང༌། རིག་པའི་རྩལ་ལག མི་ཚེའི་རིན་ཐང༌། ལོ་རྒྱུས་ཀྱི་གོ་བབ་སོགས་ལ་གོ་བ་ལེན་མགྱོགས་པས། དོན་འདི་ལག་ལེན་ལ་འགེལ་རྒྱུའང་ཧ་ཅང་གལ་ཆེ་བར་སྙམ། བློ་འབྱེད་ཀློག་དེབ་དཔེ་ཚོགསལ་མཚོན་ནའང་དེ་བཞིན་རེད། བྱིས་པའི་རབ་བྱེདཀྱི་དུས་སུ་ཡིག་རྙིང་ལས་ཅུང་གོ་སླ་བ་ཅན་ཏེ། དཔེར་ན། ཏུན་ཧོང་ཡིག་རྙིང་གིསྟག་རི་སྙན་གཟིགསཞེས་པ་ལས། ཆབ་ཆབ་ནི་ཕ་རོལ་ན།    ། ཡར་ཆབ་ནི་ཕ་རོལ་ན།    ། མྱི་འི་ནི་མྱི་བུ་སྟེ།    ། ལྷ་འི་ནི་སྲས་པོ་བཞུགས།    ། རྗེ་བདེན་ནི་བཀོལ་དུ་དགའ།    ། སྒ་བདེན་གྱིས་ནི་བསྟད་ན་དགའཞེས་པ་ལྟ་བུ་དང༌། བཙུན་མོ་སད་མ་དཀར་གྱི་མགུར་ལས། ཇེ་ཉེ་ནི་ཇེ་ཉེ་ན།    ། ཡར་པ་ནི་དགུང་དང་ཉེ།    ། དགུང་སྐར་ནིསི་ལི་ལི།    ། ཇེ་ཉེ་ནི་ཇེ་ཉེ་ན།    ། གླ་སྐར་ནི་བྲག་དང་ཉེ།    ། བྲག་སྐར་ནི་སི་ལི་ལི།    ། སྔར་བ་ནི་ཆབ་དང་ཉེ།    ། གྱུར་སྲམ་ནི་པྱོ་ལ་ལཞེས་པ་ལྟ་བུ་ཅུང་གོ་བདེ་ཞིང་གཟུང་སླ་བ་ཁ་ཤས་ཤིག་བཀོད་དེ། དེར་མཆན་བུརོབ་ཙམ་འདོགས་པའམ་ལོ་རྒྱུས་ཀྱི་གནས་བབ་ཟུར་ཙམ་བསྟན་ན། སློབ་ཆུང་སློབ་མར་བརྡ་རྙིང་གི་བག་ཆགས་དང་དེ་ལས་མངོན་པའི་གནའ་རབས་ཀྱི་ལོ་རྒྱུས་ལ་ལོ་ན་ཕྲ་དུས་ནས་བག་ཆགས་ཨེན་ཙམ་འཇོག་ཐུབ་པས་ལེགས་སྙམ། དེར་མཐུད་ནས་དམའ་འབྲིང་ལ་བསླེབས་དུས་སློབ་ཆུང་ལས་དེ་ཙམ་རིང་ཞིང༌། མགུར་ཧྲིལ་བོ་ཞིག་གམ་ཡང་ན་སྒྲུང་དང་ངག་རྒྱུན་རེ་གཉིས་ཤིག་དགོད་པ། དེ་ནས་མཐོ་འབྲིང་ལ་བསླེབས་དུས། དམའ་འབྲིང་གི་རྨང་གཞིའི་སྟེང་སྒྱུ་རྩལ་གྱིས་ཕྱུག་པའི་རྗེ་བློན་བར་གྱི་མགུར་དང༌། རྡོ་རིང་གི་ཡི་གེ་དུམ་ཚན་ཁ་ཤས་ཁོལ་དུ་ཕྱུངས་ནས་བཀོད་ན། ལོ་རྒྱུས་ལ་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་ལ། ཡིག་རྙིང་གི་རྩ་བའི་ཁྱད་ཆོས་སོགས་བློར་ངེས་པས། དེ་འབྲེལ་གྱི་རིག་གནས་བག་ཆགས་ཤིག་ཀྱང་ཁོ་ཚོའི་རུས་གསེང་ལ་གཟུག་ཐུབ་པར་སྙམ། 
    
གོང་གི་བསམ་ཚུལ་འདི་ནི། བློ་འབྱེད་ཀློག་དེབ་དཔེ་ཚོགསཙམ་མ་ཟད། བོད་ཀྱི་དེང་རབས་སློབ་གསོ་པ་དང༌། བསླབ་གཞི་རྩོམ་སྒྱུར་ལ་འབྲེལ་བ་ཡོད་པའི་ཤེས་ལྡན་དག་གིས་ཀྱང་དགེ་འབྲས་རྨད་པོ་ཆེ་ཞིག་གི་ཆེད་དུ་མཉམ་བཞག་ན་སེམས་པ་ཡིན། 

                                         གསུམ། དམངས་རྩོམ་དང་ངག་སྦྱོར། 

དེང་སང༌། ང་ཚོས་འདི་མིན་ཀན་མིན་གྱི་སློབ་གསོ་ཞིག་མྱངས་པའི་ཉེར་ལེན་ལས། ལོ་ཆུང་མང་བོ་ཞིག་གིས་ཚིག་གི་དག་མ་ཐོན་པར་དོན་གྱི་གནད་སྟོན་པར་འདོད་པའི་སྣང་ཚུལ་ཞིག་འབྱུང་གིན་འདུག འདི་ནི་འུ་ཅག་ཁོ་ནའི་རྒྱུ་རྐྱེན་ཙམ་ཞིག་མིན་པ་ཁས་འཆེས་ཀྱང༌། ང་ཚོས་ཀྱང་ཁ་ཕྱིར་འཁོར་གྱིས་དོན་དེར་བསམ་བློ་གཏང་རན། 
     
དུས་རབས་གོང་མའི་ལོ་རབས༦༠པའི་ཚུན་ནས་དུས་གང་རུང་ཞིག་ཏུ་སྐྱེས་པའི་ང་ཚོར་མཚོན་ན། མེས་པོའི་ཤེས་རབ་དང༌། བློ་ཤེད། སྙིང་སྟོབས་སོགས་ལ་གཞན་དབང་དང་རང་དབང་མཉམ་བསྲེས་ཀྱིས་བར་ཐག་རིང་དུ་འགྲོ་བཞིན་འདུག་ལ། རིང་དུ་འཁྱམ་བཞིན་པའི་བར་ཐག་དེའང་ཁྱིམ་མཚེས་ལྟ་བུའི་བར་ཐག་ཅིག་མིན་པར། ཁེ་ཆུང་ལ་ཉེན་ཆེ་བའི་བར་ཐག་ཅིག་ཏུ་སྣང་བས། ཕ་མེས་ལ་ངོ་མི་མཐོ་བའི་གནས་བབ་འདིར་ཅི་འདྲའི་བློ་ཕངས་པ་ལ་ཨང༌། མི་ལོ་དྲུག་གི་སྟེང་ནས་བཟུང༌། ང་ཚོ་སློབ་གྲྭར་འགྲིམས་ཤིང༌། དེ་དང་མཉམ་དུ་ཆུ་ངན་ལམ་ཤོར་གྱི་ཚུལ་དུ་ཕ་མ་དང་གྱེས་མགོ་བརྩམས་ལ། རུ་ཁ་ནས་རིང་དུ་དེངས་ཤིང༌། དགོན་པ་དང་ཁད་ཀྱིས་གྱེས་ཏེ། འབམ་ཚོང་སྤུས་བསྒྱུར་གྱི་ལས་ལ་འཐིམ་མགོ་བརྩམས། དེའི་ཚབ་ཏུ་སློབ་ཆུང་གི་བསླབ་གཞི་སྣ་མང་བ་དག་ལ་འདྲིས་ཤིང༌། ལྷན་དུ་དབང་བོ་སྣ་ལྔའི་དྭངས་གཙང་གི་ཆུ་མིག་དེ་ཡང་ཤྭ་འོད་ཀྱི་ཟིལ་དང་འདྲེས་ཏེ་དམིགས་པ་སྟོང་བའི་ཕྱོགས་ཀྱི་ལུང་བར་ཟགས། སློབ་འབྲིང་དུ་འཕར་རྗེས། ང་ཚོའི་ལོ་ཚོད་དེ་རང་གི་མི་རིགས་ཀྱི་ལོ་རྒྱུས་ལ་བག་ཆགས་འཇོག་པའི་དུས་ཟིན་ལ། བློ་དང་རིག་པ་འཕེལ་བའི་དུས་སྐབས་བཟང་བོ་དེ་ལ་རིག་གནས་ཀྱི་རང་གཤིས་རྒྱུད་ལ་འགུག་པར་རན་དུས། ང་ཚོས་སྔོན་དུས་རྗེས་དྲན་དུ་བྱས་པའི་ལོ་རྒྱུས་ལ་མཇལ་རྒྱུ་མ་བྱུང་ཞིང༌། ཐ་ན་དཔའ་བོར་ཡིད་སྨོན་ཐུབ་པའི་ལོ་ཚོད་དེ་དང༌། ཐོས་པར་མཚར་སྣང་མོད་པའི་སེམས་ཁམས་དེ་ལ་ལོ་རྒྱུས་ཀྱི་གཏམ་རྒྱུད་ཡིད་དུ་འོང་བ་གཅིག་ཀྱང་སྦྲན་མེད་པས། ང་ཚོའི་ལམ་ངན་མུ་འབྱམས་ཀྱི་སྨུག་པ་སྟུག་པོ་དེ་མཐོ་འབྲིང་གི་བསླབ་གཞིའི་གསེང་ནས་འཕྱུར་ཞིང་འཕྱུར། སློབ་ཆེན་དུ་བསླེབས་པ་ན། རྒྱུད་ཀྱི་ཐ་རྒོད་རེངས་པ་དེ་རང་ཚུགས་ཆུ་ཡིས་གནོན་མ་ཐུབ་པརམུ་ནས་མུ་རུ་འཕྱུར་གྱིན་པ་ང་ཚོ་རང་གིས་ཀྱང་གནོན་དཀའ་བའི་ཚུལ་དུ་ལྷགས། དུས་དེ་ནས་བཟུང་རང་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ལ་འཇུག་པའི་གླགས་ཅུང་ཟད་བྱུང་ཡང༌། ཁོར་ཡུག་གི་ཟིང་ཆ་དང་ཚགས་པར་དང་དུས་དེབ་སོགས་ཀྱིས་བཏུམས་པའི་ལང་ཚོ་དེའི་དབང་གིས། ང་ཚོས་མེས་པོ་གསེར་རིའི་ཕྲེང་བའི་ཞབས་རྗེས་མཐོང་མེད་ལ། ལྡོག་སྟེ་ཁོ་ཚོའི་བློ་གྲོས་དང་ལོ་རྒྱུས་ལ་བཏགས་པའི་མི་རིགས་ཀྱི་སྲོག་གི་རྨུ་ཐག་དེའང་ང་ཚོའི་ལོ་རབས་ནས་ཆད་པའི་མགོ་བརྩམས། དེར་བརྟེན། ང་ཚོ་སྟེ་རང་ཉིད་མིན་པའི་རང་ཉིད་དེ་ཁོར་ཡུག་གི་ཟིང་ཆ་སོགས་ཀྱི་དབང་གིས་ལོ་ངོ་བཞིའི་སློབ་ཆེན་གྱི་འཚོ་བ་མཇུག་བསྒྲིལ། མཇུག་བསྒྲིལ་བའི་རྗེས་ནས། རང་ཉིད་མང་བོ་ཞིག་འཆི་བཞིན་གསོན་པར་གྱུར་ལ། དེ་ནས་བཟུང༌། མེས་པོ་ལ་ལེ་བདའ་བའི་ནད་ཡམས་ཤིག་མཐར་གྱིས་བྱུང་ཞིང༌། མེས་པོ་དང་བར་ཐག་རིང་བར་འགྱུར་བའི་ངན་ལྟས་ཀྱང་མངོན་པར་ཤར། གོང་སྨྲས་ཀྱི་གཏམ་རྒྱུད་འདི་ནི་ང་ཚོའི་འཚར་ལོངས་ཀྱི་གཏམ་རྒྱུད་ཡིན་ལ། ཡིད་སྐྱོ་བའི་གཏམ་རྒྱུད་འདི་གླེང་དོན་ཡང༌། མེས་པོ་ལ་བཀྱེད་པ་སྔ་ཞིང་བཅར་བ་འཕྱི་བའི་ང་ཚོའི་མི་རབས་འདིའི་མིག་གིས། མི་རིགས་ཀྱི་འདས་པའི་བློ་གྲོས་ཀྱི་མཛོད་དང༌། ཤེས་རབ་ཀྱི་རྩལ་ཉམས་ལེན་གྱི་གནད་མང་བོ་ཞིག་མཐོང་གིན་མེད་པས། ཐོག་མར་མེས་པོས་བཞག་པའི་ཕུན་ཚོགས་རིག་གནས་ཀྱི་ཀློང་ཡངས་པོར་མྱུལ་ཏེ། བོད་སྐད་གཙང་མ་ཞིག་དང་བོད་ཡིག་དག་མོ་ཞིག་ལ་གཞོལ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་འདུག་སྙམ། དེང་སྐབས། ང་ཚོའི་རྩོམ་རིག་བརྩམས་ཆོསདང་འགྱུར་ཡིག་མང་དག་ཅིག་གི་ནང་དུ། བྱ་ཚིག་སུམ་བརྩེགས་བཞི་བརྩེགས་ཡོད་པ་ཅན་དང༌། རྒྱ་ཡིག་གི་ཤན་ཞུགས་ཀྱིས་སུམ་ཅུ་པའི་ཐོབ་ཐང་ལྷག་མར་གྱུར་པ་དང༌། གནའ་རྩོམ་གྱི་སྐད་ཆ་ལ་འདྲིས་མེད་པས་བྱ་ཚིག་གིས་ཕོངས་ཏེ་ཚིག་ཉོག་རབ་ཏུ་ཐོན་པ་སོགས་སྐད་དང་ཡི་གེ་ལ་བསླད་འདྲེས་པ་ཚབས་ཆེ་བས། ང་ཚོས་ཐོག་མར་བོད་ཀྱི་གནའ་རབས་རྩོམ་རིག་གི་སྐད་ཆ་ལ་རྒྱུས་ལོན་དང༌། སྔ་རབས་ལོ་ཙཱ་པ་དག་གི་འགྱུར་ཡིག་ལ་དཔེར་བལྟ་བ། ལྷག་པར་སྐད་རིགས་དང་རིག་གནས་འདྲ་མིན་གྱིས་ཤན་མ་ཞུགས་པའི་དམངས་རྩོམ་གཏོས་ཆེ་བ་དག་ལ་སྦྱོང་བ་བྱེད་དེ། ཚིག་གི་དག་ཆ་གདོན་རྒྱུ་ནི་གལཆེན་ནང་གི་འགངས་ཆེན་ཞིག་རེད་བསམས། ཚུལ་འདི་ལ་གནགས་ཏེ། བློ་འབྱེད་ཀློག་དེབ་དཔེཚོགསསམ་ཡང་ན་བསླབ་གཞི་རྩོམ་སྒྱུར་གྱི་བྱེད་པ་ལྷུར་ལེན་པའི་ཤེས་ལྡན་དག་གིས། དམངས་རྩོམགྱི་སྐད་ཆའི་མཛེས་པ་གཙིགས་སུ་བཟུང་ནས་ལོ་ཆུང་དག་གི་ཁམས་དང་བསྟུན་ཏེ། དབུས་ཀྱི་དམངས་གཞས་དང་ཨ་མདོའི་ལ་གཞས། ཁམས་ཀྱི་བྲོ་གཞས་སོགས་དམིགས་བསལ་གྱིས་འོས་འཚམ་རེདགོད་ཐུབ་ན་ལེགས་སྙམ། 

                                                        བཞི།   ཞལ་ལྕེ་དང་མི་སྤྱོད། 

      དེང་གི་དུས་འདིར། མི་བསྲུན་ལས་ཀྱིས་བློ་སྣ་འཁུ་བའི་རང་རིགས་ཀྱི་སྐྱེ་བོ་ལ་ལས་ཤོ་རྒྱག་རྒྱན་འཛུགས་ཀྱིས་དུས་འདའ་བར་བྱེད་དེ། ལུས་སྐྱེས་ཕ་མ་མནར་བ་དང༌། རང་གི་མཆན་བུ་མནར་བ། སྙིང་ཕྱེད་བཟའ་གྲོགས་མནར་བ་སོགས་ཀྱིས་རྒྱུད་ཀྱི་མི་གཙང་ཐ་རྒོད་རེངས་པར་འགྱུར་བཞིན་པ་ནི་མཐོང་སྣང་དུ་ཤར་བའི་མི་སྡུག་པའི་སྣང་ཚུལ་ཞིག་རེད། སྣང་ཚུལ་འདིའི་འབྱུང་རྐྱེན་ཡང་ག་ས་གང་དུ་འགོ་བར་སླ་བའི་མིའི་རིགས་ཀྱི་ངན་སྤྱོད་བྱུར་ཤལ་ལ་འབྲེལ་བ་དང་གཅིག    རང་རིགས་ཀྱི་འཇིག་རྟེན་མི་ཆོས་ལ་གོམས་པའི་རྒན་རྒོན་ཉམས་མྱོང་ཅན་རྣམས་ཚེ་ཡི་དུས་བྱས་པས། དེ་དག་གི་བློ་གྲོས་ཀྱི་གོང་བུ་དང་མི་གཤིས་ཀྱི་གཟི་དཔལ་དྲན་པའི་སྣོད་ལས་སྟོངས་པ་དང་གཉིས། དེའི་ཉེར་ལེན་ལས་ཁྱིམ་ཚང་སློབ་གསོ་ལ་མི་མངོན་པའི་རིག་གནས་བག་ཆགས་སྲབ་པ་བཅས་ཀྱིས། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གི་ལྗིད་ནོན་ཐེབས་པའི་སྤུན་ཟླ་བྱས་ཉེས་ཅན་མང་ནས་མང་དུ་འཕེལ་བཞིན་འདུག དེ་བས། བློ་འབྱེད་ཀློག་དེབ་དཔེ་ཚོགསལ་མཚོན་ན། རང་གི་རིག་གནས་ཀྱི་ཁྱད་ཆོས་མངའ་བའི་གནའ་རབས་ཀྱི་ཁྲིམས་ཡིག་ཞལ་ལྕེ་སྟེ། སྲོང་བཙན་སྒམ་པོ་དང་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན། གཙང་པ་སྡེ་སྲིད་བསྟན་སྐྱོང་དབང་བོ་སོགས་དུས་རབས་རིམ་བྱུང་གི་སྲིད་སྐྱོང་མི་སྣས་གཏན་ལ་ཕབ་པའི་མིའི་དཔའ་སྙིང་བསྐྱེད་པ་དང༌། བྱས་ཉེས་འགོག་པ། གཙང་སྤྱོད་སྤེལ་པ། རི་རྒྱ་ཀླུང་བསྡམས། རང་གཅེས་ཁྲིམས་གཅེས་ལ་ཕན་པའི་ཁྲིམས་ཡིག་གི་དོན་ཚན་ཁ་ཤས་དགོད་ཐུབ་ན་ལེགས་པར་སེམས་བཞིན་ཡོད། དཔེར་ན། སྲོང་བཙན་སྒམ་པོའི་དུས་ཀྱི་རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས་ལྟ་བུ་དང༌། གཙང་པ་སྡེ་སྲིད་བསྟན་སྐྱོང་དབང་བོའི་དུས་ཀྱི་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གི་ནང་ཚན་དཔའ་བོ་སྟག་གི་ཞལ་ལྕེ་ལས་ཕོ་རབ་ཀྱི་གཤིས་ཀ་སློང་བར་བྱས་པའི་དཔེ་མཚོན་ཏེ། ཁྲེལ་མེད་ངོ་ཚ་བོར་བའི་གསོན་པོ་ལས།    ། བག་ཡོད་ཚུལ་དང་ལྡན་པའི་ཤི་བ་མཆོགཅེས་དང༌། ན་ནུས་འཆི་ནུས་བགྱིད་ནུས་པའི་བསམ་པ་གཅིག་ཏུ་བྱུང་བ་རྣམས་བློ་སྟོབས་ཀྱིས་སྲིད་པ་འདེགས་ནུས་པ། ང་རྒྱལ་གྱིས་ཕ་མ་ལའང་བརྡེག་ནུས་པ། ཁྱེ་ཉེན་བལ་འདབ་རྡོ་གནོན་དུ་རྩི་ཤེས་པ། འགྲོ་མཚམས་ལ་མཁས་པ། ཡིད་མི་ལྷོད་ཅིང་བློ་མི་འགེལ་བ་ཚེར་ཕུང་སྟེང་ཉལ་བ་ལྟར་གཞན་གྱི་བློ་འདྲི་འབྲུ་ལ་མཁས་ཤིང་གང་ཟེར་ལ་མི་གཏོང་བཞེས་བློ་རྣོ་ཞིང་སྙིང་ཆེ་བའི་ཕོ་ཁྱོ་གའི་རང་གཤིས་དང༌། ད་དུང་དགོན་པའི་བཅའ་ཡིག་སོགས་སུ་སྣོད་བཅུད་ཁྱབ་མཉམ་དུ་དགེ་བའི་རྩ་ཚིག་འགངས་ཆེན་ཁ་ཤས་ཡོད་པ་འོས་འཚམ་གྱིས་བཀོད་ན། གཅིག་ནས་གནའ་སྲོལ་བཟང་བོ་རྒྱུད་འཛིན་དང༌། གཉིས་ནས་མི་སྤྱོད་བཟང་བོ་རང་ཆགས། གསུམ་ནས་དངོས་ཡོད་འཚོ་ཚིས་རྒྱས་པའི་རྐྱེན་དུ་འགྲོ་བར་སེམས་པས་ཡིན། 

                       ལྔ།    རྟོགས་བརྗོད་འདུན་ལེགས་མ་དང་གསར་གཏོད་ཀྱི་ཉམས་མྱོང༌། 

འདིར་བརྗོད་པའི་རྟོགས་བརྗོད་འདུན་ལེགས་མ་ཞེས་པ་ནི་གཙོ་བོདང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།    ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།    ། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།    ། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོསཞེས་པའི་ཤོ་ལོ་ཀ་འདི་ལ་དམིགས་ནས་བཤད་པ་ཡིན། 

དེང་སང༌། རྒྱལ་ཁབ་ཕྱི་ནང་ཀུན་ཏུགསར་གཏོད་ཅེས་པ་ནི་མི་རིགས་དང་རྒྱལ་ཁབ་གང་གི་འཕེལ་རྒྱས་ཀྱི་རྩ་བའི་བྱེད་པར་རྩི་བཞིན་ཡོད། 

མདོར་ན། ཤེས་བྱ་གང་རུང་གི་ཁྱབ་ཁོངས་སུ་གསར་གཏོདནི་གཙིགས་དང་སྲོག་ལྟ་བུར་ཤེས་རྟོགས་བྱེད་བཞིན་མཆིས། ང་ཚོར་མཚོན་ནའང་དེ་བཞིན་རེད། གསར་གཏོདཅེས་པ་ཀུན་གྱི་ཁ་ན་རླུང་ལྟར་གྲགས་ཏེ་ཡོད། དོན་གྲུབ་རྒྱལ་གྱིས་ཀྱང་གསར་བྱུང་གི་སྟོབས་ཤུགས་མེད་པ་ཡིན་ན། རྒྱ་མཚོ་ཡིན་ཀྱང་རུལ་བར་འགྱུར་ལ། གསར་གཏོད་ཀྱི་སྙིང་སྟོབས་མེད་པ་ཡིན་ན། གསར་བ་ཡིན་ཀྱང་སྙིང་བོ་ག་ལ་ཡོད་ཅེས་གྲགས་པའི་གཏམ་བྱས་མྱོང༌། གསར་གཏོདཀྱི་རྣམ་བཤད་ལ་ཐོག་མར་གནད་དོན་འཚོལ་བ་དང༌། བར་དུ་དེ་ཉིད་ཐག་གཅོད་བྱེད་ཀྱི་ཐབས་དང་ཤེས་རབ་བསྟེན་པ། མཐའ་མར་གནད་དོན་དེ་ཉིད་ཐག་བཅད་དེ་བྱུང་བའི་སྙིང་བོ་རྡོག་རྡོག་དེས་སེམས་ཅན་ལ་ཕན་འདོགས་པ་དེ་རེད། ང་ཚོསགསར་གཏོད་ཅེས་པ་བརྒྱ་བཤད་སྟོང་བཤད་དུ་ཡོད་པ་ནི་ཤིན་ཏུ་དགའ་འོས་པའི་དོན་དག་ཅིག་ཡིན་ཀྱང༌། དོན་དེ་ཉིད་དཔེ་གསོན་པོ་ཞིག་གི་སྟེང་ནས་མི་རྣམས་ལ་གོ་བར་བྱེད་མཁན་ནི་ཅུང་ཉུང་ཚོད་དུ་འདུག

འདིར་དྲངས་པའི་གསར་གཏོད་ཀྱི་ཉམས་མྱོང་བཞེས་མཁན་ནི་རྗེ་བློ་བཟང་གྲགས་པ་ཡིན། ཁོང་ཉིད་མི་ཞིག་ཡིན་པའི་ཆ་ནས ། དང་པོ་རྒྱལ་ཁམས་འགྲིམས་ཏེ་གྲུབ་མཐའ་རིས་མེད་ཀྱི་ལྟ་གྲུབ་ལ་སྦྱང་བ་ནན་ཏན་མཛད་པ་དང༌། བར་དུ་གཞུང་ལུགས་ཕུན་ཚོགས་ཀྱི་སྙིང་བོར་བསྲེག་བཅད་བརྡར་གསུམ་གྱིས་སྔ་མའི་རྨང་གཞི་ལ་དཔལ་བསྣན་པས་རྒྱལ་བསྟན་རྒྱས་པའི་དགེ་འབྲས་ཐོན་པ་སྟེ། བྱེ་བྲག་གིས་བཤད་ན་སེམས་ཅན་སྐྱིད་པའི་རྒྱུ་རུ་ཕུལ་པ་རེད། དེ་བས། རྗེ་བློ་བཟང་གྲགས་པ་ལྟ་བུ་རང་གི་མི་ཚེའི་སྙིང་བོ་སྨིན་ཕྱིརགསར་གཏོདཀྱི་གོ་ཆ་ལྷུར་བཞེས་ཏེ། སེམས་ཅན་ལ་ཕན་འདོགས༌མཛད་པ་ནི་ང་ཚོའིགསར་གཏོདཀྱི་དཔེ་ཅན་དུ་བཞག་ན་སེམས། ཁོང་གིགསར་གཏོདཀྱི་ཉམས་མྱོང་དེ་ལྟ་བུ་ནི། ཆོས་དང་འཇིག་རྟེན་གང་རུང་གཉེར་བའི་མི་སུར་མཚོན་ན་གལ་ཤིན་ཏུ་ཆེ་བར་སྙམ་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། རྗེ་བློ་བཟང་གྲགས་པ་ནི་བོད་མི་ཀུན་ལ་བག་ཆགས་ཆེས་ཟབ་པའི་སྐྱེས་བུ་ཞིག་རེད་ལ། ང་ཚོས་བགཆགས་དེར་བརྟེན་ནས་འཇིག་རྟེན་གྱི་བྱ་བ་རྩོམ་དུས། གསར་གཏོདཀྱི་ཐབས་དང་ཤེས་རབ།   སྙིང་བོ་སོགས་ལོ་ཆུང་དག་ལ་གོ་བར་བྱས་ན་ཉི་མ་མེ་གྲོགས་སུ་འགྱུར་བར་སྙམ། རྒྱུ་མཚན་ནིགསར་གཏོདཀྱི་ཉམས་མྱོང་དེ་ཆོས་དང་འཇིག་རྟེན་གང་རུང་ལ་འགྲོ་བས་སོ། ། 
    
དེ་བས། རྗེ་བློ་བཟང་གྲགས་པ་ཁོང་ཉིད་ཆོས་བྱེད་མི་སྣ་གཅིག་པོའི་འདུ་ཤེས་ལས་ཐར་བར་བྱས་ཤིང༌། མི་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་མི་ཚེའི་འདུན་མ་ཇི་ལྟར་མངོན་དུ་གྱུར་པའི་ཐབས་དང་ཤེས་རབ། ཉམས་མྱོང་ལ་སློབ་སྦྱོང་བྱེད་རྒྱུ་གལ།  དེ་ལྟར་རྟོགས་བརྗོད་འདུན་ལེགས་མའི་ནང་གི་ཤོ་ལོ་ཀ་དེ་ཉིད་ལོ་ཆུང་དག་ལ་ཀུན་སློང་ཡང་དག་གིས་སྤྲོས་ན་ཧ་ཅང་ཤིས་པར་སྙམ། 

                                                        དྲུག    གཞན་དག

གནམ་རིག་སྐར་རྩིས་ཀྱི་སྐོར། 

དེང་གི་ཆར། བོད་ཀྱི་སྐར་རྩིས་རིག་པ་འདི་ཉིད་དགོན་སྡེ་མ་གཏོགས་རྨང་བརྟན་པའི་སློབ་སའི་ཁོར་ཡུག་ཅིག་མེད་ལ། སློབ་ཆེན་དག་ན་རིག་པ་འདི་ཉིད་ལ་འཇུག་འདོད་པའི་སློབ་མ་བླ་ལྷག་གིས་ཉུང་བས། ཤེས་བྱ་འདི་ཉིད་ཀྱི་རྩ་བའི་རིག་པ་དང་དགེ་མཚན། ཁྱད་ཆོས་སོགས་ལ་རིག་པའི་དཔུང་འདེགས་མཁན་ཡང་སྐྱོ་བའི་གནས་སུ་འདུག དེར་བརྟེན། བུ་སྟོན་རིན་ཆེན་གྲུབ་དང་མཁས་གྲུབ་རྗེ།  གྲ་ཕུག་པ་ལྷུན་གྲུབ་རྒྱ་མཚོ། མཁས་གྲུབ་ནོར་བཟང་རྒྱ་མཚོ། སྨིན་གླིང་ལོ་ཆེན་ངྷརྨ་ཤྲཱི།   སྡེ་སྲིད་སངས་རྒྱས་རྒྱ་མཚོ། བཙན་པོ་ནོ་མོ་ཧན་བསྟན་འཛིན་འཕྲིན་ལས། ཕྱག་མཛོད་གསུང་རབ། བྲག་དགོན་པ་བསྟན་པ་རབ་རྒྱས། མཱ་ཡང་བཟོད་པ་རྒྱ་མཚོ་སོགས་སྐར་རྩིས་སྨྲ་བ་དག་གི་གཞུང་བསྡུས་སམ། ཁོང་ཚོས་སྐར་རྩིས་ལ་བློ་བརྩོན་བསྐྱེད་པའི་ལོ་རྒྱུས་ཐུང་ངུའམ། སྐར་རྩིས་ཀྱི་རྩ་བའི་རིག་པ་སོགས་ངོ་སྤྲོད་ཀྱི་ཚུལ་དུ་ཞུས་ན། རིག་གནས་གྲ་རྒྱས་སུ་འགྲོ་བར་ཕན་པར་སེམས་ལ། ལོ་ཆུང་དག་གི་ཤེས་བྱའི་རྒྱ་ཡང་བསྐྱེད་ནུས་པར་འདོད། 

༢  ཡིག་བསྐུར་རྣམ་གཞག་གི་སྐོར། 

ཡིག་བསྐུར་རྣམ་གཞག་སྤེལ་པ་ནི་གནའ་དུས་བཟང་བོའི་རིང་གི་ཤེས་བྱ་གཙིགས་ཆེན་ཞིག་རེད། 
     
དུས་ད་ལྟ་ཚན་རིག་གི་ལག་ཆ་མང་བོས་ཤེས་བྱ་དེ་ཉིད་ཀྱི་ཚབ་བགྱིས་པས་སྟབས་བདེ་བོར་ཆགས་ཡོད། ཡིན་ནའང༌། ང་ཚོས་རྟག་ཏུ་མི་རིགས་གྲངས་ཉུང་གི་སྐད་ཡིག་བེད་སྤྱོད་པའི་རང་དབང་ལ་སེམས་ཤུགས་འདོན་བཞིན་ཡོད། བརྒྱ་ལ་གལ་ཏེ་བོད་ཡིག་གི་ལས་ཁུངས་དག་ནས་སྔོན་གྱི་འཕྲིན་སྤེལ་ཕྱག་སྲོལ་ལ་འཇུག་དགོས་ཚེ། ལྟེབས་ཕྱོགས་རྒྱ་སྡེམས་བྱེད་ཚུལ་དང༌། ཡིག་བཟོས་དངོས་གཞི་བྲི་སྟངས། མགོ་གཤམ་བརྗོད་བྱ་འགོད་སྟངས་ལ་ལག་ལེན་ཨེ་ཡོང་སྙམ་པའི་དཔྱངས་ཐག་འཛིན་པས་ན། ཤེས་བྱ་འདིར་མངོན་ལྐོག་གང་རུང་གིས་འདུས་པའི་མིའི་གུས་ལུགས་དང་སྤྱོད་བཟང་རྒྱུད་དུ་འདྲོང་ན་སེམས་པ་ཡིན། དེ་བས། བིས་པ་མི་ཕམ་ཟླ་བ་དང༌། ཚེ་ཏན་ཞབས་དྲུང༌། བཀའ་དྲུང་ནོར་རྒྱས་ནང་པ་ཚེ་རིང་དབང་འདུས་སོགས་ཀྱི་ཡིག་བསྐུར་རྣམ་གཞག་དང༌། དཔེ་བརྗོད་ལག་ལེན་ལ་ཅུང་ཟད་ངེས་ཤེས་བྱུང་ན་བཟང་ཞིག་ཨེ་ཐོགས་སྙམ་པའོ།    ། 
      
གོང་སྨྲས་ཀྱི་བསམ་ཚུལ་དེ་དག་ལས། ཁ་ཤས་ཤིགབློ་འབྱེད་ཀློག་དེབ་དཔེ་ཚོགསཀྱི་རྩོམ་སྒྲིག་གི་རྩ་དོན་དང་བར་ཐག་རིང་བས་འོས་སུ་མི་ཆེ་བ་དང༌། ཁ་ཤས་ཤིག་རྒྱུ་རྐྱེན་གང་རུང་གིས་དགོད་ས་མི་འགྲོ་ནའང༌། རང་གི་ཀུན་སློང་ཡང་དག་གིས་བསྐུལ་བ་ལགས་ཤིང༌། བསམ་ཚོད་ཅི་རིགས་རིས་སུ་ཕབ་པ་ཡིན། ཆེད་དུ་གསོལ་རྒྱུ་ཞིག་ནི། བསམ་ཚུལ་འདི་དག་བྱེ་བྲག་གིསབློ་འབྱེད་ཀློག་དེབ་དཔེ་ཚོགསལ་བློ་རྩིང་བོས་བསྙད་པ་མ་གཏོགས། སྤྱི་ཕྱོགས་ནས་འོ་སྐོལ་ཐུན་མོང་གིས་བརྟག་བྱར་ནན་ཏུར་དུ་ཕུལ་པ་ལགས་སོ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060